གཙོ་ངོས།>> དམངས་སྲོལ།>>དུས་ཆེན།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།མི་དམངས་དྲ་བ། སྤེལ་དུས། ༢༠༡༧ལོའི་ཟླ་བ་༠༨ཚེས་༢༢ཉིན།

༄༅།།ལྷ་སའི་ཞོ་སྟོན་གྱི་བྱུང་བ་མདོར་བསྡུས།

     ཞོ་སྟོན་ཞེས་པ་ནི་དབྱར་དུས་ཀྱི་དགའ་སྟོན་ཞིག་སྟེ། བོད་ཟླ་དྲུག་པའི་གནམ་གང་གི་སྔ་དྲོར་འབྲས་སྤུངས་ནུབ་རིའི་ལྡེབས་སུ་སྟོན་པ་ཐུབ་པའི་དབང་གཙོ་བཞུགས་ཀྱི་གོས་སྐུ་ཆེན་མོ་བཀྲམ་པ་དེའི་སྐུ་མདུན་དུ། ཡུལ་ལུང་ཁག་ནས་ཕེབས་པའི་ལྷ་མོ་བ་རྣམས་ཀྱིས་རིམ་པས་གཟིགས་ཕུད་འབུལ་སྲོལ་ཡོད། ཞོ་སྟོན་གྱི་བྱེད་སྒོ་དངོས་ནི་བོད་ཟླ་བདུན་པའི་ཚེས་བཅུ་གཉིས་ནས་བཟུང་ཡུལ་ལུང་ཁག་གི་ལྷ་མོ་བ་རྣམས་ཀྱིས་རང་རང་སོ་སོའི་ཐུན་མོང་མ་ཡིན་པའི་ཁྱད་ཆོས་ལྡན་པའི་འཁྲབ་གཞུང་འདྲ་མིན་འཁྲབ་སྟོན་བྱེད་པ་དང་། ལྷ་ས་གྲོང་ཁྱེར་གྱི་མང་ཚོགས་དང་། ཉེ་འཁོར་གྱི་རོང་འབྲོག་མི་སེར། དེ་མིན་ས་ཁུལ་གཞན་ནས་ཕེབས་པའི་བོད་མི་རྣམས་ཀྱིས་གཟབ་མཆོར་གང་ལེགས་སྤྲས་ཏེ། ཞོ་སྟོན་གྱི་གཟིགས་མོར་ཕེབས་པ་དང་ཆབས་ཅིག་བཟའ་བཏུང་གི་གཡོས་སྦྱོར་ཕུན་སུམ་ཚོགས་པ་འཁྱེར་ནས་གླིང་ག་ཁག་ལ་ཅི་དགར་ལོངས་སུ་སྤྱོད་པའི་སྲོལ་ཡོད།
     དེང་སྐབས་ཞོ་སྟོན་གྱི་ནང་དོན་དེ་བས་ཕུན་སུམ་ཚོགས་སུ་ཕྱིན་ནས། ཆེད་ལས་རིག་རྩལ་ཚོགས་པ་ཁག་གིས་ཀྱང་ཡིད་དབང་རབ་ཏུ་འཕྲོག་པའི་འཁྲབ་སྟོན་བྱེད་ཀྱི་ཡོད། དེ་དང་དུས་མཚུངས་སུ་རྒྱལ་ཁབ་ཕྱི་ནང་གི་ཡུལ་སྐོར་སྤྲོ་འཆམ་ཕེབས་མཁན་ཚོས་ཀྱང་ལྷ་སའི་ཞོ་སྟོན་དུས་ཆེན་དང་བསྟུན་ནས་བོད་ལ་ཕེབས་ཀྱི་ཡོད་སྟབས། ཞོ་སྟོན་དུས་ཆེན་གཏོང་སྐབས་ཡུལ་སྐོར་སྤྲོ་འཆམ་དུ་ཡོང་མཁན་སྔར་ལས་མང་ཁར། གོ་སྐབས་དམ་འཛིན་བྱས་ཏེ་ཁྲོམ་ར་འཁྲུག་པོ་ཡོང་ཆེད་དུས་ཆེན་གྱི་རིང་ལ་ལྗོངས་ནང་ཁུལ་གྱི་ལག་ཤེས་ཐོན་ཟོག་བརྗེ་ཚོང་བྱེད་པའི་ཚོང་འདུས་ཀྱང་ཚོགས་སྲོལ་ཡོད། ཞོ་སྟོན་ཞེས་པའི་མིང་གི་ཐ་སྙད་དེ་ཅི་འདྲ་བྱས་ནས་བྱུང་བའི་སྐོར་མདོར་བསྡུས་ཤིག་ཞུས་ན། དེར་བཤད་སྲོལ་ཁག་གཉིས་ཏེ། ཏཱ་ལའི་བླ་མ་སྐུ་ཕྲེང་བདུན་པའི་སྐབས་ནོར་བུ་གླིང་གའི་སྐལ་བཟང་ཕོ་བྲང་གསར་བཞེངས་ལེགས་གྲུབ་བྱུང་མཚམས་སུ་ལས་མི་རྣམས་ལ་ཞོའི་སྟོན་མོ་བཏང་བ་ལས། དུས་ཆེན་དེའི་དབུ་ཐོག་མར་བརྩམས་པ་མ་ཟད་མིང་ལའང་དེ་ལྟར་ཐོགས་ཞེས་ཟེར་བ་དང་། གཞན་ཡང་ཞོ་སྟོན་ཟེར་བའི་མིང་དེའི་འབྱུང་ཁུངས་ནི་བོད་ཟླ་བདུན་པའི་ནང་བོད་ལ་ཞོ་འཕེལ་ཞིང་ལེགས་པའི་སྐབས་ཡིན་པ་ན། ཞོའི་སྟོན་མོ་གཏོང་སྲོལ་ཡོད་ཞེས་ཟེར་སྲོལ་ཁག་གཉིས་ཡོད་པ་མ་ཟད། དུས་ཆེན་གྱི་སྐབས་སུ་སེ་ར་དགོན་སོགས་གདན་ས་དང་གླིང་ཁག་གིས་ཀྱང་ཞོ་སྟོན་གཏོང་བའི་སྲོལ་ཡོད་པ་རེད།

39.7K

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས།蜀ICP备14009601号-1