གཙོ་ངོས།>> དེང་རབས་མི་སྣ།>>མཁས་པའི་དབང་པོ།

ཨུ་རྒྱན་དོན་གྲུབ་དང་བདེ་ཆེན། རྩོམ་སྒྲིག་པ།དབང་ཆེན།ཡོང་ཁུངས།ངེད་དྲ་བ། སྤེལ་དུས། ༢༠༡༤ལོའི་ཟླ་བ་༠༦ཚེས་༢༦ཉིན།

དཔལ་ལྡན་ཉི་མ།

 
    བོད་ཀྱི་སློབ་གསོ་བ་ཆེན་མོ་ཞེས་མཚན་གྱི་སྙན་པ་ཕྱོགས་བཅུའི་ཐ་གྲུ་ཀུན་ཏུ་ཁྱབ་པའི་སློབ་གསོ་རིག་པའི་རབ་འབྱམས་པའི་སློབ་དཔོན་ཐོག་མ་དཔལ་ལྡན་ཉི་མ་ནི་མཆོག་ནི་སྤྱི་ལོ་1958ལོར་མདོ་སྨད་ཤར་རྒྱལ་མོ་རོང་གི་ས་ཡི་ཆར་གཏོགས་རོང་བྲག་རྫོང་གི་ཁྱིམ་ཚང་དཀྱུས་མ་ཞིག་གི་ཁྱིམ་རྒྱུད་དུ་སྐུ་འཁྲུངས།ཆུང་དུས་ནས་དཀའ་ཁག་གི་བརྒྱུད་རིམ་མང་པོ་ཞིག་གི་ཁྲོད་ནས་ནར་སོན་བྱུང་བས་དཀའ་ཚེགས་ལ་མི་འཛེམ་པའི་སྙིང་སྟོབས་ཤིག་མཆིས་པ་མ་ཟད།བྱ་བ་གང་ལ་ཞུགས་ཀྱང་ནན་ཏན་ཆེ་ལ་ཞིབ་ཚགས་ལྡན་པའི་ལྷན་སྐྱེས་ཡ་རབས་ཀྱི་གཤིས་ཀ་ཞིག་ཀྱང་མཆིས།ལོ་ཡི་འཁོར་མོ་རིམ་གྱིས་བརྒལ་ནས་སློབ་ལོ་རན་པའི་དུས་ཚོད་དང་བསྟུན་ཏེ་སློབ་གྲྭ་རིག་པའི་སྒོ་ཐེམ་བརྒལ་རྒྱུའི་གོ་སྐབས་གསེར་འདྲ་བ་དེ་ཐོབ་པ་དང་།སྐྱེས་སྟོབས་ཤེས་རབ་ཀྱི་རྟ་མཆོག་ལ་སྦྱང་སྟོབས་བརྩོན་པའི་ལྕག་གིས་བསྐུལ་ཏེ་སློབ་ཆུང་ནས་དམའ་འབྲིང་བར་དུ་འཛིན་གྲྭ་ཁག་ནས་ཕུལ་བྱུང་གི་སྦྱངས་འབྲས་རྐྱང་རྐྱང་ཐོབ་པས་དགེ་རྒན་དང་སློབ་གྲོགས།ཡུལ་མི་སོགས་ཀྱིས་བསྟོད་པའི་མཐེ་བོང་བསྒྲེངས་ཏེ་གཟེངས་སུ་བསྟོད།དམའ་འབྲིང་མཐར་ཕྱིན་རྗེས་དམངས་བཙུགས་སློབ་གྲྭའི་དགེ་རྒན་དང་ཞིང་སྡེའི་སྐར་འགོད་པའི་བྱ་བའི་འགན་བཞེས།རང་འཁྲིའི་ལས་ཀའི་ཞོར་གྱི་ཁོམ་ལོང་གི་དུས་ཚོད་དག་ཆུད་ཟོས་སུ་མ་བཏང་བར་ཤེས་རིག་གི་སྦྲང་རྩི་ལ་ཚིམ་མེད་དུ་རོལ་བས་ཕུལ་བྱུང་གི་གྲུབ་འབྲས་ཀྱིས་སྤྱི་ལོ1978ལོར་དར་མདོ་མི་རིགས་འབྲིང་རིམ་དགེ་འོས་ཆེད་གཉེར་སློབ་གྲྭར་རྒྱུགས་འཕྲོད།སློབ་གྲྭ་དེ་ག་ནས་དགེ་བའི་བཤེས་གཉེན་དག་གི་སློབ་གསོའི་མན་ངག་ལ་རོལ་ཅིང་ཤེས་བྱའི་བདུད་རྩིའི་གནས་ལ་སྐོམ་པས་ཆུ་འདོད་ཀྱིས་འཇུག་པས་ཤེས་རིག་གི་རྨང་གཞི་བརྟན་པོ་ཆགས་པ་མ་ཟད།སློབ་སྦྱོང་གི་གོ་རིམ་ཁྲོད་ནས་མི་དམངས་དགེ་རྒན་ཞིག་ལ་འཛོམས་དགོས་པའི་ཆ་རྐྱེན་དང་སློབ་གསོའི་བྱ་བཞག་གིས་ཞིང་འབྲོག་གི་བྱིས་པ་ཚོ་ཅི་ལྟར་སྐྱེད་སྲིང་བྱེད་དགོས་པའི་གནས་ལུགས་རྟོགས།བགྲང་བ་ཧྲིལ་པོ་གཉིས་ཀྱི་སློབ་སྦྱོང་གི་དུས་ཡུན་མཇུག་རྫོགས་རྗེས་ལྗིད་ཏིག་ཏིག་ལས་འགན་ལྕི་མོ་སེམས་སུ་ཉར་བཞིན་ཕྱི་ཕ་ཡུལ་དུ་ལོག་ནས་རྫོང་སློབ་འབྲིང་གཉིས་པ་རུ་དགེ་རྒན་གྱི་འཕྲིན་ལས་སྒྲུབ་བའི་ལས་ལ་ཞུགས་ཏེ་མི་རབས་རྗེས་མ་སྐྱེད་སྲིང་གི་མཛད་འཕྲིན་གྱི་རྒྱུན་བསྐྱངས།དེ་ལྟར་ཁོང་གིས་ཆོད་སེམས་བརྟན་པོས་མི་རིགས་སློབ་གསོའི་ལས་དོན་གྱི་མཛད་པ་ལ་གཞོལ་གྱིན་པའི་ཉིན་ཞིག་ལ།སུའུ་ལེན་གྱི་སློབ་གསོ་བ་གྲགས་ཆེན་ཁོ་ལུའུ་ཕུའུ་ཧྲི་ཁ་ཡཱ་ཡིས་མཛད་པའི་༼སློབ་གསོའི་ལོ་རྒྱུས༽ཞེས་པའི་དཔེ་ཆ་ཞིག་ལག་སོན་བྱུང་བས།དཔེ་ཆ་དེས་ཁོང་ལ་བླ་ན་མེད་པའི་བློ་སྐྱེད་བསྩལ་ཡོད་དེ་རིག་གནས་སློབ་གསོའི་དགོས་མཁོའི་རང་བཞིན་དང་། རིག་གནས་མེད་པའི་དཀའ་ཁག་སོགས་ཕྱོགས་མང་པོ་ཞིག་ནས་ཤེས་རྟོགས་བྱུང་བས། ཁོང་གིས་མི་རིགས་སློབ་གསོ་ལ་ཕྱོགས་པའི་ཕུགས་ཀྱི་འདུན་མ་རིང་དུ་བརྐྱངས་བའི་གོ་རྟོགས་རྙེད་ཐུབ་པ་བྱུང་། ཕ་ཡུལ་དབུལ་ཕོང་གི་འགག་སྒོ་ལས་ཐར་དགོས་ན་ངེས་པར་དུ་སློབ་གསོ་ལ་གཙིགས་སུ་འཛིན་ཏེ་དེང་རབས་རང་བཞིན་གྱི་ཤེས་བྱ་མང་པོ་ཞིག་རྟོགས་དགོས་པའི་ངེས་ཤེས་རྙེད་དེ།ཁོང་གིས་ཕྱོགས་གཅིག་ནས་མི་རིགས་སློབ་གསོའི་བྱ་བཞག་མིག་འབྲས་བཞིན་སྲུང་ཞིང་འབད་པས་བསྒྲུབས་པ་དང་།ཕྱོགས་གཞན་ཞིག་ནས་ཤེས་བྱ་མང་པོ་ཞིག་ལ་རང་སྦྱོང་གི་བརྩོན་པ་མ་འདོར་བས།ཁྲུང་ཆིང་སློབ་གསོ་སློབ་གླིང་དུ་ཞུགས་ཐུབ་པ་བྱུང་བ་དང་དེ་རྗེས་ཕུལ་དུ་བྱུང་བའི་སྦྱངས་འབྲས་ཀྱིས་ལྷོ་ནུབ་དགེ་འོས་སློབ་ཆེན་དུ་བགྲང་བྱ་གསུམ་གྱི་རིང་ལ་འབུམ་རམ་པའི་སློབ་གཉེར་དཔྱིས་ཕྱིན་པ་བྱས་ཏེ་སྤྱི་ལོ1992ལོར་འབུམ་རམ་པའི་ཐོབ་ཐང་བླངས་བ་དང་ཆབས་ཅིགནུབ་བྱང་དགེ་འོས་སློབ་ཆེན་དུ་རབ་འབྱམས་པའི་སློབ་གཉེར་ལ་ཞུགས།བགྲང་བྱ་གསུམ་གྱི་རབ་འབྱམས་པའི་སློབ་གཉེར་གྱི་འཚོ་བའི་ཁྲོད་ནས་ཁོང་གིས་དུས་ཚོད་སྐར་ཆ་གཅིག་ཀྱང་ཆུད་ཟོས་སུ་མ་བརླགས་པར་མི་རིགས་སློབ་གསོའི་རིག་གཞུང་ལ་ཞིབ་འཇུག་དང་།མི་རིགས་རང་ཉིད་ཀྱི་ཁྱད་ཆོས་གཙོར་འཛིན་གྱིས།ཤེས་རིག་རིག་པ་དང་མིའི་རིགས་རིག་པ།རིག་གནས་སེམས་ཁམས་རིག་པ་དང་སྤྱི་ཚོགས་སེམས་ཁམས་རིག་པ།དཔལ་འབྱོར་རིག་པ།སེམས་ཁམས་རིག་པའི་འཕེལ་རྒྱས་ཀྱི་གཙོ་གནད་སོགས་ལ་ཞིབ་འཇུག་གཏིང་ཟབ་པ་བྱས་པས།ཁོང་གི་ཀླད་པའི་བང་རིམ་ནས་མི་རིགས་སློབ་གསོའི་ཁྲག་རྒྱུན་འཁོར་ཏེ་སློབ་གསོའི་ངོ་བོ་ནི་མིའི་རིགས་འཚོ་སྡོད་ལ་དགོས་ངེས་ཀྱི་ཟུངས་ཁྲག་ཅིག་ཡིན་པས་དཔལ་འབྱོར་རམ་ཆབ་སྲིད་གང་རུང་ཞིག་གི་བྱ་འགུལ་ཙམ་མིན་པའི་ངེས་ཤེས་རྙེད་དེ།སློབ་གསོ་རིག་པར་ཞིབ་འཇུག་བྱས།མི་རིགས་སློབ་གསོ་ཐད་ལ་རང་ཉིད་ཀྱི་ལྟ་བ་གསར་གཏོད་བྱས་པས།སློབ་གྲྭ་ཆེན་མོ་དེ་ག་ནས་བོད་ཀྱི་བུ་ཆུང་ཞེས་དགེ་རྒན་རྣམས་ཀྱི་སྤྱན་སྔར་དང་སློབ་གྲོགས་ཚོའི་དཔུང་གྲལ་དུ་གོ་རྒྱུ་ཚོར་རྒྱུ་ཅན་ཞིག་ཏུ་གྱུར།
     སྤྱི་ལོ1995ལོར་ཁོང་གིས་ནུབ་བྱང་དགེ་འོས་སློབ་གྲྭ་ཆེན་མོ་ནས་སློབ་གསོ་རིག་པའི་རབ་འབྱམས་པའི་ཐོབ་ཐང་བླངས་ཏེ་སི་ཁྲོན་ཞིང་ཆེན་མི་རིགས་དོན་གཅོད་ཨུ་ཡོན་ལྷན་ཁང་དུ་བྱ་བར་ཞུགས།རྗེས་སུ་སི་ཁྲོན་དགེ་ཐོན་སློབ་ཆེན་དུ་སློབ་གསོའི་བྱ་བ་གཉེར་བའི་མགོ་བརྩམས་ཏེ།བགྲང་བྱ་གཉིས་ཀྱིས་དགེ་རྒན་ཆེན་མོ་དང་རབ་འབྱམས་པའི་སློབ་དཔོན་སོགས་ཀྱི་ལས་ཐོབ་བླངས་པ་དང་སློབ་གསོ་ཚན་རིག་ཞིབ་འཇུག་སྡེ་ཁག་གི་སྡེ་གཙོ་དང་སློབ་གསོ་སློབ་གླིང་གི་གླིང་གཙོ་སོགས་ཀྱི་བྱ་བའི་ལས་འགན་ལྕི་མོ་ཕྲག་ཏུ་བཞེས། མཛད་འཕྲིན་དེ་དག་གི་ཞོར་དུ་ལྷོ་ནུབ་སློབ་གྲྭ་ཆེན་མོའི་རབ་འབྱམས་པའི་སློབ་དཔོན་དང་།སི་ཁྲོན་ཞིང་ཆེན་བོད་ཡིག་སློབ་གྲྭའི་གདན་ཞུའི་དགེ་རྒན་ཆེན་མོ་དང་།ཞིང་ཆེན་གསུམ་གྱི་སློབ་མའི་མི་གྲངས་ཉིས་སྟོང་ལ་ཉེ་བའི་སི་ཁྲོན་མཛོད་དགེ་ཐང་སྐོར་སྡེ་ཡུལ་ཚོའི་ལྟེ་གནས་སློབ་ཆུང་གི་མཚན་འཛིན་སློབ་གཙོ་སོགས་ཀྱི་ལས་འགན་ལྕི་མོ་ཕྲག་ཏུ་བཞེས་པ་མ་ཟད།ཁོང་གིས་ང་ནི་བོད་རིགས་ཤིག་ཡིན་པ་མ་ཟད་མི་དམངས་དགེ་རྒན་ཞིག་ཀྱང་ཡིན་པའི་ཆ་ནས་རང་ཉིད་ཀྱི་ཡོད་ཚད་མི་རིགས་འདིའི་མི་རབས་རྗེས་མ་ཚོར་ཕུལ་དགོས་པ་ནི་སྨྲོས་མ་དགོས་ཞེས་གསུངས་པ་དང་།དབྱར་གནང་དང་དགུན་གནང་གི་དུས་ཚོད་བེད་སྤྱད་དེ་ཁོང་ཉིད་སྐུ་དངོས་སུ་ཞབས་ཀྱིས་བཅགས་ཏེ་དཀར་མཛེས་ཁུལ་དང་རྔ་བ་ཁུལ་སོགས་བོད་ཁུལ་གྱི་སློབ་གསོ་རྗེས་ལུས་ཡིན་པའི་ས་ཁུལ་དག་ཏུ་ཕེབས་ཏེ་སློབ་གསོའི་གནས་ཚུལ་ལ་རྒྱུས་ལོན་དང་ཞིབ་འཇུག་བྱས་ཏེ་མི་རིགས་ས་ཁུལ་གྱི་སློབ་གསོ་འཕེལ་རྒྱས་ལ་ཐབས་ཇུས་བཟང་པོ་གསར་གཏོད་མཛད་པ་དང་།མི་རིགས་ས་ཁུལ་གྱི་འབྱོར་བའི་ཆ་རྐྱེན་ཞན་པའི་སློབ་གྲྭ་ཆུང་འབྲིང་ཁག་ལ་ཁྲིད་དེབ་དང་སློབ་གྲྭའི་སྒྲིག་ཆས་སོགས་རིན་གོང་དམངས་སྒོར་ཁྲི་བརྒྱ་ཕྲག་མང་པོས་འགྲོ་སོང་བཏང་ཏེ་ཞལ་འདེབས་སུ་ཕུལ་བ་སོགས་ལུས་སེམས་གཉིས་ཀྱིས་མི་རིགས་སློབ་གསོའི་ལས་དོན་ལ་འབད་པ་བཞེས་བཞིན་པའི་སྒང་ལགས་སོ། །
སློབ་གསོའི་དབྱིངས་རིམ་གྱི་མཁའ་ལམ་ནས་ནམ་འཕང་གཅོད་པའི་བྱ་རྒོད་པོ་བཞིན་ཁོང་ལ་མཚོན་ན་སློབ་སྦྱོང་ནི་རྫོགས་མེད་ཀྱི་ཆུ་བོའི་རྒྱུན་བཞིན་ཡིན་པའི་གནས་ལུགས་རྟོགས་ཏེ་མུ་མཐུད་དུ་དབྱིན་ཇིའི་ལོན་ཏོན་སློབ་ཆེན་ནས་སློབ་སྦྱོང་གནང་བ་དང་།ནོ་ཝས་ཐུ་ལོ་མུས་སློབ་གླིང་དང་ཤང་ཀང་སློབ་གྲྭ་ཆེན་མོ།ནོ་ཝས་ཨོ་སི་ལོ་སློབ་གྲྭ་ཆེན་མོ་སོགས་འཛམ་གླིང་ན་གྲགས་ཆེ་བའི་སློབ་གླིང་དུ་མར་ཕེབས་ཏེ་བོད་ཀྱི་རིག་གནས་སློབ་གསོ་དང་དཔལ་འབྱོར་བཅས་ཕྱོགས་ཀྱི་རིག་གཞུང་སྙན་ཞུ་ཕུལ།1995ལོར་ཁ་ན་ཏ་ཏོ་ལུན་ཏོའི་སློབ་གྲྭ་ཆེན་མོར་འཆད་ཁྲིད་མཛད་ཞོར་དུ་ཀྲུང་གོ་དང་ཁ་ན་ཏ་མཛའ་མཐུན་ལས་ཚན་CIDAརོགས་སྐྱོར་སྡེ་ནས་ཀྲུང་གོའི་ནུབ་རྒྱུད་གྲངས་ཉུང་མི་རིགས་ཀྱི་གྲོང་སྡེའི་བསླབ་གཞི་ཞིབ་འཇུག་གི་ལས་ཚན་ཇུས་འགོད་མཛད་ཅིང་ལས་ཚན་དེའི་ཀྲུང་གོའི་ཕྱོགས་ཀྱི་དབུ་འཛིན་པའི་འགན་བཞེས།2002ལོར་ཨ་རིའི་ཧྭ་ཧྲིན་ཏུན་ཏུ་ཕེབས་པ་དང་ཧུ་པུའུ་ལེ་ཐུFULBRIGHTཐེབས་རྩ་ཚོགས་པས་ཁོང་ལ་དུས་རབས་གསར་བའི་འཛམ་གླིང་གི་རིག་པ་སྨྲ་བ་ཞེས་པའི་མཚན་སྙན་དང་རྟགས་མ་གནང་།མཛད་འཕྲིན་གྱི་ཞོར་དུ་སློབ་གསོ་སྐོར་གྱི་གསུངས་རྩོམ་པོ་ཏི་མང་པོ་བརྩམས་ཏེ་པར་དུ་བསྐྲུན་པ་དང་2000ལོར་བོད་ཀྱི་སློབ་གསོའི་བགྲོད་ལམ་ཞེས་པར་སློབ་གསོ་པུའུ་ཡིས་མི་ཚུལ་སྤྱི་ཚོགས་ཚན་རིག་གི་དགའ་རྟགས་ཨང་གསུམ་པ་གནང་ཞིང་།2003ལོར་སི་ཁྲོན་ཞིང་ཆེན་སྐབས་བཅུ་པའི་སྤྱི་ཚོགས་ཚན་རིག་གི་ཨང་གསུམ་པའི་དགའ་རྟགས་ཐོབ།2003ཨ་རིའི་དུས་རབས་གསར་པའི་རིག་པ་སྨྲ་བ་ཞེས་པའི་མཚན་སྙན་ཐོབ།བོད་ཀྱི་རིག་གནས་ཉིང་བསྡུས་ལག་དེབ་དང་།འཛམ་གླིང་ཤེས་རིག་སྒོ་མོ་ཞེས་པའི་དེབ་གྲངས་བརྒྱད་ཅན།བོད་རིགས་བྱིས་པའི་ཚན་རིག་འཇུག་སྒོ་ཞེས་པའི་དེབ་གྲངས་བཞི།འཛམ་གླིང་མིང་གྲགས་ཅན་གྱི་རྣམ་ཐར་ཞེས་པའི་དེབ་གྲངས་བརྒྱད་ཅན་སོགས་ཡིག་བསྒྱུར་དང་རྩོམ་སྒྲིག་པར་བསྐྲུན་སོགས་ཀྱི་ཕྱག་འགན་རླབས་པོ་ཆེ་ཕྲག་ཏུ་བཞེས་ཏེ་བོད་སྤྱི་ཚོགས་སུ་སྔོན་བྱོན་མེས་པོ་དང་ལོ་པཎ་བཀའ་དྲིན་ཅན་ཚོས་རྒྱལ་བའི་མདོ་རྒྱུད་བསྟན་བཅོས་མང་པོ་བོད་དུ་བསྒྱུར་བའི་རྣམ་ཐར་བཟང་པོ་ཀུན་ནས་བསྐྱངས་ཏེ་དུས་རབས་ཀྱི་མི་བུ་ཁོང་གིས་དེང་རབས་གསར་བྱུང་གི་འཛམ་གླིང་ཤར་ནུབ་ཀྱི་རིག་པ་མང་པོ་བོད་རང་གི་ཕ་སྐད་མ་ཡིག་གི་ལམ་ནས་རིགས་མཐུན་སྤུན་ཟླ་དག་གི་འདྲེན་བྱེད་ཀྱི་དཔལ་དུ་བཀྲམ་ཡོད་པ་འདི་ནི་ང་ཚོས་ལག་པའི་སྙིམ་པ་བྲང་ཁར་སྦྱར་ཞིང་ཐུགས་རྗེ་ཆེ་ཞུ་འོས་པ་མ་ཟད་ཁོང་གི་མཛད་འཕྲིན་དུང་ཟླ་དཀར་པོ་ནག་ནོག་སྤྲིན་གྱིས་སྒྲིབ་པ་མེད་པར་མཐོ་སྒང་བྷོ་ཊའི་ལྗོངས་ལ་སྔར་ལས་འོད་སྟོང་དང་ལྡན་ཏེ་འཚེར་བའི་རེ་སྨོན་གྱིས་ཀུན་ནས་བཅིངས་པའོ། །

39.7K

རྩོམ་ཡིག་སྔོན་མ།
དཔའ་རིས་སངས་རྒྱས།
རྩོམ་ཡིག་རྗེས་མ།
བན་གོ

ཐག་རག་ཡིག་བསྒྱུར་མ་ལག

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས།蜀ICP备14009601号-1