ཁྲི་གོང་ཨོ་རྒྱན་ཚེ་རིང་གི་སྙན་རྩོམ་བདམས་བཀོད།

ཁྲི་གོང་ཨོ་རྒྱན་ཚེ་རིང་། རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 01-29


        ཁྲི་གོང་ཨོ་རྒྱན་ཚེ་རིང་། རྩོམ་རིག་རབ་འབྱམས་པ་དང་ཞུས་ཆེན་ལོ་ཙཱ་བ་སྟེ། མཚོ་སྔོན་ཁྲི་ཀའི་མི་ཡིན། སྔ་རྗེས་སུ་བོད་རྒྱ་ཡིག་རིགས་གཉིས་ཀྱིས་སྙན་ངག་དང་དཔྱད་རྩོམ། བསྒྱུར་རྩོམ་ལ་སོགས་བརྩམས་ཆོས་བརྒྱ་ལྷག་ལྗོངས་ཕྱི་ནང་གི་དུས་དེབ་སོགས་ཀྱི་སྟེང་དུ་སྤེལ་མྱོང་ལ། དེ་ལས་བརྩམས་ཆོས་ཁག་ཅིག་བོད་རྒྱ་ཡིག་རིགས་གཉིས་ཀྱི་དཔེ་ཚོགས་བཅུ་ལྷག་གི་ནང་དུ་བདམས་པ་དང་། རྒྱལ་ཁབ་དང་ཞིང་ཆེན་རིམ་པའི་བྱ་དགའ་ཐེངས་བཅུ་གཉིས་ལ་ཐོབ་མྱོང་པ་མ་ཟད། 《 ཨ་མདོ་བྱམས་པ་དང་དགེ་འདུན་ཆོས་འཕེལ། 》 《 རིག་འཛིན་ཚངས་དབྱངས་རྒྱ་མཚོ།》 (རྒྱ་འགྱུར)སོགས་དཔེ་ཆ་ཁ་ཤས་པར་སྐྲུན་འགྲེམས་སྤེལ་བྱས་དང་བྱེད་བཞིན་པའི་སྒང་ཡིན། ད་ལྟ་བོད་ལྗོངས་བརྙན་འཕྲིན་ལས་ཁུངས་ནང་ཕྱག་ལས་གནང་བཞིན་ཡོད།


ཞོགས་པ་དེར།
—4་14ས་ཡོམ་ནང་རྐྱེན་ལམ་དུ་ཤོར་བའི་སྤུན་ཟླ་ཡོངས་ལ་མྱ་ངན་ཞུ།
ནམ་རྒྱུན། དཔྱིད་ཟླ་བཞི་པར།
ཨ་གུར་གྱི་དྲི་ངད་བྱུགས་པའི་མཚན་མོར།
སྐྱེས་མའི་ཟུར་མདའ་དང་སྒོ་ཁྱིའི་ཟུག་སྐད་རྒོད་ཀྱང་།
དོ་ནུབ། སྤྲིན་པའི་འཇམ་ཤ་དང་།
ཟླ་བའི་གོམ་སྒྲ་ལས་ཅི་ཡང་ཐོས་རྒྱུ་མི་འདུག
(གྲོང་ཁྱེར་དུ)
ཕལ་ཆེར་རི་ལུང་ཀུན་ཏུའང་དེ་བཞིན་ཏེ།
ཟླ་བ་དང་སྐར་ཚོགས། མེ་ཏོག་གི་དྲི་བསུང་།
ད་དུང་དེ་ལས་ཟབ་པའི་འཇམ་ཐིང་ཐིང་གི་མཚན་མོ།
དེ་བཞིན་ཏེ།
ང་རང་ཟླ་བའི་འོད་སྣང་ལ་འཁྱུད་ནས།
དོ་ནུབ་ཁྱེད་ཀྱི་རི་ལུང་དུ།
བསིལ་འཇམ་གྱི་རླུང་བུ་ཞིག་ལ་སྤྲུལ་ཏེ།
རྟ་མཆོག་གི་བང་ཁ་དང་འབྲི་མོའི་ནུ་ཁ།
ཀུན་ནས་བསྐུལ་བར་བསྐྱོད་འདོད་ཅིང་།
གནམ་མཁའི་སྐར་མ་ཞིག་ཀྱང་བཏོགས་ནས།
ཁྱེད་ལ་འབུལ་བསམ་ཡང་།
འཇམ་ཐིང་ཐིང་གི་མཚན་མོ་དེ་དང་།
ཁྱེད་ཀྱི་རྨི་ལམ་དཀྲོག་པར་ཞེད་དེ།
ཤུ་སྒྲ་ཙམ་ཡང་རྒྱག་མ་ཐུབ།
འོན་ཀྱང་། ཞོགས་པ་དེར།
རི་འདབས་ཀྱི་འབའ་སྒྲ་དང་ངུར་སྒྲ།
ད་དུང་རྟ་རྡང་ལས་ཤོར་བའི་རྨིག་སྒྲ།
མི་ཚེ་ཞིག་གི་གཞི་ལམ།
ཡོད་ཚད། སྐད་ཅིག་དེ་ཉིད་ལ།
འཚེར་སྐད་ཅིག་དང་མཉམ་དུ།
(དགོངས་པ་མ་ཚོམས)།
ནག་ཐོམ་མེར་བཞུད་སོང་།
བསམ་ཡུལ་ལས་འདས་པ་ལ།
ཞོགས་པ་དེར། རི་ལུང་ཀུན་ཏུ།
སྐྱ་མདའི་གཤོག་ཟུང་རྐྱོང་དུས།
ངས་སྤྲིན་པའི་འཇམ་ཤ་དང་ཟླ་བའི་གོམ་སྒྲ་ལས།
ཁྱེད་རང་ཁྲ་གྱི་ལེར་མཐོང་ཞིང་།
ཨ་མའི་མིག་ཟུང་དེ་ལས་གསལ་མོད།
སྐད་ཅིག་དེ་ཉིད་ལ།
སྐར་ཚོགས་ས་ལ་ལྷུང་བས།
ཕ་མ་འབའ་ལྡིར་གྱིས་དཀྲིས་ཤིང་།
ང་རང་བུ་དང་བུ་མོས་བཏུམས་བྱུང་།
ཞོགས་པ་དེར།
ཕལ་ཆེར་སྐྱ་མདའ་ཤར་མ་ཐུབ་པ་འདྲ།
མི་རྣམས་ཀྱི་སྙིང་ཁོང་ལས་མཆེད་པའི་མེ་ལྕེ་རེ་རེ།
བར་དོ་ན་སྙན་ངག་ཅིག་གི་ཚུལ་གྱིས།
མ་ཎིའི་མཆོད་ཕྲེང་དང་བཅས།
ཤིན་ཏུ། རབ་ཏུ། ཀུན་ཏུ་འབར་རོ། །
2010ལོའི་ཟླ་4ཚེས་17ནས་18བར་ལྷ་ས་ནས།
ལྷ་སའི་ཞོགས་པ། (གཞན་བཞི། )
ཞོགས་པའི་སྐྱ་མདའ་དམར་པོ་རིའི་གཤོག་འོག་ནས་རྒྱས་དུས།
ལྷ་ས་བཙས་མ་ཐག་པའི་བྱིས་པ་ཞིག་དང་འདྲ་བར།
ཕ་མེས་གྲེ་བར་འཁྱིལ་བའི་ཡིག་དྲུག་བཞིན།
སྐོར་ལམ་དུ་བསྙལ་ཅིང་འཁྲུད་ལ།
ཇོ་ཁང་ཕྱག་གིས་མཇལ་ཅིང་པོ་ཏཱ་ལ་སེམས་ལ་ཉར་ཏེ།
ཨ་མའི་པང་དུ་བག་ཡངས་སུ་རྒྱུ། སྔ་མོར།
ལམ་འགྲམ་གྱི་གློག་འོད་ཟ་ཟི་ངང་འཚེར་བ།
ཕལ་ཆེར་མ་ཎི་འཁོར་ལོས་སེམས་ཤུགས་ཀྱིས་བསྒྲོན་པར་སེམས།
དེ་མིན་རྒྱང་རིང་གི་མགྲོན་པོས་བསང་དུད་རླུང་ལ་བསྐུར་ཚེ།
ཞོགས་པའི་དྲི་བཞོན་གྱིས་ལམ་སྨད་ཀྱི་གློག་འོད་དག་ཇི་ལྟར་གཟིམ།
དེ་དུས་པོ་ཏཱ་ལས་མཆོད་བསྟོད་བྱེ་བའི་མེ་ལྕེའི་གཟི་བྱིན་བསྣམས་ཏེ།
ཕྱོགས་བཞིའི་དད་ལྡན་རྣམས་ལ་ཞི་བདེའི་དངོས་གྲུབ་སྩོལ་བཞིན།
བསིལ་རླུང་གི་བང་ཁ་བརྟོལ་བའིTAXLའཛུམ་བརྒྱ་དང་།
བར་སྐོར་དུ་འཁྱམས་པའི་སྤྲང་ཁྱིས་སྦྱིན་བདག་གི་ཕྱག་ཟུང་ལས།
མཚམས་སྤྲིན་དམར་པོའི་བྱང་སེམས་དཔྲལ་བར་བཅིངས་ནས།
སྐྱིད་སྡུག་གི་མཁའ་དབྱིངས་ལ་སྙན་ངག་གི་དཀྱིལ་འཁོར་དྲངས་བྱུང་།
གནས་དེའི་གྲོང་ཚོ་ལས་འཕྱུར་བའི་ཞོགས་པའི་དུ་ཞགས།
ལྷ་སའི་སྐྱིད་ཆུ་བཞིན་བག་ཕེབས་ལྷོད་ཡངས་ངང་བཞུར་བ།
ངང་རྒྱུད་ལྷོད་ཅིང་རྩོལ་ཤུགས་ཉམས་ལ།
ལྕགས་པོ་རིའི་རྒྱབ་ཏུ་མེ་འཁོར་གྱི་དུང་སྒྲ་དབུལ་ཡང་།
ལྷ་ས་ལྷ་དང་སྙན་ངག་གིས་གྲུབ་པས།
གླིང་སྐོར་གྱི་ལམ་ན་བགྲེས་སོང་ཕྱི་མར་བྲེལ་ཞིང་།
སྐྱེས་པ་ཚོ་མཚན་མོར་བསྔས་ནས་གསར་རྩོམ་ལ་གཞོལ།
ཡར་ཀླུང་གཙང་པོའི་གཤོག་རླབས་མཁའ་མཐར་རྐྱོང་དུས།
འགྲུལ་བཞུད་པའི་མིག་ཟུང་སྐར་མདའ་བཞིན་ལྷ་སར་ལྷུང་།
འཇིག་རྟེན་བདོག་པ་ཙམ་གྱིས་གྲུབ་ན།
ཁ་བཏགས་ཀྱི་མཆོད་སྤྲིན་ལྷ་ལམ་ལས་ཡངས་ཤིང་།
བུད་མེད་འཛུམ་ཀོང་ཆང་སེར་ལས་ཀྱང་ཞིམ།
འཆམ་རྡུང་གི་སྟངས་སྟབས་ལས།
ལྷ་སའི་ཞོགས་པ་སྔོ་ཞིང་དྭངས་པ།
ལས་ལ་བརྩོན་པའི་སོ་ནམ་པའི་སེམས་ཁམས་དང་།
ཀུན་ནས་མཚུངས།
1998ལོའི་ཟླ་8ཚེས་10ཉིན་ཟི་ལིང་དུ།
མཆན། སྙན་རྩོམ་འདིའི་རྒྱ་འགྱུར་ལ་1999ལོར་99བུམ་པའི་རྒྱལ་ཡོངས་ཀྱི་སྙན་ངག་དང་ལྷུག་རྩོམ་འགྲན་བསྡུར་ཆེན་མོའི་ཁྲོད་སྙན་ངག་རིམ་པའི་བྱ་དགའ་ཨང་གཉིས་པ་ཐོབ་པ་དང་། 2005ལོར་སྐབས་ལྔ་པའི་ཀྲུང་གོའི་དུས་རབས་རྩོམ་རིག་འཚོལ་བསྡུ་ཆེན་མོའི་མཛད་སྒོའི་ཁྲོད་གསེར་གྱི་རྟགས་མ་ཐོབ་པ་མ་ཟད། དུས་རབས་གསར་པར་གཏོར་བའི་མེ་ཏོག་གི་མཆོད་ཡོན་ཞེས་པའི་དཔེ་དེབ་ནང་དུ་བདམས།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1