སློབ་མ་སློབ་གྲྭར་ཡོད་པའི་སྐབས་སུ་སྟབས་མ་ལེགས་པར་དོན་རྐྱེན་བྱུང་ན་གྱོང་གུད་སུ་ཡིས་འཇལ་དགོས།

ཚེ་བརྟན་སྒྲོལ་མས་སྒྲིག་སྒྱུར་བྱས། རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 01-29


དཔེ་མཚོན་ཅན་གྱི་དོན་རྐྱེན།
        སློབ་གྲོགས་ཀ་པ་དང་སློབ་གྲོགས་ཁ་པ་གཉིས་ནི་མཐོ་འབྲིང་ག་གེ་མོའི་འཛིན་གྲྭ་གཅིག་པའི་སློབ་གྲོགས་ཡིན་ཞིང་རྐང་གྲུག་རྩེ་བར་ཧ་ཅང་དགའ། ཉིན་ཞིག་གི་ཕྱི་དྲོར་འཛིན་གྲྭ་ཡོངས་ལུས་རྩལ་ཚོགས་མཐུན་འཚོགས་པའི་སྐབས་སུ་དགེ་རྒན་གྱིས་རུ་ཁག་བགོས་ཏེ་རྐང་གྲུག་འགྲན་བསྡུར་བྱེད་དུ་བཅུག སློབ་གྲོགས་ཀ་པ་དང་ཁ་པ་གཉིས་རུ་ཁག་མི་གཅིག་པ་གཉིས་སུ་བགོས་པ་དང་། འགྲན་རྩོད་བྱས་པ་ཛ་དྲག་ཆེ་ལ་སློབ་གྲོགས་ཀ་པ་དང་ཁ་པ་གཉིས་འགྲན་བསྡུར་གྱི་གལ་ཆེ་བའི་གནས་སྐབས་ཤིག་ཏུ་རྐང་གྲུག་འཕྲོག་རྩོད་བྱེད་སྐབས་སྟབས་མ་ལེགས་པར་སློབ་གྲོགས་ཀ་པ་དང་ཁ་པ་གཉིས་མཉམ་གཅིག་ཏུ་གདོང་ཐུག་རྒྱབ་པ་དང་མཉམ་དུ་སློབ་གྲོགས་ཀ་པ་ཐང་ལ་འགྱེལ་ཞིང་དཔུང་པ་གཡོན་པ་སྐྲངས་ནས་དམར་པོར་གྱུར་པས་སློབ་གྲོགས་ཀ་པ་མྱུར་བ་མྱུར་དུ་སྨན་ཁང་དུ་བསྐྱལ།
སྨན་ཁང་གིས་རྟག་དཔྱད་བྱས་པ་ལྟར་ན་སློབ་གྲོགས་ཀ་པ་ཐང་ལ་འགྱེལ་ནས་ལག་གཡོན་པ་བཅག་ཡོད་པས། སློབ་གྲོགས་ཀ་པའི་ཁྱིམ་བདག་གིས་དོན་རྐྱེན་དེའི་མཇུག་འབྲས་དང་སྨན་ཡོན་གྱི་འགྲོ་སོང་ཡོད་ཚད་སློབ་གྲོགས་ཁ་པའི་ཁྱིམ་བདག་དང་སློབ་གྲྭར་འགན་ཁུར་དགོས་ཟེར། འོན་ཀྱང་སློབ་གྲོགས་ཁ་པའི་ཁྱིམ་བདག་གིས་དང་ལེན་མ་བྱས་ཕྱིན་ཁྲིམས་ཁང་དུ་གཏུགས་གཤེར་བྱས། ཁྲིམས་ཁང་གིས་དོན་རྐྱེན་གྱི་བྱུང་རིམ་ལ་གཞིགས་ནས་འགྲོ་སོང་གི་བརྒྱ་ཆའི་ལྔ་བཅུ་སློབ་གྲོགས་ཁ་པའི་ཁྱིམ་བདག་གིས་སྤྲོད་དགོས་པ་དང་། བརྒྱ་ཆའི་སུམ་བཅུ་སློབ་གྲོགས་ཀ་པའི་ཁྱིམ་བདག་གིས་སྤྲོད་དགོས། བརྒྱ་ཆའི་ཉི་ཤུ་སློབ་གྲྭས་སྤྲོད་དགོས་པའི་ཐག་གཅོད་བྱས།
དོ་སྣང་བྱེད་ས་གཅིག
ལུས་སྲོག་ལ་གནོད་སྐྱོན་བྱས་པའི་དོན་སྐྱོན་གྱི་འགན་འཁྲི་བྱེད་ལུགས་ཇི་ལྟར་ཐག་གཅོད་བྱ་དགོས།
        སྤྱིར་བཤད་ན་ལུས་སྲོག་ལ་གནོད་སྐྱོན་བཟོས་པའི་དོན་སྐྱོན་འགན་འཁྲི་ནི་འབྲེལ་ཡོད་བྱེད་པ་པོའི་ནག་ཉེས་ལ་གཞིགས་ནས་གཏན་འབེབས་བྱེད་པ་དང་། དེའི་ནང་དུ་ནག་ཉེས་ཆེ་ཆུང་ལ་བརྟག་དཔྱད་བྱེད་པའང་འདུ། ཡང་དམིགས་གསལ་གྱི་དོན་རྐྱེན་འགའ་རེ་ལའང་ནག་ཉེས་མེད་པ་བཟོ་བའང་ཡོད། ཞིབ་མོར་བཤད་ན་《ཀྲུང་གོ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་གནོད་སྐྱོན་འགན་འཁྲིའི་བཅའ་ཁྲིམས།》གྱི་དོན་ཚན་དྲུག་པ་དང་དོན་ཚན་ཉེར་དྲུག་པར་གཞིགས་ན་ཉེས་སྐྱོན་བཟོས་པའི་ཕྱོགས་དེ་ཡིས་སྐྱིན་ཚབ་ཀྱི་འགན་འཁྲི་ཁུར་དགོས་ཤིང་། གལ་ཏེ་གནོད་སྐྱོན་ཕོག་པ་པོར་ཉེས་སྐྱོན་ཡོད་ན། ཉེས་སྐྱོན་ཆེ་ཆུང་གིས་གནོད་སྐྱོན་བྱེད་པ་པོའི་སྐྱོན་ཚབ་ཇེ་ཡང་གཏོང་བ་གཏན་འབེབས་བྱས་ཡོད།
དོ་སྣང་བྱེད་ས་གཉིས་པ།
ལུས་སྲོག་ལ་གནོད་སྐྱོན་གྱི་དོན་རྐྱེན་དང་བསམ་ཡུལ་ལས་འདས་པའི་དོན་རྐྱེན་ཇི་ལྟར་ཐག་གཅོད་བྱེད་པ།
        གོང་གི་དོན་རྐྱེན་དེའི་ཁྲོད་དུ་སློབ་གྲོགས་ཀ་བ་དང་ཁ་པ། སློབ་གྲྭ་བཅས་ཕྱོགས་གསུམ་གང་ཞིག་ནས་བཤད་ཀྱང་ནོར་སྐྱོན་ཞིག་མངོན་གསལ་དུ་ཡོད་པར་བཤད་དཀའ་སྟེ། ལུས་རྩལ་སློབ་ཐུན་དང་དེའི་འགུལ་སྐྱོད་དག་ནི་སློབ་ཁྲིད་ཀྱི་རྒྱུན་ལྡན་བྱ་བ་ཡིན་ཞིང་། དེ་མིན་རྐང་གྲུག་རྩེ་བའང་ཁོ་ཚོར་མཚོན་ན་ངེས་གཏན་བྱས་པའི་རྒྱུན་ལྡན་རང་བཞིན་གྱི་བྱ་འགུལ་ཞིག་ཡིན། སློབ་གྲོགས་ཀ་པ་དང་ཁ་པ་གཉིས་ཀྱིས་རྐང་གྲུག་འཕྲོག་རྩོད་འགྲན་རྩོད་ཀྱི་བྱ་སྤྱོད་ཀྱང་ལུས་རྩལ་ཀྱི་བློ་སྤོབས་ཕྱི་ལ་མངོན་པའི་རྟགས་མཚོན་ཞིག་ཡིན། ཕྱོགས་གཉིས་ལ་ཕན་ཚུན་དུ་གནོད་སྐྱོན་བཟོ་བའི་ཀུན་སློང་མེད་ལ་ནོར་འཁྲུལ་ཡང་མེད། ཏན་ཏན་སྟབས་མ་ལེགས་པའི་དོན་རྐྱེན་ཞིག་རེད། དེའི་རྒྱུ་མཚན་གྱིས《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་གནོད་སྐྱོན་འགན་འཁྲིའི་བཅའ་ཁྲིམས།》ཀྱི་དོན་ཚན་ཉེར་བཞི་དང་《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་རྒྱལ་དམངས་སྒྲིག་སྲོལ།》གྱི་དོན་ཚན་བརྒྱ་དང་སོ་གཉིས་སུ་གནོན་སྐྱོན་ཕོག་མཁན་དང་གནོད་སྐྱོན་བཟོ་བ་པོ་གཉིས་ལ་གནོད་སྐྱོན་བཟོ་བར་ནོར་བ་མེད་ཚེ། དངོས་ཡོད་གནས་ཚུལ་ལ་གཞིགས་ནས་ཕན་ཚུན་གཉིས་ཀྱིས་ཆག་སྐྱོན་འགན་ཁུར་བྱ་དགོས་པ་གཏན་འབེབས་བཟོས་ཡོད། གནས་ཚུལ་འདི་ལ་གཞིགས་ནས་ཁྲིམས་ཁང་གིས་དོན་རྐྱེན་བཟོ་བ་པོ་སློབ་གྲོགས་ཀ་བ་དང་ཁ་བ། སློབ་གྲྭ་གསུམ་ལ་འོས་འཚམས་ཀྱིས་སྐྱིན་ཚབ་སྤྲོད་པའི་ཐག་གཅོད་བྱས། དངོས་ཡོད་བགོ་ལུགས་བསྡུར་ཚད་ལ་བལྟས་ན། ཁྲིམས་ཁང་གིས་ཐག་གཅོད་བྱས་པ་ཁྲིམས་མཐུན་ལུགས་མཐུན་དུ་སྣང་སྟེ། དངོས་ཡོད་ཀྱི་གནས་ཚུལ་དང་མཐུན་ལ་གནོད་སྐྱོན་གྱི་སྐྱིན་ཚབ་སྤྲོད་པའང་དོན་དང་མཐུན་པ་ཞིག་གོ །
ཁྲིམས་རྩོད་པའི་དྲན་སྐུལ།
        སློབ་གྲྭ་རུ་ལུས་རྩལ་གྱིས་གནོད་སྐྱོན་བཟོ་བ་དང་། སློབ་མ་བར་གྱི་རྡུང་རེས། ཟ་དུག་ཕོག་པ། སློབ་གྲྭའི་སྒྲིག་གཞི་ཚད་རིམ་དུ་མི་སླེབས་པ་བཅས་ཀྱིས་གནོད་སྐྱོན་བཟོ་བ་གཅིག་རྗེས་གཉིས་མཐུད་དུ་འབྱུང་བཞིན་ཡོད། གནོད་སྐྱོན་འདི་དག་མི་འབྱུང་ཆེད་དུ་སློབ་གྲྭ་དང་སློབ་མ་ཕྱོགས་གཉིས་ནས་བདེ་འཇགས་ཀྱི་འདུ་ཤེས་ཡག་པོ་ཞིག་ཤེས་དགོས་ཤིང་། འབྲེལ་ཡོད་གནོད་སྐྱོན་ལ་གཞོལ་བའི་ཐབས་ཤེས་ཀྱང་སློབ་སྦྱོང་བྱ་དགོས།
        སློབ་གྲྭས་སྔ་མོ་ནས་བདེ་འཇགས་ཀྱི་སློབ་རའི་ཁོར་ཡུག་ཅིག་སྐྲུན་པར་འབད་བརྩོན་བྱ་དགོས་པ་དང་། དོ་དམ་དང་སློབ་ཁྲིད་ཀྱི་བྱེད་སྒོ་གང་ཞིག་དུའང་ཅི་ལྕོགས་ཀྱིས་བདེ་འཇགས་འགེབ་སྲུང་གི་བྱ་ཐབས་འོས་འཚམས་ཤིག་བཟོ་དགོས། དེ་དང་ཆབས་གཅིག་ཏུ་སློབ་མ་རྣམས་ཀྱིས་ཀྱང་དུས་དང་རྣམ་པ་ཀུན་དུ་རང་ཉིད་ཀྱི་བདེ་འཇགས་ལ་དོ་སྣང་བྱ་དགོས། ན་ཚོད་གཞོན་པའི་གསར་སྐྱེས་པ་དག་ནི་ང་བཟང་ང་ལེགས་ཀྱི་དུས་སྐབས་ཤིག་ཏུ་ཡོད་པས། སློབ་རའི་འཚོ་བ་དང་། སློབ་སྦྱོང་གི་ཁོར་ཡུག་གང་ཞིག་ཏུའང་དོན་རྐྱེན་ཕྲན་བུ་རེ་མི་འབྱུང་བའི་ངེས་བ་མེད་ལ། སྐབས་ལ་ལར་ཕྱོགས་གཉིས་ཀྱི་བསམ་མིན་གྱི་སྤྱོད་པས་ཀྱང་། ཡང་སྐབས་ལན་རེར་བསམ་ཡུལ་ལས་འདས་པའི་གནོད་སྐྱོན་ཚབས་ཆེན་བཟོ་སྲིད། དེའི་རྒྱུ་མཚན་གྱིས་སློབ་མས་འབད་བརྩོན་གྱིས་བདེ་འཇགས་སྲུང་སྐྱོབས་ཀྱི་ཤེས་བྱ་ལ་སྦྱོང་བ་བྱ་དགོས་ལ། བདེ་འཇགས་ཀྱི་འདུ་ཤེས་འཛུགས་དགོས་ཤིང་། བདེ་འཇགས་ཀྱི་གོམས་གཤིས་ལེགས་པོའང་ཆགས་ཏུ་བཅུག་སྟེ། རང་ཉིད་དང་གཞན་གང་སུ་ཡི་ལུས་སེམས་གཉིས་ཀྱི་བདེ་འཇགས་ལ་འགན་ཁུར་དགོས། །  


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1