ས་ཡུལ་ཤུལ། གནམ་ཡུལ་ཤུལ།4.14ཡུལ་ཤུལ་ས་ཡོམ་ཆེན་མོའི་དུས་དྲན་ལ།

རིག་སྨོན་དཀོན་མཆོག (དཀར་མཛེས) རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 01-31


ཞོགས་པ་དེ་ནི་ནམ་རྒྱུན་གྱི་ཞོགས་པ་དང་གཏན་ནས་མི་འདྲ།
ཤེས་ཚོར་མེད་པའི་ས་ཆེན་གྱི་ཆག་འཇིག་དེས།
གཅེས་སུ་འོས་པའི་ཚེ་སྲོག་མང་པོ་ཞིག་གློ་བུར་དུ་ཁྱུར་མིད་བཏང་སོང་།
ཨ་ཤུ་རེ། ས་ཡུལ་ཤུལ། གནམ་ཡུལ་ཤུལ།
ཁ་སང་། གནས་འདི་ནི་སྐལ་བཟང་མེ་ཏོག་གི་འདབ་མ་ལྷུག་ལྷུག་གྲོལ་སའི་རྩྭ་ཐང་དང་།
ཅང་ཤེས་རྟ་ཕོ་ཡི་གོམ་སྒྲ་བང་གིས་འགྲན་སའི་བྱང་ཐང་།
རྨ་རྫ་འབྲི་གསུམ་གྱི་ཆུ་མོ་ཤག་ཤག་རྒྱུ་སའི་ཡིད་འོང་གི་ཕ་ས་ལགས་ཀྱང་།
དུས་དེ་རིང་། བེམ་པོ་དང་མཆོད་མེ།
མིག་ཆུ་དང་ངུ་འབོད།
དྭ་ཕྲུག་བྱིས་པ། བདག་མེད་རྒན་རྒོན།
བྱ་ཁྱུ་བོར་བའི་བྱེའུ་ཆུང་བཞིན།
ཁེར་རྐྱང་གི་ལམ་ཕྲན་བརྒྱུད་ནས་འགྲོ་དགོས་བྱུང་།
སུ་ཡི་སེམས་ནའང་ཡལ་ཐབས་མེད་པའི་ཕ་ས་གོར་མོ་འདི་ལ།
ས་ཆེན་པོས་རྩེད་མོ་ཐེངས་གཅིག་གིས།
ང་ཚོའི་ལུས་སེམས་གཉིས་ཀར་རྨ་ཁ་ཚབས་ཆེན་བཟོས་ན་ཡང་།
སྙིང་དུ་སྡུག་པའི་ཤ་རུས་སྤུན་ཟླ་དག་གི་གཟི་བརྗིད་ཀྱི་བློ་སྤོབས་མཐོང་ཚེ།
ཁྱེད་ཉིད་ཡང་བསྐྱར་མགོ་བོ་དགྱེ་ཆོག་ཨང་།
ང་ཡི་ཡུལ་ཤུལ་བ།
སང་ཉིན་ནས་བཟུང་།
ཁྱེད་ཀྱི་འདས་སོང་ཡོད་ཚད།
ལོ་རྒྱུས་དེབ་ཐེར་གང་ཞིག་ཏུ་གསལ་བོར་བཀོད་ན་ཡང་།
གསོས་ཀྱང་སོས་ཐབས་བྲལ་བའི་སེམས་ཀྱི་རྨ་ཁ་ཆེན་པོ་དེ།
དུས་ཡུན་ག་ཙམ་ཞིག་ལ།
ན་ཟུག་གིས་བསྐྱོར་དགོས་ཨང་།
ས་ཡུལ་ཤུལ། གནམ་ཡུལ་ཤུལ།
ཡང་བསྐྱར་མི་ཡུལ་ལ་སྨོན་ལམ་ཐེངས་གཅིག་གནོངས་དང་།
ཕ་ས་གོར་མོ་འདིས།
ཁྱེད་ཕྱོགས་ལ་འཕྲེང་སེམས་ཡང་ཡང་གནང་གིན་འདུག


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1