མཇུག་གི་གཏམ།

རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 01-29


        

        དེ་ཡང་རོང་ཆེན་བཞིའི་ཡ་གྱལ་ལྕགས་མདུད་འབྲུག་མོ་རྫོང་ངམ་ཉག་རོང་རྫོང་གི་རིག་གནས་ནི་ཡངས་ཤིང་གཏིང་ཟབ་པ། ཁྱད་པར་དུ་དམངས་ཁྲོད་རིག་གནས་ལས་སྐོར་བྲོ་ཁོ་ན་ལ་མཚོན་ནའང་། བྲོ་འགྲོས་དང་བྲོ་ཚིག་སོགས་ལ་བརྟགས་ན་སྐོར་བྲོ་ཀུན་གྱི་འབྱུང་ཁུངས་ལྟ་བུ་ཡིན་པར་བརྗོད་ཀྱང་ངོ་གནོང་མི་དགོས་པར་མཐོང་ཞིང་། གཞན་ཡང་གེ་སར་རིག་གནས་དང་ལ་གཞས། སྒྲུང་། ཁེད། རྟ་རྒྱུག་དང་དར་བཤད་སོགས་ཤེས་བྱ་ཀུན་འདུས་ཀྱི་རིག་གནས་མང་བ་དང་དེའི་དུས་སུ་ལོ་ཆེན་བེེ་རོ་ཙ་ན་དང་རྒྱལ་མོ་གཡུ་སྒྲ་སྙིང་པོ། ལྷ་ལུང་དཔལ་རྡོར་སོགས་སྐུ་དངོས་སུ་བྱོན་མྱོང་ལ། སློབ་དཔོན་པདྨ་འབྱུང་གནས་དང་རྗེ་འབངས་ཉེར་ལྔ་རྫ་འཕྲུལ་གྱིས་བྱོན་ཏེ་བྱིན་གྱིས་རླབས་པར་མཛད་མྱོང་། ལོ་རྒྱུས་ཐོག་ཏུ་འཇའ་ལུས་པ་ཉག་བླ་པདྨ་བདུད་འདུལ་སོགས་བན་བོན་གྱི་སྐྱེས་ཆེན་གྲུབ་པའི་དབང་ཕྱུག་དུ་མ་འཁྲུངས་མྱངས་ལ། ཉག་སྐེད་མགོན་པོ་རྣམ་རྒྱལ་སོགས་མི་སྣ་རླབས་པོ་ཆེ་ཡང་གྲངས་མེད་འཁྲུངས་མྱོང་། ལར་རིན་པོ་ཆེ་རྡོའི་རིགས་མང་བ་ནི་མཐོ་སྒང་གི་ཁྱད་ཆོས་ཡིན་ཡང་། ཡང་སྒོས་ཉག་རོང་གི་རི་ལ་གཏེར་རྡོ་འདྲ་མིན་སྣ་ཚོགས་འབེལ་ཞིང་། ས་ལ་རྩྭ་ཆུ་ཤིང་གསུམ་གྱིས་ཕྱུག་ཡོད་པར། སྟོད་དུ་ཁ་བ་ལུང་རི་དང་སྨད་དུ་སྐྱབས་འདུས་སྐྱིད་ནགས། བར་དུ་ལྷང་ལྷང་ནོར་བུའི་ཡང་རྩེ། ད་དུང་ཨ་བསེའི་ཟངས་མདོག་དཔལ་རི། ཨ་བསེའི་གཡང་རྡོ། མ་རིའི་མཚོ་ཁ། གླག་རི་མའི་རྩྭ་ཐང་། ཁམས་ཀྱི་ཟམ་པ་དང་པོ། ཉག་སྐེད་སྟག་མོ་མཁར་གྱི་རྗེས་ཤུལ་སོགས་ངོ་མཚར་བའི་རྫ་རི་དང་སྤང་རི། མཚོ་དང་མཚེའུ། ལོ་རྒྱུས་རབ་ཏུ་རིང་བའི་འཛུགས་སྐྲུན་བཅས་ཤིན་ཏུ་མང་པོ་ཡོད་ལ། བོད་ཡུལ་ས་ཆ་གཞན་དང་མི་འདྲ་བའི་སྲོལ་རྒྱུན་གྱི་ལོ་གསར་མཚོན་བྱེད་བཅུ་གསུམ་དུས་ཆེན་ཟེར་བ་ཞིག་ཀྱང་ཡོད་དོ། །  


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1