གཙོ་ངོས།>> རྩོམ་རིག>>བསྒྱུར་རྩོམ།

རྡོ་རྗེ་དཔལ་གྱིས་བསྒྱུར། རྩོམ་སྒྲིག་པ།ཚེ་དཔལ།ཡོང་ཁུངས།ངེད་དྲ་བ། སྤེལ་དུས། ༢༠༡༧ལོའི་ཟླ་བ་༠༩ཚེས་༡༥ཉིན།

༄༅།། དབྲ་ཁྱུང་དཔལ་བཟང་གི་ལས་དབང་། མཐོ་སྒང་རྩྭ་ཐང་གི་ཚེ་སྲོག་ཡིན།

ཧྲའོ་ཝུན་ཅེ་ཡིས་བྲིས། རྡོ་རྗེ་དཔལ་གྱིས་བསྒྱུར།


       མཚོ་བོད་མཐོ་སྒང་དུ། དབྲ་ཁྱུང་དཔལ་བཟང་ཞེས་པའི་མིང་རླུང་ལྟར་གྲགས་ཤིང་། ཀྲུང་དབྱང་བརྙན་འཕྲིན་གྱི་ལབ་གླེང་ལེ་ཚན་གྱིས་བརྙན་ལ་ཕབ་པའི་འབྲོག་པ་དཔལ་བཟང་ཞེས་པར་ད་ལོའི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་མཁའ་དབུགས་ཚོགས་ཆེན་ལས་གསེར་གྱི་རྟགས་མ་འཐོབ་ཡོད། སྔོན་ཆད། མི་གང་མང་ཞིག་གིས་ཁོའི་གཏམ་རྒྱུད་བྲིས་ཏེ། ཀུན་གྱིས་ཁོ་ལ་བྱེ་འགོག་གི་དཔའ་རྒོད་ཅེས་བསྟོད་པའི་མེ་ཏོག་འཐོར། ཡིན་ནའང་། ཁོས་ནམ་ཡིན་ཡང་རང་ཉིད་ནི་འབྲོག་པ་རྐྱང་རྐྱང་ཞིག་ཏུ་ངོས་འཛིན་བཞིན་ཡོད། རྩོམ་འདི་ནི་སྔ་ན་མེད་པའི་དཔལ་བཟང་གི་ཆེས་རིང་བའི་གཏམ་རྒྱུད་ཅིག་ཡིན་མོད། ཚིག་གི་ལོ་མས་མ་བསྒྲིབས་པར་བདུད་རྩི་ལྟ་བུའི་དོན་གྱི་སྙིང་བོ་ལེན་རྒྱུ་ཡོད་པས། སེམས་ལྷོད་ལྷོད་དང་སོས་དལ་དལ་གྱིས་བཀླགས་ན་རིན་ཆེན་གསེར་གྱི་ཐིགས་པ་འབེབ་སྲིད།
       ཟླ་གསུམ་པའི་མཐོ་སྒང་གི་རུ་སྡེ་ཕྲ་མོ་ལྷ་མོ་རུ་ཁ་བ་རྒྱུན་མི་ཆད་པར་ཡང་ཡང་བབས་བྱུང་།
      ཞོགས་ཀའི་ཉི་ཟེར་ཕྲ་མོ། ཤར་རི་ནས་དལ་གྱིས་འཕགས་དུས། ཁ་བའང་འབབ་མཚམས་བཞག དེ་ལྟར་ཁ་བ་འབབ་པའི་ནམ་ཟླ་དེ་འདྲ་ཞིག་ལ། དབྲ་ཁྱུང་དཔལ་བཟང་ལ་འགོག་ཏུ་མེད་པའི་སྤྲོ་བ་རྒྱས་ཏེ། རང་གི་གསེར་མདོག་གི་ཟངས་གཞོང་བླངས་ནས་ར་ནང་དུ་བརྒྱུགས་ཤིང་། ནང་ལ་ཁ་བ་གང་བཅུས་ནས་མེ་ཐབ་ཏུ་བསྲོས། དེ་ནས་ཁ་བ་ཞི་ཚུལ་ལ་ཧྲིག་གེར་ཅེར་འདུག  ཁ་བ་ཞི་ནས་ཆུ་ཡི་རླངས་པ་འཕྱུར་དུས་ཁོས་ཁ་ངོ་གཙང་མར་འཁྲུ་ཞོར་ཇི་འདྲའི་སྐྱིད་པ་ལ་ཞེས་ཀི་བཏབ་བྱུང་། བརྒྱུད་རིམ་འདི་ཁོའི་ཚ་བུ་ཡེ་ཤེས་གྲགས་པར་བརྙན་ལ་འབེབ་ཏུ་བཅུག སྐར་མ་དུ་མ་འགོར་རྗེས། ངས་གྲོགས་ཚོམས་སུ་དཔལ་བཟང་གི་སྤྲོ་སྣང་བསྐུར་བ་ཡིན།

        སྦྲང་དཀར་རྩམ་པ་ཟོས་ཤིང་འོ་ཇ་མངར་མོ་འཐུང་རྗེས། དཔལ་བཟང་གིས་ལུས་ལ་གོས་ལྭ་གོན་ཞིང་ལག་ལ་པར་ཆས་བཟུང་སྟེ་ཕྱི་རོལ་ཏུ་མདའ་འཕངས་པ་ལྟར་བརྒྱུགས། ཉི་མ་ཤར་རན་ཐལ། ང་དང་མཉམ་དུ་གངས་རི་དང་དགོན་པ་པར་ལེན་དུ་འགྲོ་ཞེས་ང་ལ་བོས་བྱུང་། ང་ཚོ་རི་རྐེད་དུ་བསྡད་ཡོད་ལ། དགོན་པ་རི་འདབས་སུ་ཆགས་ཡོད། ཁ་བ་ཧ་ཅང་མཐུག་པས་རི་མགོ་ནས་བལྟས་ན། རུ་སྡེ་ཕྲ་མོ་སྟེ་ལྷ་མོ་གྲོང་རྡལ་ཁ་བས་ཡོངས་སུ་གཡོགས་པའི་བྱིས་སྒྲུང་གི་འཇིག་རྟེན་ཞིག་དང་འདྲ། རི་ངོས་ཀྱི་རྐང་ལམ་ལ་རྒྱུས་མེད་པས་དཔལ་བཟང་གི་རྐང་རྗེས་དེད་ནས་རི་ལས་བབས། སྨུག་སྤྲིན་གྱི་ཀློང་ནས་གངས་རིའི་རྩེ་མོ་བརྗིད་ལྷང་ངེར་བུད་འདུག་ལ། རི་འདབས་ཀྱི་ཀིརྟི་དགོན་པའི་གླིང་བར་འུར་ཟིང་གིས་ཁེངས་ཏེ། ལུས་ལ་གྲྭ་གོས་བསྣམས་པའི་གྲྭ་བཙུན་དག་གིས་འདུ་ཁང་ཆེན་མོའི་མདུན་ནས་ཁ་རྩེད་བྱེད་ཞོར་དུ་ཁ་བ་ཕྱགས་པའི་ལས་ལ་བྲེལ་བཞིན་གདའ།

      ང་ནི་དཔལ་བཟང་གི་རྗེས་སུ་འབྲངས་ཏེ། པར་ལེན་པར་བྲེལ་བའི་རྒྱབ་གཟུགས་ལ་ཅེར། སྐབས་རེར་ཁོ་ནི་བྱིས་པ་ཞིག་དང་འདྲ་བར་ཡར་རྒྱུག་མར་རྒྱུག་བྱེད། ལན་རེར་ཡུན་རིང་དུ་ལྷ་མོ་གྲོང་རྡལ་དུ་གཞིས་བཅས་པའི་སྡེ་མི་དང་འདྲ་བར་ཀུན་ལ་ཁ་བརྡ་བྱེད། དེ་ནི་གཞན་གྱིས་མིང་དུ་གྲགས་པའི་བྱེ་བཅོས་ཀྱི་དཔའ་རྒོད་དུ་འབོད་ཀྱང་། ཁོས་རང་ཉིད་ནི་འབྲོག་ཐང་གི་ཨ་མདོའི་སྟག་ཤར་ཅིག་ཏུ་ནམ་ཡང་འདོད་ཡོད།
       ཁོས་དགེ་རྒན་བྱེད་མྱོང་ལ། པེ་ཅིན་ཡང་འགྲིམ་མྱོང་། ཕ་ཡུལ་ལ་བྱས་རྗེས་ཆེན་པོ་འཇོག་ཆེད་ཡིན།
       ངོ་མ་བཤད་ན། དབྲ་ཁྱུང་དཔལ་བཟང་གི་ཕ་ཡུལ་ནི་ལྷ་མོ་གྲོང་རྡལ་མིན་ལ། སི་ཁྲོན་མཛོད་དགེ་རྫོང་རྨེ་ཆུ་ཡུལ་ཚོ་ཡིན། མཛོད་དགེ་ན་ཀྲུང་གོའི་མཐོ་སྒང་གི་ན་ཐང་ཆེས་ཆེན་པོ་ཡོད་ལ། ཀྲུང་ཧྭ་མི་རིགས་ཀྱི་མ་ཡུམ་ཆུ་བོ་སྟེ་རྨ་ཆུ་གནས་འདི་ནས་ལྡེམ་མེར་བཞུར་བཞིན་ཡོད། དབྱར་ཁ་སླེབས་དུས། མཛོད་དགེ་ཡི་རྩྭ་ཐང་ནི་དཀར་སེར་དམར་ལྗང་གི་མེ་ཏོག་གི་འཇིག་རྟེན་དང་འདྲ་བར་རྣམ་པར་བཀྲ་ལ་ཡིད་དུ་འོང་། དཔལ་བཟང་གི་ཕ་ཡུལ་ཡང་དེ་ལྟར་མཛེས་ཤིང་ཡིད་དུ་འོང་། ཁོ་ཆུང་དུས་ནས། དག་ཞིང་ལྟ་བུའི་རྩྭ་ཐང་ཆེན་མོ་ནས་ནར་སོན་ཞིང་། དྲིན་ཆེན་ཕ་མ་དང་མཉམ་དུ་རོལ་བའི་ཕྱུགས་རྫི་ཡི་འཚོ་བ་ནི་ཆེས་སྐྱིད་པའི་ལོ་ཟླ་ཞིག་ཡིན། ཁོས་ཕ་ཡུལ་ལ་བཅངས་བའི་བརྩེ་བ་ནི་རྩྭ་ཐང་གི་གང་ས་གང་ནས་མཐོང་བའི་ཆུ་ཕྲན་དང་འདྲ་བར་སེམས་གཏིང་ལ་ཤག་ཤག་ཏུ་བཞུར་བཞིན་ཡོད།

       མཐོ་འབྲིང་ལ་མ་ཐོན་བར་དུ། དཔལ་བཟང་ལ་སེམས་ཁྲལ་དང་སུན་སྣང་ཅི་ཡང་མེད། ཁོ་ལ་བྱུང་བའི་སེམས་ཁྲལ་ཐོག་མ་ནི། ཉིན་ཞིག ཁོ་རང་དགའ་ཞིང་དུངས་བའི་རྩྭ་ཐང་ལ་རྨ་ཁ་བྱུང་བ་ཤེས་པས་རེད།

       དེ་ནི་ཁོས་མཐོ་འབྲིང་འདོན་པའི་སྐབས་ཏག་ཏག་ཡིན། བོད་ཀྱི་ས་ཆ་གང་ཡིན་རུང་ལབ་རྩེ་གསོ་བའི་སྲོལ་ཡོད། འདོ་རིགས་རྟ་མཆོག་ཞོན་ནས་རྒན་རབས་པ་དང་མཉམ་དུ་ལབ་རྩེ་གསོ་བ་ནི་དགའ་ཕྱོགས་ཁོ་ན་ཡིན། ལོ་ཞིག་ལ། ལབ་རྩེ་གསོས་ནས་ཕྱིར་ལོག་པའི་ལམ་བར་དུ། གློ་བུར་དུ། རླུང་ནག་འཚུབ་མ་གཡུགས་ནས་བྱེ་རྡུལ་ལང་ལོང་གིས་ཁོའི་ངོ་གདོང་ཡང་ཡང་གཙེས་ཏེ། མགོ་བོ་བཏེགས་ནས་ལྟ་དུས། བྱེ་རྡུལ་འཚུབ་དྲགས་ནས་མདུན་ཕྱོགས་ཀྱི་མཐོང་ལམ་ཡང་བསྒྲིབས་འདུག རླུང་འཇགས་རྗེས། ཁོས་ཕྱོགས་བཞི་མཚམས་བརྒྱད་ནས་བྱེ་རྡུལ་གྱི་འབྱུང་ཁུངས་བཙལ་བ་ན། རྩྭ་ཐང་དུ་བྱེ་ཐང་མང་བས་ཡིད་སེམས་ལ་སྐྱོ་གདུང་གི་ན་བུན་འཐིབས་སོང་། དུས་དེ་ནས་བཟུང་། སྐྱོ་གདུང་གི་ན་བུན་དེ་ནི་ཁོའི་ཚེ་གང་གི་སེམས་ཁྲལ་དུ་གྱུར་ཏེ། རྩྭ་ཐང་ལ་འཆང་བའི་བརྩེ་བ་ལྟར་སེམས་ཀྱི་ཟབ་སར་བསྙལ་ཡོད། ངའི་བསམ་ཚུལ་ལྟར་ན། དུས་དེ་ནས་བཟུང་། དཔལ་བཟང་གི་སེམས་ཀྱི་ཟབ་སར་ཆུ་བོ་གཉིས་བཞུར་བཞིན་ཡོད་དེ། གཅིག་ནི་མིང་ལ་བརྩེ་བ་དང་གཅིག་ནི་མིང་ལ་སེམས་ཁྲལ་ཟེར།
      དུས་དེ་ནས་བཟུང་། དཔལ་བཟང་གིས་རྩྭ་ཐང་གི་སྐྱེ་ཁམས་ཀྱི་གླེང་གཞི་ལ་དོ་སྣང་བྱས་ཤིང་། ཁོས་རྩྭ་ཐང་དེ་འདྲ་ཞིག་ཏུ་ཇི་ལྟར་གྱུར་པ་གསལ་བོར་མི་ཤེས་ནའང་། དྲིས་ལན་རྙེད་པར་སྐོམ་པའི་ཆུ་འདོད་པ་ལྟར་ཡིན། བརྙན་འཕྲིན་ལས་རྩྭ་ཐང་དུ་ནོར་ལུག་མང་དྲགས་པ་ནི་རྩྭ་ཐང་ཇེ་ངན་དུ་གྱུར་པའི་རྒྱུ་རྐྱེན་ཡིན་ཞེས་གླེང་གིན་འདུག ཁོས་ཀྱང་དེ་འདྲ་ཡིན་ཤས་ཆེ་སྙམ་ཡོད།

      ཁོས་དྲིས་ལན་མ་རྙེད་གོང་། སྟོད་དབུས་ཕྱོགས་ལྷ་ས་རུ་སློབ་ཆེན་འདོན་དུ་བུད་སོང་། ཆེད་ལས་ནི་བོད་ཀྱི་སྐད་ཡིག་དང་རྩོམ་རིག་ཡིན་པས། རྩོམ་པ་པོ་ཞིག་ཏུ་འགྱུར་བར་རེ་བ་འཆང་ཡོད། ཕ་ས་ཕ་ཡུལ་དང་རྩྭ་ཐང་ལ་དོན་བཟང་ཕྲན་ཙམ་བསྒྲུབ་ཐུབ་པར་རེ་བ་འཆང་ཡོད། དཔལ་བཟང་གིས་བཤད་པ་ལྟར་ན། སྐབས་དེ་དུས་སུ་ཁོའི་མི་ཚེ་ཡི་གདམས་གསེས་རེ་རེ་ནི་ཕ་ས་ཕ་ཡུལ་དང་རྩྭ་ཐང་དུ་ལོག་ནས་རྩྭ་ཐང་གི་རྨ་ཁ་གསོ་བའི་ཆེད་ཁོ་ན་ཡིན། ཁོས་ཅི་ཡང་མི་ཤེས་ནའང་སྙིང་ཁོང་རུས་པའི་གཏིང་ལ་སྟོབས་ཤུགས་དེ་འདྲ་ཞིག་གིས་ནམ་ཡང་སྐུལ་མ་འདེབས་བཞིན་འདུག

       ༡༩༨༨ལོར། ཁོ་རང་སློབ་ཆེན་ལས་མཐར་ཕྱིན་པ་རེད། ལས་དང་བོ་ནི་ཧྲན་ཞི་ཞན་དབྱང་མི་རིགས་སློབ་གླིང་གི་དགེ་རྒན་ཡིན། འོན་ཀྱང་ལས་འདི་ནི་ལོ་ངོ་གཅིག་ལས་གཉེར་མེད། ཁོའི་བཤད་ཚུལ་ལྟར་ན། དགེ་རྒན་གྱི་ལས་དང་ཕ་ས་ཕ་ཡུལ་དུ་ལོག་པའི་ལས་དེ་གཉིས་ནི་ལམ་ཐིག་གཉིས་ཡིན་པས་དུས་ཐོག་ཏུ་དགེ་རྒན་གྱི་ལས་འདི་རྒྱང་དུ་གཡུགས་པ་རེད། རྗེས་སུ་རྨེ་ཆུ་ཡུལ་ཚོའི་སློབ་ཆུང་གིས་ཁོ་རང་དགེ་རྒན་དུ་གདན་དྲངས་ཀྱང་། ངས་དགེ་རྒན་བྱེད་མི་འདོད་ཀི། ཁོར་ཡུག་སྲུང་སྐྱོང་ལ་རེམས་བསམ་ཀི་ཞེས་དང་དུ་མ་བླངས།
       ཡིན་ནའང་། གང་ནས་ཁོར་ཡུག་སྲུང་སྐྱོང་གི་ལས་འདི་བསྒྲུབ་ཐུབ་བམ། ཁོའི་ཡིད་ལ་པེ་ཅིན་དྲན་བྱུང་། དེ་ནས་པེ་ཅིན་དུ་སོང་བ་རེད།
        ལོ་རབས་དེར། པེ་ཅིན་ནས་ལས་ཀ་རྙེད་དཀའ་ཡང་དཔལ་བཟང་གིས་བོད་ཡིག་ཤེས་པར་མ་ཟད། རྒྱ་ཡིག་ལ་བཟང་བས་རྒྱལ་ཁབ་དཔེ་མཛོད་ཁང་ནས་ལས་ཀ་ཞིག་རྙེད་ཡོད། བོད་ཡིག་གི་དཔེ་ཆ་ལ་དཔེ་མིང་བྱང་བུ་བཟོ་བ་དེ་ཡིན། བྱང་བུ་རེ་ལ་སྒོར་༥རེ་ཡོད་པས་གླ་ཕོགས་ཀྱང་ཤིན་ཏུ་མང་། ལས་ཞོར་དུ་དཔལ་བཟང་གིས་དབྱིག་ཡིག་སྦྱངས་ནས་བྱ་འགུལ་སྣ་ཚོགས་ལ་ཞུགས་པས་གྲོགས་པོ་ཡང་མང་དུ་བསྒྲིགས་ཡོད།
         ༢༠༠༦ལོ་ཡི་ཉིན་ཞིག་ལ། ཝུན་ལའོ་ཁི་ཟེར་བའི་རྒྱལ་སྤྱིའི་རྩ་འཛུགས་ཤིག་གིས་ལས་བྱེད་པ་བསྡུ་བཞིན་འདུག ཁོར་ཡུག་སྲུང་སྐྱོང་ལ་འབྲེལ་བ་ཡོད་པ་འདྲ། ཁྱོད་ཀྱིས་ཚོད་ལྟ་བྱེད་ཆོག་ཅེས་གྲོགས་པོ་ཞིག་གི་བརྡ་ཐོན།
          དཔལ་བཟང་གིས་རང་གི་དབྱིན་ཡིག་ཆུ་ཚད་ཀྱང་མི་དམན་པར་འདོད་ནས་ངོའི་རྒྱུགས་ལ་ཞུགས་ཏེ། རྒྱལ་སྤྱིའི་རྩ་འཛུགས་དེ་ཡི་ཁོངས་མི་རུ་གྱུར། ཝུན་ལའོ་ཁི་ནི་ཞིང་ལས་འཕེལ་རྒྱས་ཀྱི་ལས་ཁུངས་ཤིག་ཡིན་ཡང་རྣམ་གྲངས་མང་བོ་ནི་ཁོར་ཡུག་སྲུང་སྐྱོང་ལ་དངོས་སུ་འབྲེལ་བ་ཡོད། དཔེར་ན། སྐྱེ་ཁམས་ལྗོངས་སྐོར་དང་ལྗོན་ཤིང་འཛུགས་པ། ཞིང་གྲོང་གི་གད་སྙིགས་གཙང་སེལ་སོགས་ལྟ་བུ།
        དཔལ་བཟང་གི་ལས་གཞི་ནི་སི་ཁྲོན་གྱི་དཀར་མཛེས་ས་ཆ་ཡིན། དེ་ཡང་ཁོའི་ཕ་ཡུལ་དང་འདྲ་བར་མཚོ་བོད་མཐོ་སྒང་ངམ་ཡང་ན་ཁྲོན་ནུབ་མཐོ་སྒང་དུ་གཏོགས་ཤིང་། ལས་ལ་བྲེལ་བ་ཆེ་བར་མ་ཟད་ལས་གཞི་ཡང་ཤིན་ཏུ་མང་། རྒྱུན་པར་འབྲོག་ཁུལ་དུ་སོང་ནས་ཟླ་དུ་མ་འགོར་འགྲོ་ལ། བགྲང་ལས་འདས་པའི་ལས་གཞི་རེ་རེ་སྒྲུབ་ཞོར་དུ་སྤྱི་ཚོགས་ཀྱི་ཉམས་མྱོང་ཕུན་སུམ་ཚོགས་པ་བསགས་ཡོད།

       ལོ་ཞིག་ལ། ཝུན་ལའོ་ཁིས་ལོ་ངོ་ལྔའི་རིང་ལ་བོད་ཁུལ་དུ་རྒྱུན་མཐུད་འཕེལ་རྒྱས་རྣམ་གྲངས་སྤེལ་རྩིས་ཡོད། དཔལ་བཟང་གིས་རང་ཉིད་ཕ་ཡུལ་རྨེ་ཆུ་རུ་ལོག་ནས་རྣམ་གྲངས་འདི་བསྒྲུབ་ན་ཅིས་མི་ཆོག་སྙམ་ནས། ལས་ཁུངས་ལ་ཕ་ཡུལ་རྨེ་ཆུ་རུ་ལོག་ནས་རྩྭ་ཐང་བྱེ་འགྱུར་བཅོས་འདོད་པའི་རེ་བ་ཞུས། བསམ་ཡུལ་ལས་འདས་པ་ཞིག་ལ་དེ་མ་ཐག་ཏུ་ཆོག་མཆན་བསྩལ་བ་རེད།

       ཅིའི་ཕྱིར་ཆོག་མཆན་བསྩལ་བ་ཡིན་ནམ། དེ་ནི་ཁོ་ཝུན་ལའོ་ཁི་ཡི་ཁོངས་མི་ཞིག་ཡིན་པས་མིན་ལ། སྐབས་དེར་མཛོད་དགེ་ཡི་རྩྭ་ཐང་བྱེ་འགྱུར་ཀུན་གྱིས་ཤེས་ཡོད་པར་མ་ཟད། རྒྱལ་ཁབ་ཀྱིས་གཙིགས་ཆེར་བཟུང་ཡོད་པས་ཡིན། རྔ་བ་བོད་རིགས་ཆའང་རིགས་རང་སྐྱོང་ཁུལ་ལ་མཚོན་ན། བྱེ་འགྱུར་ཆེས་ཚབས་ཆེ་བའི་ས་ཆ་ནི་མཛོད་དགེའི་རྩྭ་ཐང་ཡིན་ལ། མཛོད་དགེ་ཡི་བྱེ་འགྱུར་ཆེས་ཚབས་ཆེ་བའི་ས་ཆ་ནི་དཔལ་བཟང་གི་ཕ་ཡུལ་རྨེ་ཆུ་ཡུལ་ཚོ་ཡིན།
     སྐབས་དེར། ཁོས་རྩྭ་ཐང་བྱེ་འགྱུར་ནི་ནོར་ལུག་མང་དྲགས་པས་མིན་པར། མི་ཡིས་གཏོར་བརླག་ཐེབས་པས་ཡིན་པར་འདོད་ཡོད། མི་ཡི་བྱས་ཉེས་ཡིན་ན་ངེས་པར་དུ་བཅོས་ཐབས་རྙེད་པར་ཡིད་ཆེས་ཟབ་མོ་ཡོད།
     རྣམ་གྲངས་དང་ཉམས་མྱོང་འཁྱེར་ནས་ཕ་ཡུལ་དུ་ལོག་པའི་དཔལ་བཟང་ལ་དགའ་བ་ཚད་མེད་སྐྱེས་ཡོད་དེ། རང་གི་ཕ་ས་ཕ་ཡུལ་དུ་ལོག་ནས། རང་ཉིད་གསོས་ཤིང་བསྐྱངས་བའི་རྩྭ་ཐང་ལ་དགེ་བའི་ལས་ཕྲན་ཙམ་བསྒྲུབ་ཐུབ་པས་ཡིན། བྱ་གཞག་འདི་ལ་གདེང་ཚོད་ཅི་ཡང་མེད་ཀྱང་བརྩོན་སེམས་ཀྱི་འདུན་པ་དང་སྤོབས་པ་སུ་ཞིག་གིས་ཀྱང་འགོག་མི་ཐུབ།
འབྲོག་པར་རྩྭ་ཐང་ལ་རྒྱུས་ཆེ། ཁོས་འབྲོག་པའི་རིན་ཐང་ལོས་ཤེས།
        ཕ་ཡུལ་གྱི་ཉེན་ཁ་མ་ཤེས་ན་ངོ་མ་སྐྲག་ས་རེད། དེ་ནི་དཔལ་བཟང་གིས་རྒྱུན་པར་བཤད་པའི་སྐད་ཆ་ཞིག་ཡིན། ཁོས་བལྟས་ན། རང་ཉིད་ཀྱི་ཕ་ཡུལ་ཤེས་ན། ད་གཟོད་ཕ་ཡུལ་སྲུང་བའི་བརྩོན་སེམས་དང་སྤོབས་པ་ཡོད།
        བཟའ་མི་ཀུན་ལ་ཕ་ཡུལ་གྱི་རྩྭ་ཐང་བྱེ་འགྱུར་བཅོས་པའི་བསམ་ཚུལ་སྔ་ནས་བཤད་མྱོང་། བཟའ་མི་ཚོས་མི་གཅིག་གི་སྟོབས་ཤུགས་ཧ་ཅང་ཉག་ཕྲ། སྲིད་གཞུང་གི་སྟོབས་ཀྱིས་མི་འགྲུབ་ན། མི་ཞིག་གི་སྟོབས་ཀྱིས་ཇི་ལྟར་འགྲུབ་བམ། འགྲུབ་ན་བཟང་མོད། མ་འགྲུབ་ན་གཞན་གྱི་འཕྱ་ཡུལ་དུ་འགྱུར་སྲིད་ཟེར། ཁོས་རུ་སྡེ་བའི་རྒན་རབས་པ་དང་སྡེ་དཔོན། སྡེ་བའི་ཧྲུའུ་ཅི་སོགས་རེ་རེ་བཞིན་བཙལ་ནས་ཁ་བརྡ་བྱས། ཀུན་གྱིས་ཁྱོད་ཀྱི་བསམ་པ་ཧ་ཅང་བཟང་ཀི། འགྲུབ་མིན་དོན་དག་གཞན་ཞིག་རེད། དེ་ནི་དགེ་བའི་ལས་ངོ་མ་ཞིག་རེད་ཅེས་བཤད།
         དེ་ནས་དཔལ་བཟང་གིས་ཚོད་ལྟ་བྱེད་ཐག་བཅད་ཅིང་། སི་ཁྲོན་ཞིང་ཆེན་རྩྭ་ཐང་ཚན་རིག་ཞིབ་འཇུག་གླིང་གི་དཔོན་གཙོ་ངོ་ཤེས་པས་ཁྲིན་ཏུའུ་ནས་ངོ་ཐུག་པར་མ་ཟད། ཞིབ་འཇུག་གླིང་གི་ཆེད་མཁས་པ་ཕ་ཡུལ་ལ་བརྟག་ཞིབ་ཏུ་གདན་དྲངས་ཤིང་། སྐབས་དེར་གྲོས་ཚོགས་ཤིག་འཚོགས་ཏེ། མཛོད་དགེ་རྫོང་ནགས་ལས་ཅུས་ཀྱི་ཅུས་ཀྲང་ཞུགས་ཡོད་ལ། ཁོས་ཚོགས་ཐོག་ནས་འབྲོག་པའི་སྟག་ཤར་ཅིག་ལ་དོན་བཟང་དེ་འདྲ་བསྒྲུབ་འདོད་ན། ངེད་ནགས་ལས་ཅུས་ཀྱིས་ཕྱོགས་གང་ཐད་ནས་རྒྱབ་ཀྱི་དཔུང་རོགས་བྱེད་ཁོ་ཐག་ཡིན་ཞེས་ཁས་བླངས།
          དེ་ལྟར། རྨེ་ཆུ་ཡུལ་ཚོ་ནས་བྱེ་བཅོས་ཀྱི་ཡོལ་རིས་ཐོག་མར་ཕྱེས་བྱུང་།
        ཡིན་ནའང་། བྱེ་འགྱུར་གྱི་རྒྱུ་རྐྱེན་དངོས་ཅི་ཞིག་དང་། རྩྭ་རིགས་ཅི་ཞིག་འདེབས་པ། ཇི་ལྟར་འདེབས་པ་སོགས་དཔལ་བཟང་གིས་ཅི་ཡང་མི་ཤེས་ནའང་ཨུ་ཚུགས་ཀྱིས་བྱེ་བཅོས་ཀྱི་མགོ་བརྩམས་པ་རེད།
        ཁོས་རྩྭ་ཐང་ས་ཚིགས་ཀྱི་ཆེད་མཁས་པ་གདན་དྲངས་ནས་ཁྲིད་སྟོན་བྱེད་དུ་བཅུག བྱེ་བཅོས་ལ་འཇག་རྩྭའམ་རྩྭ་ཡག་གིས་བེད་ཆོད་ཅེས་ཆེད་མཁས་པས་བཤད། དེ་ནི་ཡུལ་དེ་གའི་རྩྭ་ཡི་རིགས་ཤིག་ཡིན་ལ། ཧུང་ཡོན་རྫོང་དུ་འདེབས་འཛུགས་ཀྱི་རྟེན་གཞི་ཡང་ཡོད། ད་དུང་ཡུག་པོ་ཡང་སྤྱོད་ཆོག དེ་ནི་ཕྱི་ནས་ཐོན་པའི་རྩྭ་རིགས་ཤིག་ཡིན་ལ། ལོ་གཅིག་གི་རིང་ལ་སྐྱེས་རྗེས་སྐམ་འགྲོ་བས་རྩྭ་ཐང་ལ་གནོད་པ་ཆེན་པོ་ཐེབས་མི་སྲིད། དེ་ཡི་རྩ་བ་བྱེ་བ་ལ་འདྲེས་ནས་སྐམ་རྗེས་ས་བཅུད་དུ་འགྱུར་སྲིད། དེ་ཡི་རིན་ཐང་ཡང་ཡིན།
       སྡུར་ཚད་ལྟར་ན། རྩྭ་ཡག་ནི་བརྒྱ་ཆ་བདུན་ཅུ་དང་ཡུག་པོ་ནི་བརྒྱ་ཆ་སུམ་ཅུ་ཡིན། དེ་ནས་འདེབས་ཐབས་ལ་རིགས་གཉིས་ཡོད་དེ། ཤར་འདེབས་དང་གཏོར་འདེབས་ཡིན། ཤར་འདེབས་ནི་འབྲུ་རིགས་འདེབས་པ་ལྟར་ས་བསློག་དགོས་པས་དུས་ཚོད་དང་ནུས་ཤུགས་མང་བོ་འདོན་དགོས། གཏོར་འདེབས་ཅུང་སླ་མོ་ཡིན་ཏེ། ཐད་ཀར་གཏོར་ནས་བཏབ་ན་ཆོག དེར་བརྟེན། ཐོག་མར་ཀུན་གྱིས་གཏོར་ནས་འདེབས་པ་ལས་ཤར་འདེབས་བྱེད་མཁན་ཤིན་ཏུ་ཉུང་། རྒྱུ་མཚན་ནི་འབྲོག་པ་རྣམས་ཀྱིས་དེ་ལ་རེ་བ་ཆེན་པོ་འཆང་མེད་པས་ནུས་ཤུགས་མང་དུ་འདོན་པའི་བསམ་པ་མེད།
         མཐར་གཏོར་ནས་བཏབ་པའི་བྱེ་ཐང་དུ་ཅི་ཡང་སྐྱེས་མེད་ལ། ཤར་འདེབས་བྱས་པ་དག་སྐྱེས་འདུག སྐབས་དེར། འབྲོག་པ་རྣམས་ཀྱིས་བྱེ་ནང་དུ་རྩྭ་བཏབ་ན། སྐྱེ་འཕེལ་ནི་འཇིག་རྟེན་ཁམས་ན་མི་དཔེ་བ་ཞིག་རེད་ཅེས་ལྐོག་ལབ་ཀྱི་འཕྱ་གཏམ་རེ་རེས་དཔལ་བཟང་གི་རྣ་བ་ཡང་ཡང་གཙེས། ཁོ་ཚོས་རླུང་འགོག་བྱེད་དུ་བྱེ་འགྱུར་གྱི་རྩྭ་ཐང་དུ་ལྕང་མ་བསྟར་ཕྲེང་བསྒྲིགས་ནས་བཏབ་ཀྱང་སྐྱེ་ཚུལ་ཡང་མི་བཟང་།
          ཐེངས་འདིའི་ཚོད་ལྟ་བརྒྱུད་རྗེས་ཁོས་དོགས་པ་ཆེན་པོ་ཟོས། ཉིན་ཞིག་ལ། ཁོས་མ་བསམ་ས་ནས་འབྲོག་མོ་གཉིས་ཀྱིས་གཏོར་འདེབས་ཀྱི་ཐབས་དེ་བདེ་ཀི། རྩྭ་ཡི་རིགས་ལ་རྐང་ཟབ་མོ་མི་དགོས་པས། རྩྭ་སོན་གཏོར་རྗེས་ནོར་ལུག་ནང་ལ་མངགས་ནས་རྨིག་པས་བརྫིས་ན་བཟང་ཟེར་བ་ཐོས། ཁོས་གཏམ་དེ་ཐོས་མ་ཐག་དགའ་སྤྲོ་ཚད་མེད་སྐྱེས་ཏེ། ཐབས་དེ་ནི་ངོ་མ་ལེགས་པོ་ཞིག་ཏུ་འདོད་ཡོད།
         གློ་བུར་དུ་ཡིད་ལ་འབྲོག་པ་རྣམས་ལ་བྱེ་བཅོས་ཀྱི་ཐབས་ཤེས་ཡོད་སྙམ། དེ་ནས་འབྲོག་པ་རྣམས་གཅིག་ཏུ་བསྡུས་ཏེ་ཚོགས་འདུ་འཚོགས་ཤིང་། བྱེ་བཅོས་ཀྱི་ཐབས་ཤེས་ཡོད་མེད་དྲིས་ཀྱང་སུ་ཞིག་གིས་ལན་མི་འདེབས་ལ། ཇི་ལྟར་དྲིས་ཀྱང་ངས་ཅིའི་ཕྱིར་ཤེས་སམ་ཟེར།

        དེ་མིན་གཏམ་ལ་ཉན་པ་དང་ལྟ་ཞིབ་བྱེད་པའང་ཤིན་ཏུ་གལ་ཆེ། ཁོ་ཚོས་ཅི་བཤད་ལ་ཉན་པ་དང་ཅི་ལས་ལ་ལྟ་དགོས། འབྲོག་པ་དང་མཉམ་དུ་འགྲོས་པ་ནས་ངས་མང་བོ་ཞིག་ཧ་གོ་སོང་། ངའི་ཡིད་ལ་སང་ལོར་ཉམས་མྱོང་དེ་དག་ལ་བརྟེན་ན་བྱེ་བཅོས་ལ་འབྲས་བཟང་ཡོད་པར་རེ་བ་འཆང་ཡོད།

        ཡིན་ནའང་། ཐོག་མར་དཔལ་བཟང་གིས་རྩྭ་ཐང་བྱེ་འགྱུར་གྱི་རྒྱུ་རྐྱེན་དངོས་གསལ་བོར་ཤེས་དགོས། ཁོས་རྒན་རབས་པ་མང་བོར་དྲིས་ཀྱང་། སུ་ཡིན་རུང་རྩྭ་ཐང་བྱེ་འགྱུར་གྱི་རྒྱུ་ནི་ནོར་ལུག་མང་དྲགས་པས་མིན་ཟེར། དེ་ནས་ཁོས་རྒན་རབས་པ་དེ་དག་འཁྲིད་ནས་བྱེ་གྱུར་གྱི་རྩྭ་ཐང་རེ་རེར་བལྟ་རུ་སོང་། དཔེར་ན། བྱེ་གྱུར་གྱི་རྩྭ་ཐང་ཞིག་སྟེ། རྒན་རབས་པས་བཤད་པ་ལྟར་ན། ལོ་ངོ་བཞི་བཅུ་ཡི་སྔོན་དུ་རྩྭ་ཐང་འདི་ཡི་བྱེ་ཐང་གི་ཆེ་ཆུང་ལ་ནོར་གནག་གཉིས་ཉལ་ན་ཤོང་བའི་ཚད་ལས་མེད། རྒན་རབས་པས་བཤད་པ་ལྟར་ན། བྱེ་ཐང་གི་ཆེ་ཆུང་ནམ་ཡང་དེ་འདྲ་ཡིན་མོད། འོན་ཀྱང་མཛོད་དགེ་རྫོང་གིས་ཕྱུགས་འཚོ་བའི་རྩྭ་ས་ཇེ་ཡངས་སུ་གཏོང་ཆེད། མིའི་ཐབས་ཀྱིས་རྐ་ཤུར་བརྐོས་ཏེ་ན་ཐང་གི་ཆུ་འདྲེན་པའི་ལས་ཀ་མང་དུ་བསྒྲུབས། བཤད་ཚུལ་ལྟར་ན། རྐ་ཤུར་དེ་དག་གི་རིང་ཚད་ལ་སྤྱི་ལེ་སྟོང་ཙམ་ཡོད་ལ། དེའི་ཁར་རྩྭ་ཐང་གི་ས་རྒོད་ཀྱང་བསློགས་པས་ན་ཐང་ལ་གནོད་པ་ཚབས་ཆེན་ཐེབས། རྗེས་སུ་བྱི་བ་ཡང་བསད་པས་རྩྭ་ཐང་གི་སྐྱེ་དངོས་སྣ་མང་ལ་གནོད་པ་ཐེབས་ཤིང་། བྱི་བ་གསོད་དུག་ལ་ནུས་པ་ཤིན་ཏུ་ཆེ་སྟེ། ནོར་ལུག་མང་བོས་གསོད་དུག་འགོས་པའི་རྩྭ་ལྡུམ་དེ་དག་ཟོས་ན། དང་ཐོག་གནོད་པ་ཅི་ཡང་མེད་པ་འདྲ་ཡང་། ཉིན་ཞིག་ལ་གློ་བུར་དུ་ལུས་ལས་རྔུལ་ཆུ་ཁྲོམ་ཁྲོམ་དུ་བཞུར་ནས་ཤི་འགྲོ།  
        དེ་མིན་བདག་གི་ཕ་ཡུལ་ལ་ཉེ་བའི་ལོ་འདི་ཚོར་ཆར་བ་འབབ་ཐེངས་ཤིན་ཏུ་དཀོན་ཀི། རྒན་རབས་པས་རྩྭ་ཐང་དུ་ཆར་བ་མི་འབབ་པ་ནི་རུ་སྡེ་བའི་ལས་ངན་པ་རེད་ཟེར། ངས་བལྟས་ན་ཀན་སུའུ་རྨ་ཆུ་ཡི་གསེར་གཏེར་ལ་འབྲེལ་བ་ཡོད་པར་འདོད་དེ། ས་གཤིས་ཤེས་པའི་ཆེད་མཁས་པ་ཞིག་གིས་ངོ་མ་འབྲེལ་བ་ཆེན་པོ་ཡོད་ཟེར། ཡིན་ནའང་ངས་གསལ་བོར་མི་ཤེས། གསེར་གཏེར་དེ་ནི་ངའི་ཕ་ས་ཕ་ཡུལ་དང་བར་ཐག་སྤྱི་ལེ༨ཙམ་ལས་མེད། དེ་ནི་ཀན་སུའུ་ཡི་ཁོངས་སུ་གཏོགས་པ་དང་བདག་གི་ཕ་ཡུལ་རྨེ་ཆུ་ནི་སི་ཁྲོན་ལ་གཏོགས་པས། སྲིད་འཛིན་ཐད་ནས་ས་ཆ་འདི་གཉིས་ལ་འབྲེལ་བ་ཅི་ཡང་མེད་མོད། ཁོར་ཡུག་གི་ངོས་ནས་བཤད་ན་དེ་འདྲ་ཞིག་མིན།
        ཆར་བ་འབབ་དུས་གསེར་གཏེར་ལས་གསེར་རྐོ་ཐབས་མེད་ལ་གྱོང་གུད་ཀྱང་མང་། དེར་བརྟེན། ཁོ་ཚོས་སྒྱོགས་མདེལ་གད་ནས་ཆར་བ་རྒྱང་དུ་སྐྲོད་པར་བྱེད། རྒྱུ་མཚན་དེའི་དབང་གིས་རྨེ་ཆུ་ལའང་ཆར་བ་ཤིན་ཏུ་དཀོན། ཆར་བ་འབབ་ཐེངས་ཆེས་མང་བའི་དབྱར་ཟླ་བདུན་པ་ལའང་ཆར་ཅང་མི་འབབ། སྒོ་ཕྱུགས་ནི་ངོ་མ་སྙིང་རྗེ་སྟེ། ཉིན་ཞིག་གི་ཞོགས་པར། ནོར་ལུག་གིས་ལུས་སུ་ཆགས་པའི་ཟིལ་བ་ཕན་ཚུན་བལྡག་ནས་སྐོམ་གདུང་སེལ་བ་མཐོང་བྱུང་།
     དཀའ་ངལ་དེ་སེལ་ཆེད། ངས་རུ་སྡེ་བའི་རྒན་རབས་པ་དང་སྡེ་དཔོན་གདན་དྲངས་ནས་གྲོས་ཚོགས་བསྡུས་པ་ཡིན་ལ། སྡེ་དཔོན་གྱིས་རུ་སྡེ་བའི་ནང་གི་སྡེ་མི་གསུམ་བདམས་ཤིང་དེའི་ཁར་ང་བཞག་ནས་མི་བཞི་ཡིས་གྲུབ་པའི་བྱེ་བཅོས་མཐུན་སྦྱོར་ཚན་ཆུང་བཙུགས་ཏེ། རྩྭ་ཐང་བྱེ་འགྱུར་བཅོས་སྐྱོང་རྒྱ་ཆེར་སྤེལ།
        སྐབས་རྗེས་མའི་བྱེ་བཅོས་ནི་རུ་སྡེ་བ་བཞི་ལས་གཅིག་འདེམས་དགོས། ང་ཡོད་སའི་སྡེ་བའི་མིང་ལ་སྒར་སར་ཟེར། སྡེ་བའི་ཧྲུའུ་ཅི་ཡིས་ང་ལ་ཁྱོད་ཀྱིས་ཕྱིན་ཆད་མུ་མཐུད་དུ་བསྒྲུབ་བསམ་ན། སྡེ་བ་གཞན་པར་སོང་ནས་སྒྲུབས་ཟེར། དེ་འདྲ་བཟང་ཀི། སྤྱི་སྤྱོད་རྩྭ་ས་ནས་རྩྭ་ཐང་བྱེ་འགྱུར་བཅོས་ན་ཤིན་ཏུ་འགྲིག ཀུན་ལ་བརྩོན་སེམས་ཆེ་ཞིང་མི་ཡང་མང་། རུ་སྡེའི་བར་དུ་མཐུན་སྦྱོར་ཡང་བྱེད་སླ། གྲུབ་འབྲས་བཟང་ན་ཀུན་ལ་ཕན་ཐོགས་པ་རེད། ང་ཚོ་སྡེ་བའི་རྩྭ་ས་ཁྱིམ་ཚང་རེ་རེར་བགོས་ཚར་མོད། སྡེ་བ་གཞན་པ་གསུམ་ལ་སྤྱི་སྤྱོ་རྩྭ་ས་མང་བོ་ཡོད་པས། འདེམས་ཤོག་འཕངས་ནས་སྡེ་བ་གང་ནས་བྱེ་བཅོས་མགོ་བརྩམ་ཐག་བཅད།
        དེ་ལྟར་སྡེ་བ་རེ་རེ་བཞིན་བྱེ་བཅོས་བྱས་ཤིང་། བྱེ་བཅོས་ལ་འབྲས་བཟང་ཇི་ལྟར་བྱུང་ན་ཀུན་གྱི་བརྩོན་སེམས་ཀྱང་སྔ་ན་མེད་པར་ཆེ་རུ་བསྐྱེད། ལོ་འདི་ཚོར། བྱེ་གྱུར་རྩྭ་ས་མུའུ་ཁྲི་༡ལྷག་བཅོས་ནས་སླར་གསོ་བྱུང་ཡོད། བྱེ་བཅོས་ཀྱི་ལས་འདི་ལ་འབྲོག་པ་༧༠༠ཞུགས་ཡོད་ཤིང་། དེ་ལས་ཀྱང་གལ་ཆེ་བ་ཞིག་ནི། བྱེ་བཅོས་ལ་འབྲས་བཟང་འཐོབ་པས་འབྲོག་དམངས་ཀྱི་ཡིད་ཆེས་ཇེ་ཟབ་ཏུ་སོང་བར་མ་ཟད། རྩྭ་ཐང་ནི་འབད་བརྩོན་བྱས་ན་སླར་གསོ་ཐུབ་པར་འདོད་འདུག བདག་གིས་བལྟས་ན་འདི་ནི་ཧ་ཅང་གལ་ཆེ་ལ་དོན་སྙིང་ལྡན་པ་ཞིག་རེད།
     ༢༠༡༣ལོ་ནས་བཟུང་། བྱེ་བཅོས་ཀྱི་གྲོན་དངུལ་ཚང་མ་ང་ཚོ་རང་གིས་བསྡུས་པ་ཡིན། ལས་སླ་མོ་ཞིག་མིན་ཡང་ལོ་འདི་ཚོར་རྒྱུན་འཁྱོངས་བས་རིན་ཐང་ཆེ་བར་འདོད་ཡོད།

     ༢༠༡༦ལོའི་ཟླ་༣པར། ང་རང་དཔལ་བཟང་གིས་བྱེ་བཅོས་བྱས་པའི་རྩྭ་ཐང་གི་ཡུལ་དངོས་ལ་ལྟ་ཞིབ་ཏུ་སོང་བ་ཡིན། དེ་ནི་རྨ་ཆུ་དང་ཐག་མི་རིང་བའི་རྩྭ་ཐང་ཞིག་རེད་ལ། སླར་གསོ་བྱུང་ནས་མི་ལོ་ལྔ་འདས་ཡོད། ཕར་བལྟས་ན། རྒྱུན་ལྡན་གྱི་རྩྭ་ཐང་ལ་ཁྱད་པར་ཅི་ཞིག་ཡོད་པ་འབྱེད་མི་ཤེས། ཡིན་ནའང་། དཔལ་བཟང་གིས་འབྲོག་པ་རྒན་རབས་པའི་བཤད་པ་ལྟར་ན་རྩྭ་ཐང་འདི་རྩ་བ་ནས་བདེ་ཐང་ཡོང་བར་མི་ལོ་༡༥དགོས་ཟེར་ཅེས་བཤད་བྱུང་། འདི་རུ་བསྟན་པའི་བདེ་ཐང་ནི་བདག་གིས་སྐྱེ་དངོས་སྣ་མང་གི་བདེ་ཐང་ཞིག་ལ་ངོས་བཟུང་ཡོད། འབྲོག་པ་རྣམས་ཀྱིས་ཅི་ཞིག་ལ་སྐྱེ་དངོས་སྣ་མང་ཟེར་བ་མི་ཤེས་ནའང་། རྩྭ་སྣ་དེ་དག་སྐྱེས་པའི་རྩྭ་ཐང་ནི་ད་གཟོད་བདེ་ཐང་གི་རྩྭ་ཐང་ཡིན་པ་སེམས་ན་ཀ་དང་ང་ཡིན་སྲིད།

        སླར་གསོ་བྱུང་བའི་རྩྭ་ཐང་ཇི་ལྟར་བེད་སྤྱོད་པ་ནི་ཤེས་བྱ་གལ་ཆེན་ཞིག་ཡིན། ངས་ཀྱང་འབྲོག་པ་དག་གི་ཁ་ནས་ཤེས་པ་ཡིན། རྩྭ་ཐང་གི་དོ་དམ་ནི་ངོ་མ་བཤད་ན་ཕྱུགས་འཚོ་བའི་དོ་དམ་ཡིན། ལོ་ཞིག་ལ་རྩྭ་སྐྱེ་ཚུལ་མི་བཟང་སྟེ། དཔྱིད་དུས་སུ་རྩྭ་ལྗང་སྐྱེས་མེད་ལ། རྩྭ་སྐྱ་ཟོས་ཚར་བས་ནོར་ལུག་གིས་རྩྭ་ཁམ་གང་ཡང་ཟ་རྒྱུ་མི་རྙེད་པ་འདྲ། དེར་བརྟེན། ང་ཚོས་འབྲོག་པ་རྣམས་ལ་བྱེ་བཅོས་རྩྭ་ཐང་དུ་ཕྱུགས་འཚོ་རུ་བཅུག ནོར་ལུག་དག་གིས་ས་ངོས་ཀྱི་རྩྭ་སོན་དག་ས་ནང་དུ་བརྫིས་པའམ་ཡང་ན་ས་གཞན་དུ་དྲུད་པས་རྩྭ་ཐང་སླར་གསོ་ལ་ཕན་པ་ཆེ། ནམ་ཞིག་ལ་ནོར་ལུག་འཚོ་བ་དང་། ནོར་ལུག་ཅི་ཙམ་འཚོ་བ་སོགས་ནི་འབྲོག་པ་རྒན་རབས་པ་རྣམས་ཀྱི་སེམས་ན་གསལ་བོ་ཡིན།
          སླར་གསོ་འབྱུང་བཞིན་པའི་རྩྭ་ཐང་དུ་ནོར་ལུག་འོས་འཚམས་འཚོ་བ་ནི་ཡང་ཅིག་བཤད་ན་རྩྭ་ཐང་གི་སྲུང་སྐྱོང་ཞིག་ཀྱང་ཡིན། ཕྱུགས་འཚོ་ཚུལ་དེ་འདྲ་མུ་མཐུད་དུ་རྒྱུན་བསྐྱངས་ཏེ། རྩྭ་ཐང་གི་སྐྱེ་ཁམས་ནི་ནོར་ལུག་གི་ཁ་ཟས་དང་རྨིག་བརྫིས་ཁྲོད་སླར་ཡང་གསོན་ཤུགས་རྒྱས་བཞིན་གདའ།
        དེ་ལྟར་མཛོད་དགེའི་རྩྭ་ཐང་དུ་སྐྱ་ཐིང་ཐིང་དུ་ཆགས་པའི་བྱེ་ཐང་དེ་སྔོ་ལམ་ལམ་གྱི་ལྗང་མདོག་ཏུ་བསྒྱུར་བ་ཡིན་ལ། དེ་ལས་ཀྱང་གལ་ཆེ་བ་ནི། འབྲོག་དམངས་ཀྱིས་དེ་ལས་ཡིད་ཆེས་རྙེད་ཅིང་། དེ་ལས་ལ་རྒྱ་ཟིན་ཡོད། དེ་ནི་སྲོལ་རྒྱུན་རིག་གནས་ཀྱི་ཡིད་ཆེས་ཤིག་ཡིན་ལ། རྩྭ་ཐང་རིག་གནས་ཀྱི་ལ་རྒྱ་ཞིག་ཀྱང་ཡིན།
        དཔལ་བཟང་གིས་རྩྭ་ཐང་ནི་སྲོལ་རྒྱུན་རིག་གནས་ཀྱི་གཟི་དཔལ་ངོམས་པའི་གནས་ཤིག་ཏུ་ངོས་ཟིན་ཡང་། ན་གཞོན་རྣམས་ཀྱི་བྱ་སྤྱོད་ལས་རྩྭ་ཐང་གི་རིག་གནས་ཤོར་བའང་ཚོར་ཡོད། ཕ་མེས་ཡང་མེས་རྣམས་ཀྱི་བློ་གྲོས་ནི་ཁོ་ཚོས་གཏན་ནས་རྒྱུན་འཛིན་ཐུབ་མེད། མ་འོངས་པའི་རྩྭ་ཐང་ལ་རིག་གནས་ཀྱི་བརྒྱུད་སྤེལ་མེད་ན། རྩྭ་ཐང་ཅི་འདྲ་ཞིག་ཏུ་འགྱུར་བར་བསམ་བློ་ཙམ་ཡང་གཏོང་མི་ཕོད། ཁོས་རིག་གནས་ཀྱི་ཡིད་ཆེས་འཛམ་གླིང་ཡོངས་ལ་སྤེལ་འདོད།

         དབྲ་ཁྱུང་དཔལ་བཟང་གིས་སི་ཁྲོན་དང་ཀན་སུའུ་འབྲེལ་མཚམས་ཀྱི་ལྷ་མོ་གྲོང་རྡལ་ནས་ས་ཞིག་ཉོས་ཡོད། སྔོན་ཆད། བོད་ལྗོངས་ཀྱི་ས་ངོས་སྙོམས་ཐིག་ཅེས་པའི་བརྩམས་སྒྲུང་ལ་བརྟེན་ནས་ནུབ་ཕྱོགས་རྒྱལ་ཁམས་སུ་མིང་དུ་གྲགས་པའི་ཡུལ་འདི་ནི། ཚ་ཚ་འུར་འུར་གྱི་ཡུལ་སྐོར་མཛེས་ལྗོངས་ཤིག་ཏུ་གྱུར་ཡོད། གྲོང་རྡལ་ཆུང་ཆུང་འདི་རུ་བོད་བརྒྱུད་ནང་བསྟན་གྱི་དགོན་པ་གཉིས་དང་ཧའེ་རིགས་ཀྱི་དགོན་པ་ཞིག་ཀྱང་ཡོད། གྲོང་རྡལ་ཆུང་ཆུང་འདི་གངས་རི་ར་བས་བསྐོར་ཅིང་འབྲུག་དཀར་གཙང་བོ་ཤག་ཤག་ཏུ་བཞུར་བཞིན་ཡོད། ཕྱི་བཀོད་པའི་མཛེས་པ་དང་ནང་བཅུད་ཀྱི་རིག་གནས་ཕུན་སུམ་ཚོགས་པས་གནས་འདི་ལ་ཤར་ཕྱོགས་ཀྱི་སུའེ་ཙེར་ཆུང་ཆུང་གི་མཚན་སྙན་ཡོད།

       ལྷ་མོ་གྲོང་རྡལ་དུ་དཔལ་བཟང་གིས་རྩྭ་ཐང་གི་སྐྱེ་ཁམས་བགྲོ་གླེང་ལྟེ་གནས་ཤིག་བསྐྲུན་ནས། རིག་གནས་ཀྱི་ཡིད་ཆེས་ཕུགས་འདུན་མངོན་དུ་བསྒྱུར་སེམས་འཆང་། ༢༠༡༤ལོར། བགྲོ་གླེང་ལྟེ་གནས་འཛུགས་སྐྲུན་གྱི་ལས་ཐོག་མ་ཡོངས་སུ་འགྲུབ་སོང་། དེ་ནི་ཤིང་རྙིང་གིས་བསྐྲུན་པ་ཡིན་ལ། ཤིང་ཆ་དེ་དག་ནི་ནགས་གསེབ་ཀྱི་ཤིང་ཁང་ཆུང་ཆུང་ཞིག་ལས་བླངས་བ་ཡིན། ཤིང་ཁང་གི་བདག་པོ་ནི་ཨར་འདམ་ཁང་དུ་སྤར་ཟིན་པས་དཔལ་བཟང་གིས་ཤིང་ཆ་དེ་དག་ཉོས་པ་རེད། བགྲོ་གླེང་ལྟེ་གནས་དེ་ལ་དབྲ་ཁྱུང་ཚང་སྐྱེ་ཁམས་རིག་གནས་བགྲོ་གླེང་ལྟེ་གནས་ཞེས་མིང་ཡང་བཏགས།
        ད་ལྟ། ཤིང་ཁང་ནང་དུ་འཛུལ་མ་ཐག དཔེ་ཆ་སྣ་ཚོགས་མིག་ལམ་དུ་གསལ་ལེར་ཤར་ཡོང་། ན་གཞོན་རྣམས་ཀྱིས་ལྟ་རིན་སྐར་མ་གང་ཙམ་ཡང་གཏོང་མི་དགོས་པར་དཔེ་ཆ་རང་མོས་སུ་ཀློག་ཆོག ཁོ་ཚོས་ཤིང་ཁང་འདི་ནས་ཁ་བརྡ་དང་དཔེ་ཀློག རྩྭ་ཐང་གི་རིག་གནས་བགྲོ་གླེང་བྱེད་ཆོག དཔལ་བཟང་གིས་དཔེ་མཛོད་ཁང་དེ་ནི་དོན་མེད་ལྡོམ་པོ་དང་ཆང་ཁང་ཉུལ་བའི་ཆང་བ་དག་གི་འཚོ་བ་ཞིག་ཏུ་འགྱུར་བར་རེ་བ་འཆང་འདུག
        དཔེ་མཛོད་ཁང་དེ་ནི་དབྲ་ཁྱུང་ཚང་སྐྱེ་ཁམས་རིག་གནས་བགྲོ་གླེང་ལྟེ་གནས་ཀྱི་གྲུབ་ཆ་ཞིག་ཡིན་ལ། ད་ལྟ། དབྲ་ཁྱུང་ཚང་སྐྱེ་ཁམས་རིག་གནས་བགྲོ་གླེང་ལྟེ་གནས་ལ་ཁའོ་ཧྥེ་ཁང་དང་སྐྱེ་ཁམས་མགྲོན་ཁང་། སྐྱེ་ཁམས་འགྲེམ་སྟོན་ཁང་སོགས་ཡོད། ཁོས་ཕྱོགས་བཅུའི་མགྲོན་པོར་རིས་མེད་དུ་སྒོ་ཕྱེས་ཡོད། དཔལ་བཟང་གིས་དེ་ནི་སྤྱི་ཚོགས་ཡོངས་དང་ཐ་ན་འཛམ་གླིང་ཡོངས་ཀྱིས་མཛོད་དགེ་ལ་དོ་སྣང་དང་རྩྭ་ཐང་རིག་གནས་ལ་དོ་སྣང་བྱེད་སའི་མེ་ལོང་ལྟ་བུ་ཞིག་ཏུ་འགྱུར་བར་རེ་བ་ཆེ་ཟེར།
        དཔལ་བཟང་གིས་གོར་མོ་རྡོ་བཞིན་སེམས་ཐག་བཅད་པའི་ཆོད་སེམས་རེ་རེ་ངས་དང་དུ་ལེན་ཐུབ་མོད། འགྲོ་སོང་དེ་འདྲ་མང་བོ་ཞིག་གི་ཡོང་ཁུངས་ཅི་ཡིན་ནམ།  ཐེངས་ཤིག་ལ། ངས་འགྲོ་སོང་ཤིན་ཏུ་ཆེའམ་ཞེས་ཁ་རོག་གེར་དྲིས། ཁོས་ད་རུང་སྒོར་ཁྲི་བཅུ་ཕྲག་དུ་མའི་བུ་ལོན་ཡོད། བགྲོ་གླེང་ལྟེ་གནས་འདི་བསྐྲུན་ཆེད། དཔལ་བཟང་གིས་ཁྱོ་ཤུག་གཉིས་ཀྱི་རྫོང་མཁར་གྱི་གཞིས་ཁང་དང་སྤུན་ཆུང་གི་རྫོང་མཁར་གྱི་གཞིས་ཁང་བཙོང་ནས།  ཁང་རིན་ཡོད་ཚད་དབྲ་ཁྱུང་སྐྱེ་ཁམས་རིག་གནས་བགྲོ་གླེང་ལྟེ་གནས་འཛུགས་སྐྲུན་གྱི་འགྲོ་སོང་དུ་བཏང་བ་རེད། མགྲོན་ཁང་གི་ཚོང་སྒོ་ཕྱེ་རྗེས་ཡོང་འབབ་ངེས་ཅན་ཞིག་ཡོད་པས་བགྲོ་གླེང་ལྟེ་གནས་འདི་བདག་གཉེར་ཐུབ་ངེས་ཞེས་བཤད་བྱུང་།
        དབྲ་ཁྱུང་དཔལ་བཟང་གི་ཚ་བུ་ཡེ་ཤེས་གྲགས་པ་ནི་རང་སྦྱོང་ལམ་ནས་ཡོན་ཏན་པར་གྱུར་པའི་བརྙན་ལེན་པ་ཞིག་ཡིན། ཁོ་ཡང་ཨ་ཁུར་འགྲོགས་ནས་ཁོར་ཡུག་སྲུང་སྐྱོང་གི་ལས་ལ་ཞུགས་ནས་མི་ལོ་ལྔ་འདས་ཡོད། དཔལ་བཟང་གིས་བཤད་པ་ལྟར་ན། ངེད་དབྲ་ཁྱུང་ཚང་སྐྱེ་ཁམས་རིག་གནས་བགྲོ་གླེང་ལྟེ་གནས་བསྐྲུན་པ་ནས་བཟུང་བྲེལ་བ་ཤིན་ཏུ་ཆེ་ཀི།
        ༢༠༡༥ལོར། སྐྱེ་ཁམས་སྲུང་སྐྱོང་བགྲོ་གླེང་བྱེད་སྒོ་ཐེངས་༢༠ལྷག་སྤེལ་ཡོད། ༢༠༡༦ལོར་ཁོ་ཚོས་བྱེད་སྒོ་༤༠ལྷག་སྤེལ་ཡོད། ལྷག་པར་དུ། དབྱར་དུས་སུ་དཔེ་མཛོད་ཁང་དུ་ཉིན་བཞིན་བྱེད་སྒོ་རེ་ཡོད། ལན་རེར་གཞན་པ་ཡོང་ནས་ཉན་པ་དང་། ལན་རེར་གཞན་པ་ཐོན་ནས་ང་ཚོས་ཉན་པ་ཡིན། ཉིན་རེ་བཞིན་གྲུབ་འབྲས་རེ་ཡོད།

       ངའི་སྣང་བ་ཞིག་ལ། དབྲ་ཁྱུང་ཚང་སྐྱེ་ཁམས་རིག་གནས་བགྲོ་གླེང་ལྟེ་གནས་ནི་དཔལ་བཟང་གིས་རང་ཉིད་དང་འབྲོག་དམངས། འཛམ་གླིང་ཡོངས་ཀྱི་རྩྭ་ཐང་སྐྱེ་ཁམས་ལ་དོ་སྣང་བྱེད་པའི་མི་སྣ་རྣམས་ལ་གྲ་སྒྲིག་བྱས་པའི་བསམ་པའི་ཁྱིམ་གཞིས་ཤིག་ཡིན་པར་འདོད།

        ངོ་མ་བཤད་ན། ལོ་ངོ་གཅིག་གི་རིང་ལ། ཁོ་ཡང་བསམ་པའི་ཁྱིམ་གཞིས་འདི་ནས་ཀྱང་འདུག་ཁོམ་ཉིན་མང་བོ་མེད་ལ། ཁ་བ་འབབ་དུས་པར་ལེན་པའི་ཉིན་མོ་ལྟ་བུ་ནི་དེ་བས་ཀྱང་དཀོན། ཁོ་ནི་འཛམ་གླིང་ཡོངས་ཀྱི་སོན་འདེབས་ལ་བྲེལ་ཞིང་། བྱེ་བཅོས་ཀྱི་ཉམས་མྱོང་དང་རིག་གནས་ཀྱི་སྟོབས་ཤུགས་སྤེལ་བར་བྲེལ་བཞིན་ཡོད། སྲིད་གཞུང་གི་སྡེ་ཁག་དང་ཁོར་ཡུག་སྲུང་སྐྱོང་གི་ལས་ཁུངས་མང་བོས་ཁོ་གདན་དྲངས་ནས་ཉམས་མྱོང་ཁྲིད་དུ་འཇུག་པ་རེད། ཁོས་ཐེངས་རེ་རེར་ནན་ཏན་གྱིས་ཁྲིད་པར་མ་ཟད། ཐེངས་རེ་རེར་འབྲོག་པ་ཞིག་ལྟར་ཁོའི་བསམ་གཞིག་དང་གྲུབ་འབྲས། སེམས་ཁྲལ་བཅས་ལྷུག་པོར་བརྗོད་ཡོད།
        ངས་དཔལ་བཟང་ལ་སེམས་ཁུར་ཆེས་ཆེ་ས་ནི་ཅི་ཞིག་ཡིན་ཞེས་དྲིས་ཙ་ན། ཁོས་སེམས་ཁུར་ཆེས་ཆེ་ས་ནི་ན་གཞོན་རྣམས་ལག་ཆགས་ཚུལ་ཡིན། ཁོས་ན་གཞོན་མང་ཆེ་བས་རང་གི་ཕ་ཡུལ་ཡང་ངོ་མི་ཤེས་པ་ཚོར་དུས་སེམས་པ་ཤིན་ཏུ་སྐྱོ་བྱུང་ཟེར།

        དེར་བརྟེན། ལོ་རེའི་དབྱར་གནང་དུ། ཁོས་རྩ་འཛུགས་བྱས་ཏེ་རྟ་ཞོན་ནས་ཕ་ཡུལ་འགྲིམ་པའི་བྱེད་སྒོ་སྤེལ། ནང་དུ་ཞུགས་མཁན་མང་ཆེ་བ་ནི་སློབ་ཆེན་པ་ཡིན། ཁོས་དམིགས་སུ་འབྲོག་དམངས་རྒན་པ་དང་བོད་ཀྱི་ཁོར་ཡུག་སྲུང་སྐྱོང་བ་གདན་དྲངས་ནས་མཉམ་དུ་འགྲོ་བ་རེད། ཕལ་ཆེར་གཟའ་འཁོར་གཅིག་ཙམ་གྱི་རིང་ལ། ཁོ་ཚོས་རྟ་ཞོན་ནས་རི་ལུང་ཐང་གསུམ་རེ་རེ་བཞིན་འགྲིམ་ཞིང་། ཆུ་དང་ཆུ་ཕྲན་རེ་རེ་བཞིན་བརྒལ་ནས། མཐོང་ཐོས་ཚང་མར་བགྲོ་གླེང་བྱས་ཏེ་རང་གི་ཕ་ས་ཕ་ཡུལ་ངོས་འཛིན་པ་རེད། དཔལ་བཟང་གིས་བྱེད་སྒོ་འདི་ལ་ཕན་འབྲས་ངོ་མ་བཟང་ཀི། ངས་མུ་མཐུད་དུ་རྒྱུན་སྐྱོང་རྒྱུན་ཡིན་ལ། ན་གཞོན་པ་མང་བོར་རྩྭ་ཐང་རིག་གནས་ཀྱི་རིན་ཐང་ངོས་ཟིན་དུ་འཇུག་པ་དང་། འབྲོག་དམངས་ཤིག་གི་ཡིད་ཆེས་དང་ལ་རྒྱ་ལྡན་དུ་འཇུག་རྒྱུ་ཡིན་ཞེས་བཤད་བྱུང་།

          ཚེ་འདིར་དཔལ་བཟང་ཕ་ཡུལ་དུ་ལོག་སྟེ། རྩྭ་ཐང་རིག་གནས་སླར་གསོ་དང་འབྲོག་དམངས་རྣམས་རྩྭ་ཐང་དུ་འཚོ་བ་རོལ་བར་རོགས་སྐྱོར་དང་། མགོ་འཁོར་བའི་ན་གཞོན་རྣམས་ཀྱིས་རྩྭ་ཐང་ངོས་ཟིན་པར་རོགས་སྐྱོར་བྱེད་བཞིན་འདུག ཁོས་བྱེ་བཅོས་ཀྱི་ཐབས་ཤེས་རྙེད་ཡོད་པས། ཕུགས་བསམ་གྱི་གཤོག་ཟུང་བརྐྱངས་ནས་ཨ་སྔོན་མཐོངས་སུ་འཕུར་སྲིད།
       བྱེ་བཅོས་ཀྱི་དཔའ་རྒོད་འདི། མི་མང་བོ་དང་འཕྲིན་སྦྱོར་ཁག་གིས་ཁོ་ལ་བསྩལ་བའི་མིང་བྱང་ཡིན། ཡིན་ནའང་། བདག་གི་བསམ་ཚུལ་ཞིག་ལ། གལ་ཏེ་དཔལ་བཟང་རང་ལ་མིང་བྱང་འདེམ་དུ་བཅུག་ན། ང་ནི་འབྲོག་པ་རྐྱང་རྐྱང་ཞིག་གོ་ཞེས་གདེང་ཚོད་མཐོན་པོས་བཤད་སྲིད།  




39.7K

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས།蜀ICP备14009601号-1