གཙོ་ངོས།>> དེང་རབས་མི་སྣ།>>སྒྱུ་རྩལ་པ།

མི་གསལ། རྩོམ་སྒྲིག་པ།ཏིང་འཛིན་བཀྲ་ཤིས།ཡོང་ཁུངས།མཚོ་སྔོན་པོ་དྲ་བ། སྤེལ་དུས། ༢༠༡༤ལོའི་ཟླ་བ་༠༨ཚེས་༡༢ཉིན།

ཡོན་ཏན་ཚེ་རིང་།

          ཡོན་ཏན་ཚེ་རིང་མཆོག་ནི་སྤྱི་ལོ་1954ལོར་མདོ་ཁམས་རིག་པའི་འབྱུང་གནས་སྡེ་དགེའི་ཞིང་པ་དུད་ཚང་ཞིག་ཏུ་སྐྱེས།ལོ་ན་བདུན་བརྒྱད་ཙམ་ལ་སོན་པའི་སྐབས་སུ་གྲོང་སྡེའི་དམངས་གཉེར་སློབ་གྲྭར་ཞུགས་ནས་རྒྱ་ཡིག་དང་བོད་ཡིག་སོགས་སྦྱོང་བར་བརྩམས།དམངས་གཉེར་སློབ་གྲྭ་དེའི་ནང་ལོ་གསུམ་ཙམ་སློབ་སྦྱོང་བྱས་རྗེས།རྒྱལ་ཕུང་དམངས་གནོད་ཀྱི་རིག་གནས་གསར་བརྗེ་ཆེན་པོའི་བྱེད་སྒོ་ངན་པ་དེ་སྤེལ་ནས་ཡོན་ཏན་ཚེ་རིང་ལ་ཡང་རིག་གནས་སྦྱོང་བའི་གོ་སྐབས་ཤོར་ནས་རང་ཁྱིམ་དུ་ལོག་སྟེ་སོ་ནམ་ལས་ལ་མི་ཞུགས་ཐབས་མེད་ལ་གྱུར།འོན་ཀྱང་།སེམས་པ་མཆིས་ན་མདུན་ལམ་རང་གིས་གཏོད་ཅེས་པའི་བཤད་སྲོལ་ལྟར།ཡོན་ཏན་ཚེ་རིང་ལ་སློབ་གྲྭའི་ནང་སློབ་སྦྱོང་བྱེད་པའི་གོ་སྐབས་ཤོར་ན་ཡང་།ཁོ་རང་གི་སེམས་པའི་སྤང་གཞོང་ཡངས་པོའི་ངོགས་སུ་ཤེས་རིག་ཡོན་ཏན་ལ་སྦྱངས་བརྩོན་བྱ་རྒྱུའི་ཆོད་སེམས་ཀྱི་བང་རྩལ་ཆད་མེད་དུ་བསྒྱུར་བར་བརྩོན་པའི་ལྕག་ཚན་གྱིས་སྐུལ་བར་བརྟེན།ཉིན་མོར་མཉམ་ལས་ཁང་དུ་ངལ་རྩོལ་ལས་ལ་ཞུགས་པ་དང་ཆབས་ཅིགབར་མཚམས་ཀྱི་ངལ་གསོ་དང་ཉིན་གུང་གི་དུས་ཚོད་སོགས་སློབ་སྦྱོང་གི་གོ་སྐབས་ཡོད་པ་མཐའ་དག་དམ་འཛིན་བྱས་ནས་སློབ་གྲྭའི་ནང་སྦྱངས་པའི་བོད་ཡིག་གི་རྨང་གཞིའི་ཐོག་རང་ཉིད་སྡེ་བའི་ནང་བོད་ཡིག་གི་རྨང་གཞི་ཡོད་མཁན་ཚོར་བསྟེན་ནས་སུམ་རྟགས་གསུམ་དང་རི་མོ་སོགས་ལ་སྦྱངས་པར་བྱེད།མཚན་མོར་ས་སྣུམ་སྒྲོན་མེའི་འོག་ཏུ་ཉིན་མོར་དགེ་རྒན་གྱིས་བསྩལ་བའི་ནང་དོན་ཚང་མ་བསྐྱར་སྦྱོང་བྱས་པ་དང་ཡང་ན་རི་མོ་སོགས་རང་སྦྱོང་བྱས་པའི་གོམས་གཤིས་ཡང་དག་པ་ཆགས་ཡོད་པར་བརྟེན།དུས་ཚོད་ཀྱི་གོམ་འགྲོས་ཁྲོད་དུ་ཁོས་བརྩོན་པ་དྲག་པོ་བྱས་པར་གཡུར་དུ་ཟ་བའི་འབྲས་བུ་ཐོབ་ནས་གྲོང་མི་ཀུན་གྱིས་ཁས་ལེན་པའི་རིག་གནས་པར་གྱུར།
         1966ལོ་ནས་བཟུང་།ཡོན་ཏན་ཚེ་རིང་གི་སྡེ་དགེ་རྫོང་དགོན་ཆེན་གྲོང་རྡལ་ཕུ་ལ་གྲོང་ཚོའི་རྐང་རྗེན་སྨན་པ་དང་གྲོང་ཚོའི་རྩིས་པ་སོགས་ཀྱི་ལས་ཀ་སྒྲུབ་གཉེར་བྱས་ཡོད་ཅིང་།ཁོས་སླར་ཡང་རིག་གནས་སྦྱོང་རྒྱུའི་གོ་སྐབས་ཤིག་དང་འཕྲད་པའི་མཚོན་ཚུལ་ཞིག་རེད།དེའི་སྐབས་སུ་ཁོས་དུས་ཚོད་སྐར་ཆ་ཙམ་ལ་ཡང་གཅེས་འཛིན་བྱས་ཏེ་ནང་ཆེན་ཅོ་གྲགས་བསོད་ནམས་རྒྱ་མཚོ་སོགས་མཁས་པའི་དབང་པོ་དུ་མར་བསྟེན་ནས་བོད་ཀྱི་རྩ་བའི་རིག་གཞུང་བརྡ་སྤྲོད་ལ་སོགས་པ་མཐར་ཕྱིན་སྦྱོང་བ་དང་ཆབས་ཅིགབོད་ཁམས་ཡོངས་སུ་སྙན་པའི་གྲགས་པ་ཁྱབ་པའི་བོད་ཀྱི་མཛེས་རྩལ་མཁས་ཆེན་ཐང་ལྷ་ཚེ་དབང་དགེ་རྒན་དུ་བསྟེན་ནས་བོད་ཀྱི་མཛེས་རྩལ་ལ་སློབ་སྦྱོང་བྱ་རྒྱུའི་གོམ་སྟབས་སྒྱུར་འགོ་ཚུགས།
         1977ལོ་ནས་1980ལོའི་བར་རང་ཉིད་སྡེ་བའི་དམངས་གཉེར་དགེ་རྒན་བྱས།དེའི་སྐབས་སུ་ཡོན་ཏན་ཚེ་རིང་གིས་མཛེས་རྩལ་མཁས་ཆེན་ཐང་ལྷ་ཚེ་དབང་གི་སྐུ་མདུན་ནས་བོད་ཀྱི་མཛེས་རྩལ་རི་མོར་གོ་རིམ་ལྡན་པའི་སྒོ་ནས་སྦྱངས་བརྩོན་བྱས་མཐར།ཀརྨ་སྒར་བྲིས་ཀྱི་སྲོལ་ཉམས་རྒྱུན་འཛིན་བྱེད་མཁན་གྱི་ཡ་གྱལ་ཞིག་ཏུ་གྱུར་པའི་དུས་མཚུངས་སུ།རྡོ་དགའ་སོགས་མཛེས་རྩལ་མཁས་ཅན་དུ་མར་བསྟེན་ནས་བོད་ཀྱི་སྲོལ་རྒྱུན་གྱི་བཟོ་རྩལ་ཏེ་བརྐོས་རིས།བཅའ་བཟོ་བཅས་ལ་སློབ་སྦྱོང་བྱས་ནས་བོད་ཀྱི་བཟོ་རིག་པ་ཉིད་མ་ཉམ་གོང་འཕེལ་དང་ཉམ་པ་སླར་གསོ་བྱ་རྒྱུའི་ཐད་འཇོན་ནུས་ཀྱི་རྨང་གཞི་ངེས་ཅན་ཞིག་བཏིང་ཡོད།1980ལོ་ནས་1984ལོའི་བར་སྡེ་དགེ་དཔར་ཁང་ཆོས་མཛོད་ཆེན་པོའི་ནང་གླིང་སྒྲུང་པར་ཤིང་བརྐོས་པའི་ལས་ཀ་སྒྲུབ་དུས་སུ།ཡོན་ཏན་ཚེ་རིང་གིས་རང་གི་ཅི་འཇོན་གང་ནུས་ཀྱི་སྤུས་ཀ་ལེགས་པའི་པར་ཤིང་བརྐོས་པ་དང་ཆབས་ཅིགདེའི་སྐབས་སུ་ཐང་ལྷ་ཚེ་དབང་སོགས་ཁམས་ཕྱོགས་ཀྱི་མཁས་དབང་དུ་མ་སྡེ་དགེ་པར་ཁང་ནང་འཛོམས་ཡོད་པའི་སྐལ་བཟང་གི་དུས་གཅེས་བྱས་པ་ནི་ལོས་ཡིན།ཡོན་ཏན་ཚེ་རིང་ཁོམ་པའི་གོ་སྐབས་རིན་ཆེན་གསེར་བཞིན་རྩིས་ནས་རང་འགུལ་གྱིས་མཁས་དབང་ཚོའི་སྐུ་མདུན་དུ་བཅར་ནས་གོ་རིམ་ལྡན་པའི་སྒོ་ནས་བཟོ་རིག་པའི་རིགས་གཞུང་དང་།བརྡ་སྤྲོད་རིག་པ་དང་སྙན་ངགསྐར་རྩིས།མངོན་བརྗོད།སྡེབ་སྦྱོར་བཅས་ལ་སྦྱངས་བརྩོན་བྱས་མཐར།ཐང་ལྷ་ཚེ་དབང་གི་མཛེས་རྩལ་རིག་པའི་ཐད་ཀྱི་ཐུགས་མཉེས་པའི་སློབ་མ་ཞིག་ཏུ་གྱུར་པ་དང་ཆབས་ཅིག1995ལོ་ནས་1996ལོའི་བར་ཁྲེན་ཏུའུ་མཛེས་རྩལ་སློབ་གླིང་དུ་རྒྱའི་སྐྱ་རིས་དང་རང་རྒྱལ་གྱི་སྲོལ་རྒྱུན་རི་མོ་སློབ་སྦྱོང་བྱས་ཏེ་ཕྱིན་ཆད་རང་ཉིད་ཀྱིས་རྗེས་རབས་པ་གསོ་སྐྱོང་བྱས་པར་ནུས་རྩལ་འདང་ངེས་བྱས་ཡོད་པ་རེད།
         1984ལོའི་ཟླ་བ་9པའི་ནང་སི་ཁྲོན་ཞིང་ཆེན་བོད་སློབ་གྲྭའི་མཛེས་རྩལ་དགེ་རྒན་ལ་གདན་འདྲེན་ཞུས་ནས་ད་བར་མཛེས་རྩལ་སློབ་ཁྲིད་ཀྱི་ལས་ཀ་སྒྲུབ་བཞིན་ཡོད་ཅིང་།སློབ་མ་ཚོར་མཛེས་རྩལ་རི་མོ་སློབ་ཁྲིད་དང་ལྷན་དུ་དེའི་ཐད་ཀྱི་རིགས་པའི་གཞུང་ལུགས་ལ་ཤེས་རྒྱུས་ལོན་དུ་བཅུག་ནས་ཤེས་ཡོན་དང་ལག་རྩལ་གཉིས་ལྡན་གྱི་མཛེས་རྩལ་པ་གསོ་སྐྱོང་བྱ་རྒྱུ་ནི་ཡོན་ཏན་ཚེ་རིང་གིས་སློབ་ཁྲིད་ཐད་རྒྱུན་འཛིན་བྱས་པའི་གོམས་སྲོལ་ཞིག་ཡིན་པ་རེད།མཛེས་རྩལ་སློབ་ཁྲིད་ཀྱི་ལས་དོན་ལེགས་སུ་གྲུབ་པའི་དུས་མཚུངས་སུ།སི་ཁྲོན་ཞིང་ཆེན་བོད་ཡིག་སློབ་གྲྭའི་སློབ་དེབ་རྩོམ་སྒྲིག་ཚོ་ཆུང་ནང་ཞུགས་ཏེ་སྔོན་རྗེས་སུ་སུམ་རྟགས་དག་གསུམ་གྱི་སློབ་དེབ་དང་།རྩོམ་ཡིག་གཅེས་བསྡུས་ཀྱི་སློབ་དེབ།ཚད་མ་རིག་པའི་སློབ་དེབ།ནང་དོན་རིག་པའི་སློབ་དེབ་སོགས་རྩོམ་སྒྲིག་བྱས་ཏེ་པར་སྐྲུན་བྱས་ཡོད་པ་རེད།
         དེ་དང་ཆབས་ཅིགཡོན་ཏན་ཚེ་རིང་གིས་བཟོ་རིག་པའི་རིག་གཞུང་ལ་གཞིགས་པའི་རྨང་གཞིའི་ཐོགདུས་རྒྱུན་ལག་ལེན་ཁྲོད་ནས་ཉམས་མྱོང་ཕྱོགས་བསྡོམས་བྱས་མཐར།ཡོན་ཏན་ཚེ་རིང་གིས་བཟོ་རིག་པའི་ཆེད་རྩོམ་བརྩམས་ཆོས་དུ་མ་པར་སྐྲུན་བྱས་པར་བརྟེན།མི་རིགས་མཛེས་རྩལ་སློབ་གླིང་དུ་འབྲེལ་ཡོད་བོད་ཀྱི་མཛེས་རྩལ་རིག་པའི་སློབ་དེབ་མེད་པའི་སྟོང་ཆ་སྐོང་བའི་དུས་མཚུངས་སུ།ཀྲུང་གོའི་བོད་རིག་པའི་ཞིབ་འཇུག་ཁང་གིས་གདན་ཞུ་ལྟར།བཀའ་བསྟན་དཔེ་བསྡུར་ཅུས་ཀྱི༼བཀའ་འགྱུར༽དང༼བསྟན་འགྱུར༽གཉིས་ཀྱི་བར་བཅུག་རི་མོ་ཇུས་འགོད་བྱས་པ་སོགས་མཛད་རྗེས་རྒྱ་ཆེ་ཞིང་བགྲང་གིས་མི་ལངས་སོ།།

39.7K

ཐག་རག་ཡིག་བསྒྱུར་མ་ལག

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས།蜀ICP备14009601号-1