རི་ཕུག་གྲོང་ཚོའི་གཏམ་རྒྱུད།

ནམ་མཁའ་བཀྲ་ཤིས། རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 03-16


        ཉི་མ་ནུབ་རིར་བཞུད་རྗེས།  གྲང་རླུང་ངར་མོ་ཞིག་དལ་གྱིས་ལྡང་འགོ་ཚུགས་པས་རི་ཕུག་གྲོང་ཚོའི་ཐེམ་དུད་རེ་རེའི་ཁང་སྟེང་ནས་དུ་བ་སྔོ་འཕྱུར་འཕྱུར་བྱེད།  དུ་བའི་གཡུ་འབྲུག་རེ་རེ་དལ་གྱིས་ལྡང་བའི་གྲང་རླུང་གིས་ཕར་གཡོ་ཚུར་གཡོ་བྱས་ཏེ་གར་སོང་ཆ་མེད་དུ་གྱུར་འགྲོ།

 

        ལས་བྱེད་གྲོང་ཚོ་ཞེས་འབོད་པའི་གྲོང་སྡེ་ཆུང་ཆུང་འདིར་ཐེམ་དུད་སུམ་ཅུ་ལྷག་ལས་མེད་ཀྱང་ཐེམ་དུད་རེར་ཉུང་ཤོས་གཞུང་གི་གླ་ཕོགས་ལེན་མཁན་ལས་བྱེད་མི་རེ་ཡོད་ལ།  ཐེམ་དུད་རེ་འགར་ལས་བྱེད་མི་གསུམ་བཞི་རེ་ཡོད་པས།  ལོ་གསར་སྐབས་ཁྱིམ་ཚང་རེ་རེའི་སྒོ་ཁར་རླངས་འཁོར་གཉིས་གསུམ་མཐོང་རྒྱུ་ཡོད།

 

        ད་ལོའི་ལོ་གསར་རན་གྲབས་ཡོད་པས།  གྲོང་ཚོའི་གྲོང་མི་ཡོངས་ཀྱིས་གཅིག་ལ་གཅིག་འགྲན་ངང་ནས་ཁང་པར་གད་བདར་བྱེད་པ་དང་།  སྒེའུ་ཁུང་གི་ཤེལ་ཡོལ་གསར་པ་བརྗེས་པ།  ད་དུང་ཐེམ་དུད་རེ་འགས་ཤེལ་གྱི་ཁང་ཆུང་རེ་གསར་དུ་བརྒྱབ་ནས་ལོ་གསར་རིང་ཤེལ་ཁང་གྲུ་བཞིའི་ནང་དགའ་གཏོང་བྱེད་འདོད་ཡོད།

 

            རི་ཕུག་གྲོང་ཚོ་ནི་ཆུ་ཧ་ཅང་དཀོན་པོའི་ས་ཆ་ཞིག་རེད།  དགུན་ཁ་ནི་དེ་བས་ཀྱང་ཆུ་དཀོན་པས་ཆུ་ལེན་པར་ཐག་རིང་པོའི་སར་འགྲོ་དགོས་ཀྱི་ཡོད།  ལོ་དེར་རྫོང་ཆུ་བེད་ཅུས་ཀྱིས་ལ་རྒྱབ་ཏུ་ཆུ་མིག་ཅིག་ཡོད་པ་དེ་ནས་སྦྲིག་ཆུའི་ནང་དྲངས་པ་དང་ཀ་ལ་བཙུགས་ཡོད།  འོན་ཀྱང་ཆུ་ཆུང་ཆུང་ཡིན་པས་ཉིན་གང་ཆུ་མཛོད་དུ་བསགས་རྗེས་ཕྱི་དྲོ་གཞི་ནས་གཏོང་ཐུབ་ཙམ་ཡོད།  བཞུད་ཁའི་ཉི་འོད་འོག་ཨ་མ་གཡང་སྐྱིད་ཀྱིས་ཆུ་ལེན་པར་སོང་ཞིང་།  གྲོང་མི་གཞན་ཚོའང་གཅིག་མཇུག་གཉིས་མཐུད་ངང་ཆུ་ལེན་པར་ཡོང་།    

 

        གྲོང་ལྷོའི་ཨ་མ་གཡུ་སྒྲོན་གྱིས་བཀྲས་ཁང་ཨ་མ་གཡང་སྐྱིད་ལ་ད་ལོ་བུ་མོ་བསམ་སྐྱིད་ལོ་གསར་ལ་ལོག་ཡོང་གི་རེད་དམ་དྲིས།

        བུ་མོས་མདང་དགོང་ཁ་པར་བཏང་ཡོང་ནས་ལོ་གསར་ལ་ལོག་ཡོང་གི་ཡིན་ཟེར་གྱི་འདུག  ཅེས་བཤད།  ཨ་མ་གཡང་སྐྱིད་ཀྱིས་ཆུ་ཀ་ལ་ནས་ཆུ་བན་ནང་ཆུ་བཀང་རྗེས་སྒལ་པར་ཁུར་ནས་སོང་ཞིང་ཁོ་མོས་གྱོན་པའི་ལྷམ་སྤུ་སོབ་གསར་པ་དེ་ཆུ་ལེན་པ་ཚོའི་མིག་མདུན་དུ་སེར་ཐིང་ངེར་བཞག

 

        བཀྲས་ཁང་ཨ་མའི་ལྷམ་དེ་བུ་བསྟན་འཛིན་གྱིས་ཉོས་ཡོང་བ་མིན་འགྲོ།  བུ་བསྟན་འཛིན་མདང་དགོང་སླེབས་སོང་།  ཞེས་ཨ་མ་གཡུ་སྒྲོན་གྱིས་གཡང་སྐྱིད་ཆུ་ཁུར་ནས་འགྲོ་བའི་རྒྱབ་གཟུགས་ལ་གཏད་དེ་བཤད་པས།  གྲུང་ཏོག་གིས་མཆུ་གཉེར་ཙམ་གཉེར་ཙམ་བྱས་ཏེ།  ལྷམ་ཕ་གི་འདྲ་བ་སུ་ཞིག་གིས་གྱོན་འདོད་དམ།  བཟོ་ལྟ་ཉེས་པའི་ཐོག་མིག་ལའང་མི་མཛེས།  དེ་ལས་དེ་སྔོན་བུ་མོས་ང་ལ་བསྐུར་ཡོང་བའི་ལྷམ་འདི་རྐང་པར་བདེ་ལ་ཡང་པོ་འདུག  ཅེས་རང་གི་རྐང་པ་གཡས་པ་དེ་ཆུ་ལེན་མ་ཚོའི་མདུན་དུ་བསྟན་ཙམ་བྱས།

 

        སྙིང་རྗེ་པོ་ཞིག་འདུག  ང་ལའང་བུས་ལྷམ་དྲོ་སོབ་སོབ་དེ་འདྲ་ཞིག་བསྐུར་འདུག

 

        ཨ་ལས།  བྱས་ན་གོང་ག་ཚོད་སྤྲད་འདུག

 

    ་བརྒྱ་སྤྲད་པ་ཡིན་ཟེར།

 

        བྱས་ན་ངའི་ལྷམ་འདི་དང་གཅིག་པ་མ་རེད།  ངའི་འདིར་བུས་ལྔ་བརྒྱ་ལྷག་སྤྲད་པ་ཡིན་ཟེར་གྱི་འདུག

 

        … …

 

        ་གསར་སླེབས་རིམ་བཞིན་རི་ཕུག་གྲོང་ཚོར།  ཐག་ཉེ་རིང་གང་སར་ཡོད་པའི་བུ་ཕྲུག་ཚོས་རང་གི་ཕ་མའི་འགྲམ་དུ་ལོག་ཡོང་གི་ཡོད་པས།  བྱ་ཕྲུག་ཁྱུ་ཞིག་བྱ་ཚང་དུ་ལོག་རྗེས་བྱ་ཚང་འུར་ཟིང་གིས་བརྒྱངས་པ་དང་མཚུངས།  རི་ཕུག་གྲོང་ཚོའི་ནང་འཚོ་བའི་ཆ་རྐྱེན་ཐད་ནས་གླེང་ན་ལས་བྱེད་པ་མང་ཉུང་ཡོད་མེད་ཚང་མས་གཞན་ལས་སྐྱོ་ལུགས་ཁས་རྩ་བ་ནས་ལེན་གྱི་མེད་ལ།  རྒྱུན་གཏན་འཚོ་བའི་ནང་ཁྱིམ་ཚང་ཞིག་ལ་ཅ་དངོས་གང་རུང་ཞིག་མེད་པར་གྲོང་པ་ཁྱིམ་མཚེས་ལ་གཡར་བར་སོང་ན་གྲོང་ཚོ་ཡོངས་ཀྱིས་འཕྱ་དམོད་བྱ་ཡུལ་དུ་འགྱུར་གྱི་ཡོད་ལ།  དེ་བས་ཕྱི་དྲོ་ཆུ་ལེན་དུས་ཚང་མའི་གླེང་གཞིར་འགྱུར་བས་སུ་ཞིག་གིས་ཀྱང་ཕན་ཚུན་ཅ་ལག་གཡོར་རེས་བྱེད་ཀྱི་མེད་པར་ཁྱིམ་ཚང་ཚང་མར་སོ་ནམ་ཡོ་ཆས་གཙོས་པའི་རྒྱུན་གཏན་གྱི་མཁོ་ཆས་མི་ཚང་བ་སྤྱིར་བཏང་མེད།

 

        ཨ་མ་གཡང་སྐྱིད་དང་ཨ་ཕ་བསམ་གཏན་གཉིས་ཀ་ད་ཆ་ལོ་རྒན་དྲུག་ཅུ་བུད་ཟིན་ཞིང་།  གཉིས་ཀའི་མགོ་བོ་སྐྱ་ཕྱེད་སྔོ་ཕྱེད་དུ་གྱུར་ནའང་རྒན་རྒོན་གཉིས་ཀ་ལུས་པོ་ཐང་ཞིང་སོ་ནམ་ལས་ལ་བྱང་བས་དཀའ་ལས་དེ་ཙམ་མེད་རུང་།  ཟླ་བ་ལྷ་མོས་ཕ་མ་གཉིས་ལ་མི་གཞན་ལས་ལྷག་པ་མ་བྱུང་རུང་།  འདྲ་ཞིང་མཉམ་པ་ཞིག་བྱེད་དགོས།  དེ་ལྟར་མ་བྱུང་ན་མིས་འཕྱ་ངེས་ཞེས་བཤད་པས།  ཨ་མ་གཡང་སྐྱིད་ཀྱང་དེ་ལ་འཐད་དེ།  སོ་ནམ་ལས་ཀ་མི་ཉུང་བ་ཞིག་ནི་ཡུལ་གཞན་ནས་གླ་པ་གླ་གི་ཡོད།  

 

        ལོ་སར་གྲབས་ཡོད་པས་ཁོ་གཉིས་ཀྱིས་ཀྱང་གྲོང་ཚོའི་ཁྱིམ་ཚང་གཞན་ལྟར་གཙང་སྦྲ་ལེགས་པར་བྱས་པ་དང་སྒེའུ་ཁུང་དེ་དག་གཙང་མར་ཕྱིས།  ཨ་མ་གཡང་སྐྱིད་ཀྱིས་ཁྱིམ་ཚང་གཞན་ཚོའི་སྒེའུ་ཁུང་གི་ཤེལ་ཡོལ་བརྗེས་པ་མཐོང་དུས་ཕ་བསམ་གཏན་ལ་ང་ཚོའི་སྒེའུ་ཁུང་གི་ཤེལ་ཡོལ་ཡང་རྙིང་པ་ཆགས་འདུག་པས་བརྗེ་དགོས་ས་རེད།  ད་དུང་ད་ལོ་ཤེལ་ཡོལ་དེ་རྒྱུ་སྤུས་ཇེ་ལེགས་དང་གཙོ་བོ་མེ་ཏོག་ཧར་པོ་དགོས་ཀྱི་འདུག་ལ།  ཕྱི་རོལ་ནས་བལྟས་མ་ཐག་གསར་པ་ཡིན་པ་མཐོང་བ་ཞིག་དགོས་ཞེས་ཨུ་ཚུགས་མཐའ་སྐྱེལ་བྱས་པས།  ཨ་ཕ་བསམ་གཏན་རྫོང་དུ་ཐེངས་གཅིག་མི་འགྲོ་ཀ་མེད་བྱུང་།  

 

        བསྟན་འཛིན་ཁྱིམ་དུ་འབྱོར་དུས་ཨ་ཕ་དང་ཨ་མ་གཉིས་ཀྱིས་སྒུག་ནས་ཡོད་ཅིང་།  གྲོང་སྣེའི་སྦྱར་སྡོང་འོག་བསྟན་འཛིན་གྱིས་འགྲུལ་སྐྱེལ་རླངས་འཁོར་ཞིག་ལས་བབས་པ་དང་ཕན་ཚུན་ཐུག་དུས།  ཨ་མ་གཡང་སྐྱིད་ཀྱིས་བུ་རང་གིས་མོ་ཏྲ་ཞིག་ཉོས་མེད་དམ་ཞེས་དྲིས་པས།  བསྟན་འཛིན་གྱིས་ཉོས་མེད།  མོ་ཏྲ་ལས་ཁང་པ་ཉོ་རྒྱུ་གལ་ཆེ་བ་འདུག  ཨ་ཕ་དང་ཨ་མ་སྐུ་གཟུགས་ཐང་པོ་ཡིན་ནམ་ཞེས་དྲིས།  ངེད་གཉིས་གཟུགས་པོ་ཐང་པོ་ཡིན།  བུ་ཁྱོད་ཀྱིས་ད་རེས་ལོ་གསར་ལ་མོ་ཏྲ་ཞིག་བཏང་ནས་ཡོང་གི་རེད་བསམས་བྱུང་།  ད་ནི་གྲོང་ཚོའི་མིས་འཕྱ་དམོད་བྱེད་ཀྱི་རེད་ལ།  རླངས་འཁོར་བཏང་ཆོག་པའི་ལག་ཁྱེར་བཟོས་པ་དེའང་བེད་སྤྱོད་མེད་པར་བཞག་ནས་ཅི་བྱེད།  ཨ་མ་གཡང་སྐྱིད་ཀྱིས་དེ་ལྟར་གསུངས་པས་ཨ་ཕ་བསམ་གཏན་གྱིས་ཨ་མ་གཡང་སྐྱིད་ཀྱི་སྟོད་གོས་ཐུ་བ་ནས་འཐེན་ཙམ་འཐེན་ཙམ་བྱས་ཏེ་ཁོ་མོ་ལ་མུ་མཐུད་ནས་ཤོད་དུ་མ་བཅུག

 

        ཁོ་ཚོ་གསུམ་པོ་ཁྱིམ་དུ་ལོག་པ་དང་བུ་བསྟན་འཛིན་གྱིས་ལོ་གསར་མཁོ་ཆས་ཉོས་པ་རྣམས་རེ་རེ་བཞིན་བཏོན།  ཆབ་མདོ་ནས་ཁྱེར་ཡོང་བའི་མར་དང་ཕྱུར་བ།  དེ་བཞིན་ནག་ཆུའི་ཚགས་ཤ།  ཨ་ཕ་དང་ཨ་མ་གཉིས་ཀར་སྤུ་ལྡན་ནང་འཇམ་རེ།  འབྲས་དོ་པོ་གཉིས་བཅས་ཡོད།

 

        ཨ་མ་གཡང་སྐྱིད་ནི་ཅ་ལག་དེ་དག་མཐོང་སྐབས་རེ་ཞིག་ཧང་སངས་ནས་བསྡད་པ་དང་དེ་ནས་བུ་བསྟན་འཛིན་ལ་གཏད་ནས།  བུ།  མ་གཞི་བྱས་ན་རང་ཡུལ་ལ་ཟས་དང་མི་ཡུལ་ལ་གོས་ཞེས་སྔ་མོའི་དཔེ་ལ་ཡོད་པ་རེད།  འོན་ཀྱང་ལུང་པའི་ནང་ལོག་ཡོང་དུས་ཅུང་ཟད་ངོམ་རྒྱུ་རེ་མེད་ན་མི་ཚོས་འཕྱ་དམོད་བྱེད་ཀྱི་རེད་ད།  ཅ་ལག་མང་པོ་འདི་དག་ཉོ་བ་ལས་མོ་ཏྲ་ཞིག་ཉོས་ནས་ཡོང་ན་གྲོང་ཚོའི་མི་ཚང་མ་ཡིད་སྨོན་མི་འཆོར་ག་ལ་སྲིད་ཅེས་གསུངས་པས།  ཨ་ཕ་བསམ་གཏན་གྱིས་འདོད་ལ་མ་འདོད་ངང་མོ་ཏྲ་ཉོ་བར་ལས་སླ་པོ་ག་ནས་ཡོང་།  ཁྲི་མང་པོའི་སྐད་ཆ་རེད།  ཅེས་བཟའ་ཟླ་གཡང་སྐྱིད་ལ་ཕྱོགས་ནས་གསུངས།

 

        མི་ཚོས་ག་རེ་ཟེར་རུང་ཟེར་དུ་ཆུགས།  ནང་ལ་རྩམ་པ་མེད་པར་སྒེའུ་ཁུང་རྩམ་རལ་ཡོག་ཡོག་བྱས་ནས་སྙིང་པོ་གང་ཡང་མེད།  བསྟན་འཛིན་གྱིས་ཨ་མའི་སྐད་ཆ་དེར་དེ་འདྲ་མི་མོས་པས་ཨ་མ་གཡང་སྐྱིད་ལ་དེ་ལྟར་བཤད།  ཨ་མ་གཡང་སྐྱིད་ཀྱིས་བུ་རང་གི་བསམ་བློ་དེ་ནོར་བ་རེད།  ཁྱོད་རང་ནི་ཉིན་ཤས་ནས་ཕྱིར་ལོག་མཁན་ཡིན་རུང་།  ང་ཚོ་ས་འདིར་མ་ཤི་བར་སྡོད་དགོས་དུས།  མི་ཚོའི་འཕྱ་དམོད་དེ་ངོ་མ་རྣ་བར་བཟོད་དཀའ་བ་ཞིག་འདུག  དེ་ཚོ་ཁྱོད་ཀྱིས་ཤེས་ཀྱི་མ་རེད།  ཅེས་གསུངས། 

 

        གཡང་སྐྱིད།  མི་ཚོ་དང་བསྡུར་ན་ཅི་ཕན།  སོ་སོའི་འཚོ་བ་སོ་སོས་སྐྱེལ་ན་འགྲིག་གི་རེད།  རང་ནི་མི་ལ་ངོམ་བཟོ་སྟོན་རྒྱུར་དགའ་བ་ལ།  ཞེས་ཨ་ཕ་བསམ་གཏན་གྱིས་བཤད་པས།  བརྒྱ་ཐམ་པའི་གྲལ་མགོར་མ་སླེབས་ཀྱང་སྟོང་ཐམ་པའི་གྲལ་མཇུག་ཏུ་མ་ལུས་པ་ཞིག་བྱེད་དགོས་ཞེས་བཤད་པ་མ་རེད་དམ།  ང་ཚོས་ཀྱང་མི་གཞན་དང་འདྲ་བའི་འཚོ་བ་ཞིག་ལོས་སྐྱེལ།  ཨ་མ་གཡང་སྐྱིད་ཀྱིས་མ་འདོད་པའི་ངང་ཕ་བསམ་གཏན་ལ་ལན་ཡིད་ཚིམ་པ་ཞིག་གླན།

 

        བྱས་ན་རང་གི་ཆ་རྐྱེན་ལ་མ་བལྟས་པར་མིའི་ཁ་ལ་བལྟས་ནས་སྡོད།

 

        ངས་བྱས་ན་དེང་སང་མིའི་ཁ་ལ་ལྟ་རྒྱུའང་གལ་ཆེ།

 

        ……  ……

 

        བུ་སླེབས་པ་དང་ཨ་ཕ་དང་ཨ་མ་གཉིས་དོན་སྙིང་གང་ཡང་མེད་པའི་ཁ་རྩོད་ཅིག་བརྒྱབ།  

 

        བསྟན་འཛིན་ཁྱིམ་དུ་སླེབས་རྗེས་ཁྱིམ་གྱི་ནང་ལས་ཙག་ཙིག་ཚང་མ་བྱས་པས།  ཕ་མ་གཉིས་ལྷོད་ཤིག་ཤིག་ངང་སྡོད་རྒྱུ་བྱུང་ཞིང་།  ཁོས་ཞོགས་སྔ་ལངས་ཀྱིས་ཁྱིམ་དུ་གད་བདར་བྱེད་པ་དང་གཤམ་འོག་གི་བ་མོ་ཁྲ་སྐྱིད་དང་ཕག་མོར་ཆས་སྟེར་བ།  དེ་བཞིན་ལོ་གསར་གྱི་གྲ་སྒྲིག་ཆུང་ཚགས་མེ་ཤིང་དབོར་བ་དང་ཆུ་ཟོམ་ནང་ཆུ་བཀང་བ།  ཁྱིམ་གྱི་ཀ་གདུང་དང་ཐབ་ཀའི་ཐོད་དུ་གྲོ་ཞིབ་ཀྱི་བཀྲིས་རྟགས་བརྒྱད་ཀྱི་རི་མོ་དང་གྲོ་སོ་ཕྱེ་མར།  ཆང་རྐྱན་སོགས་བརྒྱན་ཏེ་ལོ་གསར་གྱི་གྲ་སྒྲིག་མ་ཚང་བ་མེད་པར་བྱས།

 

        ལོ་གསར་ནི་དཔྱིད་ཀྱི་དྲོད་རླུང་དང་བསྡོངས་ནས་ཤར་བྱུང་།  ཉིན་ཤས་རིང་གྲོང་ཚོའི་ནང་ཡོང་མཁན་གྱི་སྒེར་འཁོར་རྫོགས་མཐའ་མེད།  གནམ་གང་གི་ཕྱི་དྲོ་ཉི་མ་མ་བཞུད་ཙམ་དུ་གྲོང་སྣེའི་ལམ་ཁ་ནས་རླངས་འཁོར་དམར་པོ་ཞིག་ཐལ་རྡུལ་འཕྱུར་ལེར་སླེབས་པས།  གྲོང་ཚོའི་མི་ཚང་མས་ཁང་པའི་སྒེའུ་ཁུང་ནས་མགོ་དོན་ཏེ་རླངས་འཁོར་དེ་ཁྱིམ་ཚང་སུ་ཞིག་གི་སྒོ་ཁར་བཞག་མིན་ལ་བལྟས།  རླངས་འཁོར་དེས་ལས་བྱེད་པ་གཞན་ཚོ་ཡོང་དུས་དང་འདྲ་བར་གྲོང་སྣེའི་སྦྱར་སྡོང་ཡོད་སར་འབྱོར་དུས་ཏོལ་ཏོལ།  ཏོལ་ཏོལ་ཞེས་དུང་བརྡ་བཏང་སོང་བས།  ཨ་ཕ་བསམ་གཏན་དང་ཨ་མ་གཡང་སྐྱིད།  དེ་བཞིན་བུ་བསྟན་འཛིན་བཅས་ཀྱིས་སྒོ་ཁར་ཐོན་ནས་རླངས་འཁོར་སྒུག

 

        རླངས་འཁོར་བསམ་གཏན་ཚང་གི་སྒོ་ཁར་སླེབས་པ་དང་ཐལ་རྡུལ་གྱིས་ཚོས་པའི་སྒོ་དལ་བུར་ཕྱེ།  ལྷམ་རྟིང་ཙོག་ཡུ་རིང་དམར་པོ་ཞིག་ཁོང་ཚོའི་མིག་ལམ་དུ་མངོན་པ་དང་དེ་ནས་ལྭ་རིང་གྱོན་ཞིང་མིག་ལ་མིག་ཤེལ་ཇ་ཁུ་མདོག་གདོང་ཕྱེད་ཀ་བཀབ་པ་ཞིག་བརྒྱབ་ཡོད་པའི་ཟླ་བ་ལྷ་མོ་གཞི་ནས་མཐོང་།

 

        ཁོ་མོས་རླངས་འཁོར་གྱི་སྒོ་མནན་པ་དང་དེ་ནས་ཡིད་གཟབ་ཆེན་པོའི་སྒོ་ནས་ཐལ་རྡུལ་ཁྲོད་གོམ་པ་གཉིས་གསུམ་སྤོས་ཏེ་རླངས་འཁོར་གྱི་རྒྱབ་སྒོ་ཕྱེ་བ་དང་བསྟན་འཛིན་ལ་ཕྱོགས་ནས།  ཅ་ལག་འདི་དག་འབེབ་རོགས་གྱིས་དང་ཞེས་བཤད་པས།  བསྟན་འཛིན་གྱིས་མ་ལག་བདེ་པོའི་སྒོ་ནས་ཤོག་སྒམ་གསུམ་པོ་དེ་དག་མར་ཕབ་ཏེ་ཨ་ཕ་དང་ཨ་མའི་སྒལ་པར་ཤོག་སྒམ་རེ་རེ་བསྐུར།  དེ་ནས་རང་ཉིད་ཀྱིས་ཤོག་སྒམ་གཅིག་ཁུར་ནས་ཁྱིམ་དུ་ལོག

 

        བུ་ཉི་མ་ཁྲིད་མེད་དམ།  ང་བུ་དང་མ་ཐུག་པར་ཡུན་རིང་ཕྱིན་སོང་།  ཕ་བསམ་གཏན་གྱིས་དེ་ལྟར་དྲིས་གནང་བས་ཟླ་བ་ལྷ་མོས་བུ་ཅོག་དང་མཉམ་དུ་ལོག་སོང་།  ཕྲུ་གུ་མེད་ན་སྐྱིད་ཀྱི་རེད་ཅེས་བཤད།

 

        ཀ་ལའི་ཆུ་གཏོང་འགོ་ཚུགས་པས་བསྟན་འཛིན་གྱིས་ཆུ་བན་ཁུར་ནས་ཆུ་ལེན་པར་འགྲོ་རྩིས་བྱེད་དུས།  ཨ་མ་གཡང་སྐྱིད་ཀྱིས་བསྟན་འཛིན་གྱི་ལག་ནས་ཆུ་བན་ཚུར་བླངས་པ་དང་ཨུ་ཚུགས་ཀྱིས་ཁོང་རང་ཉིད་འགྲོ་དགོས་ཡོད་ཅེས་བཤད་པ་དང་།  ཨམ་ཕྲག་ནང་ཟླ་བ་ལྷ་མོས་ཁུར་ཡོང་བའི་ཀ་ར་བུ་རམ་སོགས་པའི་རྔན་པ་ཅུང་ཟད་བླུགས་ནས་ཆུ་ལེན་པར་ཕྱིན།  

 

        ཆུ་ལེན་སའི་ཀ་ལའི་འགྲམ་དུ་མི་མང་པོ་འཛོམས་ཡོད་ཅིང་ཕལ་ཆེ་བ་ནི་ཁྱིམ་ཚང་གི་ཨ་མ་ཚོ་རེད།  ཁོང་ཚོ་ཚང་མ་ན་ཚོད་ཁུར་གྱིས་དུད་ནས་མགོ་སྐྲའང་སྐྱ་ཕྱེད་སྔོ་ཕྱེད་དུ་གྱུར་ཡོད་ལ།  རྒྱབ་ལ་ཁུར་བའི་ཆུ་བན་དེ་དག་ཀྱང་ཡུལ་ལུང་གཞན་གྱི་ཆུ་བན་ལས་ཆུང་ཞིང་ཡང་བ་ཡོད་པས།  ཕལ་ཆེར་རང་ཉིད་ཀྱིས་འཁུར་ཐུབ་ཚོད་ལ་བལྟས་ཏེ་ཆེད་མངགས་བཟོས་པ་ཞིག་ཡིན་འདུག  

 

        ཨ་ཅག་གཡང་སྐྱིད།  བུ་མོ་ལོག་སླེབས་བྱུང་ངམ།  ཨ་ཅག་མིག་དམར་གྱིས་དེ་ལྟར་དྲིས་ལ།ཁོང་རང་གི་བུ་གཉིས་ཀའང་ཁ་སང་སླེབས་པའི་སྐོར་བཤད།

  

        རི་ཕུག་གྲོང་ཚོའི་ནང་ཨ་མ་ཚོས་ཕན་ཚུན་དབར་ཨ་ཅག་ཅེས་འབོད་སྲོལ་ཞིག་དར་ཡོད་ཅིང་།  དེ་ནི་གྲོང་ཚོའི་ནང་གི་ཨ་མ་ཚང་མ་ན་ཟླ་ན་མཉམ་གྱི་ཚོད་ཡིན་ནའང་།  རང་ཉིད་ན་ཚོད་གཞོན་པོ་ཡོད་ཚུལ་བསྟན་པ་ཡིན་ནམ།  ཡང་ན་གྲོང་ཚོའི་ནང་ན་གཞོན་ཤིན་ཏུ་ཉུང་བས་དེ་ལྟར་འབོད་པ་ཞིག་ཡིན་ཆ་མ་མཆིས།  

 

        ཨ་ཅག་གཡང་སྐྱིད་ཀྱིས་དགོད་ཙམ་བྱས་པ་དང་ཨམ་ཕྲག་ལས་ཀ་ར་བུ་རམ་གྱི་རྔན་པ་བཏོན་ནས་ཆུ་ལེན་མཁན་ཚོར་སྟེར་བ་དང་།  བུ་མོ་ད་ལྟ་རང་སླེབས་ཙམ་ཡིན།  ལས་ཁུངས་ཀྱིས་མོ་ཏྲ་བཏང་ནས་སྐྱེལ་མཁན་ཡོད་རུང་ལམ་ཡག་པོ་མེད་པས་རང་ཉིད་ཀྱིས་ཨུ་ཚུགས་ངང་སྒེར་གྱི་མོ་ཏྲ་བཏང་ནས་ཡོང་བ་ཡིན་ཟེར་གྱི་འདུག  ཅེས་བཤད།

 

        ཟླ་བ་ལྷ་མོ་ལས་ཁུངས་ཀྱི་འགོ་ཁྲིད་ཡིན་ནམ།  

 

        ཨ་ཅག་གཞན་ཞིག་གིས་ཨ་མ་གཡང་སྐྱིད་ལ་དེ་ལྟར་དྲིས།  ཁོང་གི་བུའང་རྫོང་ཞིག་གི་ཞིང་འབྲོག་ཅུས་ཀྱི་ཅུས་ཀྲང་གི་འགན་འཁུར་ཡོད།

 

        ཟླ་བ་ལྷ་མོ་གཞུང་དོན་ཁང་གི་ཀྲུའུ་རེན་རེད་ཟེར་གྱི་འདུག  ལས་ཁུངས་དབུ་ཁྲིད་ལ་ཞབས་ཞུ་དང་གོང་རིམ་དབུ་ཁྲིད་ཀྱི་སྣེ་ལེན།  ད་དུང་ལས་ཁུངས་ཀྱི་ནོར་སྲིད་ལས་དོན་ཚང་མར་དོ་དམ་བྱེད་དགོས་ཀྱི་ཡོད་པ་འདྲ།

 

        བྱས་ན་ཨ་ཅག་ཁྱེད་རང་བསོད་ནམས་ཆེན་པོ་རེད།

 

        བསྟན་འཛིན་ཆབ་མདོར་ལས་ཀ་ག་རེ་རེད།

 

        དགེ་རྒན་རེད།

 

        སྙིང་རྗེ།  ཚེ་འདིར་ལས་བྱེད་བྱེད་རྒྱུ་བསྐོས་མེད་པ་རེད།

 

        རེད།  ཡིན་ནའང་སློབ་གྲྭའི་སློབ་སྤྱི་གཞོན་པའི་འགན་བླངས་ཡོད།

 

        གང་ལྟར་ལས་བྱེད་པར་འགྲན་ཟླ་ག་ལ་ཆོད།  ཁོར་ད་དུང་མོ་ཏྲ་ཡོད་ཀྱི་མ་རེད།

 

        … …  

 

        ཨ་མ་གཡང་སྐྱིད་ཁྱིམ་ལ་ལོག་པའི་ལམ་བར་དུ།  རང་ཉིད་ཀྱིས་ཨུ་ཚུགས་བྱས་ཏེ་ཆུ་ལེན་པར་སོང་བར་གནོང་འགྱོད་སྐྱེས་ཤིང་།  བསྟན་འཛིན་གྱི་འཇོན་ཐང་ལ་ཁོང་ཁྲོ་ལངས་པ་དང་ཁོ་རང་ཐབས་རྡུགས་ལ་བསོད་བདེ་མེད་པ་ཞིག་རེད་སྙམ།

 

        ཁྱིམ་དུ་འབྱོར་རྗེས་ཁོ་མོས་བསྟན་འཛིན་ལ།  ཁྱོད་ཀྱིས་མོ་ཏྲ་ཞིག་མ་ཉོས་པ་གང་ཡིན།  ཤ་མར་སོགས་ཅ་ལག་ཛར་ཛོར་དེ་དག་མི་ཚོས་མཐོང་གི་ནི་མ་རེད་ཅེས་བཤད་པས་བསྟན་འཛིན་ནི་ཧ་ཅང་རྨོངས་པར་གྱུར།  ཁོ་མོས་མུ་མཐུད་ནས།  ད་གིན་མི་ཚང་མས་ཁྱོད་རང་གིས་ལས་བྱེད་དཀྱུས་མ་ཞིག་ལའང་དོ་ཐུབ་ཀྱི་མ་རེད་ཅེས་ཟེར་གྱི་འདུག་པས།  ང་རང་མི་ཚོའི་ཁྲོད་དུ་ཉམས་དམའ་པོ་ཞེ་དྲག་བྱུང་ཞེས་གསུངས།

 

        སྐད་ཆ་དེ་དག་ལ་བསྟན་འཛིན་གྱིས་ཁ་ཡ་གང་ཡང་མ་བྱས།

 

        ལོ་གསར་ནི་ཚ་ཚ་འུར་འུར་ངང་འགོ་ཚུགས་ཤིང་།  རི་ཕུག་གྲོང་ཚོར་ཕལ་ཆེར་ལོ་གསར་མ་གཏོགས་མི་མང་པོ་འདི་འདྲ་ཡོད་མྱོང་མེད་པ་འདྲ།  ལོ་གསར་སྐབས་སྤུན་མཆེད་དང་གྲོང་པ་ཁྱིམ་མཚེས་མཐུན་པ་རྣམས་ཕན་ཚུན་མགྲོན་འབོད་བྱེད་རེས་བྱེད་ཅིང་།  མགྲོན་འབོད་བྱེད་མཁན་གྱི་ཁྱིམ་ཚང་དེས་སྣ་བརྒྱའི་ཟས་རིགས་དང་འཐུང་བྱ་བཤམས་ཏེ་སྣེ་ལེན་བྱེད་པ་དང་སྦྲགས་རང་ཁྱིམ་གྱི་འཚོ་བའི་འཁོས་འབྱོར་དེ་ལོ་གཅིག་ནང་འགྱུར་ལྡོག་གང་འདྲ་ཕྱིན་ཡོད་མེད་སྟོན་པར་བྱེད་ཀྱི་ཡོད།

 

        ལོ་གསར་ཚེས་གཉིས་ཉིན་ནི་བསམ་གཏན་གྱི་ཁྱིམ་དུ་སྐུ་མགྲོན་གདན་འབོད་བྱེད་རྒྱུ་ཡིན་པས།  ཨ་མ་གཡང་སྐྱིད་དང་བུ་མོ་ཟླ་བ་ལྷ་མོའི་བསམ་བཀོད་བཞིན་ཁྱིམ་གྱི་ཅ་ལག་སྤུས་ཀ་ལེགས་པ་རྣམས་རབ་གསལ་ནང་སྒྲིག་པ་དང་།  ཁྱིམ་ཚང་གཞན་འགའ་རེས་གོ་མྱོང་མེད་པའི་ཟས་རིགས་སྣ་ཚོགས་སྒྲིག་རྒྱུ་བྱས།  ད་དུང་སྐུ་མགྲོན་ལ་གདེགས་རྒྱུའི་ཆང་རག་ཐད་ཕ་བསམ་གཏན་དང་བསྟན་འཛིན་གྱིས་ནས་ཆང་བཏུངས་ན་ལེགས་ཤིང་བག་བྲོ་པོ་ཡོད་ལུགས་བཤད་ཀྱང་ཨ་མ་གཡང་སྐྱིད་དང་བུ་མོ་ཟླ་བ་ལྷ་མོས།  ཁྱིམ་དུ་ལས་བྱེད་གཉིས་ཡོད་པས།  ནས་ཆང་བཏུངས་ན་ངོ་ཡང་ཚ།  དེ་ལས་ལྷ་སའི་སྦི་རག་དང་པའེ་ཝེའེ་སྦི་རག་ལ་སོགས་དྲངས་ན་འཚམ་ཞེས་བཤད།

 

        དོན་དེའི་ཆེད་དུ་ཟླ་བ་ལྷ་མོས་གཅེན་པོ་བསྟན་འཛིན་ཁྲིད་པ་དང་ཁོང་མོའི་གྲོས་འགོ་བཞིན་མི་རེས་སྒོར་ལྔ་བརྒྱ་རེ་བཏོན་ནས་ཆེད་མངགས་སྦི་རག་ཉོ་བར་ཕྱིན།

 

        མགྲོན་འབོད་ཐུགས་སྤྲོའི་ཐོག་བསྟན་འཛིན་ནི་མ་བྱན་དང་ཁྱད་མེད་ལ།  ཁོས་སློབ་གྲྭའི་ནང་ཟ་ཁང་དོ་དམ་གྱི་འགན་འཁུར་མྱོང་བས།  ཚལ་རིགས་ཚ་གྲང་འདྲ་མིན་སྣ་ཚོགས་དྲངས།  ཨ་མ་གཡང་སྐྱིད་དང་ཕ་བསམ་གཏན་གྱིས་སྐུ་མགྲོན་དང་མཉམ་དུ་བློ་བདེ་བག་ཕེབས་ངང་དགའ་བདེའི་དཔལ་ལ་རོལ་ཞིང་སྣེ་ལེན་གཟབ་རྒྱས་འདི་འདྲ་བརྒྱ་ཐམ་པའི་གྲལ་འགོར་མ་སླེབས་རུང་སྟོང་ཐམ་པའི་གྲལ་མཇུག་ཏུ་མ་ལུས་པ་ཞིག་བྱུང་སོང་སྙམ།

 

        སྐུ་མགྲོན་ཚོས་སྦི་རག་ཞབས་ཏག་རྒྱག་པ་དང་ཟླ་བ་ལྷ་མོས་ཀྱང་རང་ཉིད་ནི་ལྟག་སྒོ་ཏིལ་ཙམ་ཡང་མ་བརྒྱུད་པར་མཐའ་མཚམས་རྫོང་ཞིག་ནས་གྲོང་ཁྱེར་དུ་ཇི་ལྟར་སླེབས་ལུགས་ཀྱི་ལོ་རྒྱུས་ཞིབ་ཅིང་ཚགས་པར་བཤད་པས།  མི་ཚང་མ་ཁོ་མོའི་འཇོན་ཐང་ལ་ཧང་སངས།  སྐུ་མགྲོན་ཚོས་ཤོ་དང་འགྲིག་ཤོ་རྒྱག་གིན་སྦི་རག་རྒྱགས་ཚད་འཐུང་བ་དང་།  ད་དུང་ཟླ་བ་ལྷ་མོ་ནི་ཕ་མ་གཉིས་ཀྱི་བསོད་ནམས་རེད་ཅེས་གླེང་གིན་ཁོ་མོར་ཡང་སྦི་རག་མང་དུ་དྲངས།  ཐུགས་སྤྲོ་གྱེས་ཁར་ཞིམ་པོའི་ཟས་ཀྱིས་གྲོད་པ་རྒྱགས་པ་དང་བདུད་རྩིའི་ཆང་གིས་ར་རོས་མྱོས་པའི་སྐུ་མགྲོན་ཚོའི་བསྔགས་བརྗོད་ཀྱིས་ཁོང་རྒན་འཁོགས་གཉིས་དགའ་སྤྲོ་རབ་ཏུ་མྱོས།

 

        ལོ་སར་ཚེས་གསུམ་ནི་འཆར་ཅན་བཞིན་ཞོགས་པ་ཐོག་དར་འཛུགས་པ་དང་སྔ་དྲོ་ཡུལ་ལྷ་གསོལ་རྗེས་གྲོང་ཚོ་ཡོངས་ཀྱི་མི་རྣམས་ཚོགས་ཁང་དུ་འཛོམས་ནས་?་སྒོར་འགྲན་སྡུར་བྱེད་ཀྱི་ཡོད།  ཁྱིམ་ཚང་གི་ཨ་ཕ་ཚོས་སྣམ་བུའི་ཕྱུ་པ་དང་འཇུར་རྟ་ཡུ་རིང་།  དེ་བཞིན་ལག་པར་གསེར་གྱི་ཚིག་ཁེབས་རྟ་རྨིག་ཅན།  རྣ་བར་སོག་བྱིལ་སོགས་བཏགས་ནས་?་སྒོར་འགྲན་པ་དང་ཆབས་ཅིག་རྒྱན་གོས་ཀྱང་འགྲན་པར་བྱེད།  གཡག་གི་རྭ་ཅོ་ཞིག་རྨིད་བཅོ་ལྔའི་ས་མཚམས་སུ་བཙུགས་པ་དང་ཁྱིམ་ཚང་རེ་ནས་སྐྱེས་པ་ཁྱོ་ག་གཅིག་གམ་གཉིས་རེ་ཐོན་ཡོང་སྟེ་ཚོ་ཆུང་ཁག་བགོས་བྱས་རྗེས།  མི་རེས་?་གཡུགས་ཐེངས་རེར་ཕོག་ན་བྱ་དགའ་སྒོར་བརྒྱ་དང་མ་ཕོག་ན་?་སྒོར་གཡུགས་ཐེངས་རེར་ཉེས་པ་སྒོར་ཉི་ཤུ་རེ་སྤྲོད་དགོས་ཀྱི་ཡོད།  དེ་ལྟར་ཚོ་ཆུང་གཉིས་པོ་ཕན་ཚུན་འགྲན་སྡུར་བྱས་པའི་ཐ་མར་ཚོ་ཆུང་གང་གི་མི་ལ་དངུལ་མང་ན་དེ་ཉིད་རྒྱལ་བ་ཡིན་ལ།  གྲོང་ཚོ་ཨུ་ཡོན་ལྷན་ཁང་ནས་གྲོང་ཚོའི་ལས་བྱེད་ཚོས་གནང་བྱིན་དུ་ཕུལ་བའི་དངུལ་ལས་བྱ་དགའི་དངུལ་དང་དངོས་པོ་སྤྲོད་ཀྱི་ཡོད།

 

        ལོ་གཅིག་དུས་གཅིག་གི་?་སྒོར་འགྲན་སྡུར་དེས་གྲོང་ཚོའི་རྒན་རྒོན་རྣམས་ལ་སྔར་ན་ཡོད་མྱོང་མེད་པའི་སྤྲོ་སྣང་ཞིག་བྱིན་པ་དང་ཁོང་ཚོའི་སེམས་ལ་འདི་ལྟ་བུའི་བྱེད་སྒོ་རྟག་ཏུ་ཡོད་ན་སྙམ་པའི་རེ་འདོད་ཀྱང་བྱེད།  འཚོ་གོས་སྡོད་གསུམ་ལ་དཀའ་ངལ་མེད་ཀྱང་།  རིག་གནས་འཚོ་བས་དབུལ་བའི་གྲོང་ཚོའི་ཕ་མ་ཚོའི་བསམ་འདུན་བསྐང་ཆེད།  གྲོང་ཚོའི་ནང་གི་ལས་བྱེད་པ་ཚང་མ་འཛོམས་ནས་གནད་དོན་དེའི་ཐད་གྲོས་སྡུར་བྱས་ཤིང་།  གྲོས་སྡུར་བྱས་པའི་འབྲས་བུར་ལས་བྱེད་པ་ཚང་མས་ཕྱར་བ་གྲུ་འདེགས་ཀྱིས་ཚེས་དྲུག་ཉིན་གྲོང་ཚོའི་ནང་རིག་རྩལ་གྱི་བྱེད་སྒོ་ཆེན་པོ་ཞིག་སྤེལ་རྒྱུ་དེ་རེད།

 

        རྫོང་འཁྲབ་སྟོན་རུ་ཁག་གླས་ཏེ་འཁྲབ་སྟོན་བྱས་ན་ལེགས།  འགའ་ཤས་ཀྱིས་དེ་ལྟར་ཟེར་བ་དང་།  འགའ་ཤས་ཀྱིས་རྫོང་འཁྲབ་སྟོན་རུ་ཁག་ནི་གྲོང་ཚོ་ཁག་གིས་ཀྱང་གླ་ཡི་ཡོད་པས།  ང་ཚོས་ད་རེས་ས་གནས་འཁྲབ་སྟོན་རུ་ཁག་གླས་ཏེ་འཁྲབ་སྟོན་ཡག་པོ་ཞིག་བྱས་ན་ཉེ་འཁོར་གྱི་གྲོང་ཚོ་ཁག་ཏུའང་སྐད་གྲགས་ཆོད་ཀྱི་རེད།  ཅེས་བཤད།

 

        རེད་རེད།  ལས་ཀ་བྱས་ན་སྐད་གྲགས་ཆོད་པ་ཞིག་བྱེད་དགོས། སྐྱེས་པའི་མི་ལ་གྲགས་པའི་གཏམ་དགོས།  བྱས་པའི་ལས་ལ་བྱུང་བའི་རྗེས་དགོས།

 

        གྲོང་ཚོའི་ལས་བྱེད་པ་ཚང་མས་གྲོས་སྡུར་བྱས་པ་བརྒྱུད་མི་རེས་སྒོར་ལྔ་བརྒྱ་རེ་བསྡུ་ཆ་བརྒྱབ་པ་དང་།  ཟླ་དང་པོའི་ཚེས་དྲུག་ཉིན་ས་གནས་འཁྲབ་སྟོན་རུ་ཁག་གདན་འདྲེན་ཞུས་ཏེ་རིག་རྩལ་འཁྲབ་སྟོན་གྱི་བྱེད་སྒོ་ཞིག་སྤེལ་རྒྱུ་བྱས།

 

        ཟླ་བ་ལྷ་མོ་ནི་འབྲེལ་གཏུག་བྱེད་མཁན་དུ་ལས་བགོས་བྱས་པ་དང་བསྟན་འཛིན་ནི་རྒྱབ་ཕྱོགས་མི་སྣར་བཀོད་སྒྲིག་བྱས་ཡོད།  འབྲེལ་གཏུག་བྱེད་མཁན་གྱི་ལས་ཀ་ནི་འཁྲབ་སྟོན་རུ་ཁག་གདན་འདྲེན་རྒྱུ་དང་།  དེ་བཞིན་ཤང་དང་གྲོང་ཚོ་གཞན་པའི་དབུ་ཁྲིད་གདན་ཞུ་བྱེད་རྒྱུ་སོགས་ཡིན་པས།  ཟླ་བ་ལྷ་མོས་རང་གི་ལས་གྲོགས་མང་པོ་ཞིག་ལ་ཁ་པར་བཏང་ནས་ཕར་འདྲི་ཚུར་འདྲི་བྱས་རྗེས་གཞི་ནས་ས་གནས་མི་རིགས་སྒྱུ་རྩལ་ཚོགས་པའི་ཚོགས་གཙོའི་ཁ་པར་ཨང་གྲངས་རག་བྱུང་།  ཁོ་མོས་འཁྲབ་སྟོན་རུ་ཁག་གདན་འདྲེན་ཞུ་རྒྱུའི་སྐོར་ཚོགས་གཙོར་ཞུས་མ་ཐག་ཚོགས་གཙོས་བློ་ཕངས་པོའི་ངང་ནས།  ཨ་ཁ།  ཁ་སང་ལུང་དབྲག་གྲོང་རྡལ་གྱིས་འཁྲབ་སྟོན་བྱ་རྒྱུར་གདན་དྲངས་སོང་།  ད་ནི་ཚེས་དགུ་དང་བཅུ་ལ་དགོས་ན་མ་གཏོགས།  ཚང་མ་འཆར་གཞི་ཆགས་ཟིན་ཞེས་བཤད།

 

        ང་ཚོས་ལུང་དབྲག་གྲོང་རྡལ་གྱི་གླ་ཆ་ལས་ལྡབ་གཅིག་གིས་མང་བ་ཕུལ་ཆོག  ད་རེས་མིན་མ་གསུངས་རོགས།  ཟླ་བ་ལྷ་མོས་དེ་ལྟར་ཞུ་བ་ཕུལ་མོད།  ཚོགས་གཙོས་དགོངས་པ་རྩ་བ་ནས་མ་ཚོམ་རོགས་གནང་།  ཁས་བླངས་ཚར་བར་འགྱུར་ལྡོག་བཏང་ན་ཡག་པོ་ཡོང་གི་མ་རེད།  ཅེས་ཁས་མ་བླངས།

 

        ས་གནས་འཁྲབ་སྟོན་རུ་ཁག་གདན་འདྲེན་ཞུ་བའི་དོན་དེ་ལམ་ལྷོང་མ་བྱུང་བས་ཟླ་བ་ལྷ་མོས་གཙོ་བྱས་པའི་ལས་བྱེད་པ་ཁ་ཤས་ཀྱིས་གྲོང་ཚོའི་ནང་གི་ལས་བྱེད་ཡོངས་སྐད་བཏང་ནས་ཇི་ལྟར་བྱ་རྒྱུའི་ཐད་གྲོས་བྱས།  ད་ནི་ས་གནས་འཁྲབ་སྟོན་རུ་ཁག་གདན་འདྲེན་མ་ཐུབ་པས་ཇི་ལྟར་བྱས་ན་ལེགས་སམ།  ཞེས་ཟླ་བ་ལྷ་མོས་དྲིས།

 

        རྫོང་གི་འཁྲབ་སྟོན་རུ་ཁག་གདན་དྲངས་ནས་རིག་རྩལ་འཁྲབ་སྟོན་ཞིག་བྱས་ཀྱང་མི་འགྲིག་རྒྱུ་མེད་ལ་གྲོང་ཚོ་གཞན་ནས་ཀྱང་ལྟད་མོ་བ་མང་པོ་ཡོང་གི་རེད།  ཡོད་ཚད་ཇི་ལྟར་བྱེད་དགོས་མིན་མི་ཤེས་པའི་སྐབས་སུ་བསྟན་འཛིན་གྱིས་དེ་ལྟར་བཤད།

 

        རྫོང་འཁྲབ་སྟོན་རུ་ཁག་གདན་དྲངས་ན་ངོ་ཡང་ཚ།  དེ་ལས་ངའི་བསམ་པར་ང་ཚོས་དངུལ་ཁ་གསབ་ཅུང་ཟད་བརྒྱབ་རྗེས་ཁྱིམ་གྱི་ཨ་མ་རྣམས་ལ་བྱུ་རུའི་སྐེ་རྒྱན་རེ་ཉོས་ན་དེས་སྐད་གྲགས་ཆེན་པོ་ཞིག་བཞག་ཐུབ་ཀྱི་རེད།

 

        སྒྲོལ་དཀར་གྱི་བསམ་འཆར་དེ་ཧ་ཅང་ཡག་པོ་འདུག  དེས་དངོས་གནས་ང་ཚོའི་གྲོང་ཚོའི་འཚོ་བའི་ཆ་རྐྱེན་མཚོན་ཐུབ་པ་མ་ཟད།  གྲོང་ཚོ་གཞན་ལའང་སྐད་གྲགས་ནམ་མཁར་མི་ཤོང་བ་འཇོག་ཐུབ།

 

        དེས་ན་དེ་ལྟར་བྱ།  རབ་བྱུང་ན་ད་ལོའི་ལོ་གསར་འདི་གར་ཉོ་ཐུབ་ན་བཟང་ལ།  ཚང་མ་གཅིག་གྱུར་ཉོས་ན་གོང་ཁེ་ལ་སྤུས་ཚད་འགན་ལེན་ཐུབ་ངེས།

 

        ལོ་གསར་ལ་བྱུ་རུ་འཚོང་མཁན་ཡོད་དམ།

 

        ཡོད་ད་ཡོད།  དེང་སང་ལོ་གསར་ཡིན་རུང་ཚེས་གཅིག་ལ་མ་གཏོགས་ཚོང་ཁང་མང་པོ་ཞིག་སྒོ་ཕྱེ་ཡི་རེད།

 

        བྱས་ན་ངས་རླངས་འཁོར་བཏང་ཆོག  དེ་རིང་ཕྱི་དྲོ་ས་གནས་སུ་ཉོ་བར་འགྲོ།  ད་ལྟ་ལམ་སེང་མི་སོ་སོར་བྱུ་རུའི་སྐེ་རྒྱན་གྲངས་ག་ཚོད་དགོས་པ་དང་།  དངུལ་གྲངས་ཇི་ཙམ་ཡོད་པ།  དངུལ་མི་འདང་བ་རྣམས་ལམ་སེང་དངུལ་བསྡུས་ནས་ཐོ་ལེན་དགོས།  ད་དུང་མི་གཞན་གསུམ་ང་དང་མཉམ་དུ་སོང་ཆོག་པས་སུ་སུ་འགྲོ་རྒྱུ་ཡིན་པ་གྲོས་སྡུར་བྱས།  ཟླ་བ་ལྷ་མོས་དེ་ལྟར་བཤད་པས་ལས་བྱེད་ཚང་མས་ཕན་ཚུན་གྲོས་སྡུར་བྱེད་པ་དང་བསྟན་འཛིན་གྱིས་འབྲི་དེབ་ཅིག་གི་ཐོག་ཁྱིམ་ཚང་སོ་སོའི་དངུལ་གྲངས་དང་བྱུ་རུའི་སྐེ་རྒྱན་གྱི་ཁ་གྲངས་ཐོ་འགོད་བྱས།

 

        ཐ་མར་ཟླ་བ་ལྷ་མོ་དང་དབང་འདུས།  ཕུན་ཚོགས་བཀྲིས།  སྒྲོལ་དཀར་བཅས་རླངས་འཁོར་དུ་བསྡད་ནས་སོང་།

 

        ཕྱི་དྲོ་བསྟན་འཛིན་གྱི་གྲོས་འགོ་བཞིན་གྲོང་ཚོའི་ནང་གི་སྐྱེས་པ་ཚོ་ཤོའི་འགྲན་སྡུར་ཞིག་སྤེལ་བ་སྟེ།  གྲོང་ཚོའི་ནང་གི་ལས་བྱེད་རྣམས་ཚོ་ཁག་གཅིག་དང་ཁྱིམ་ཚང་སོ་སོའི་སྦྱིན་བདག་པཱ་ཆེན་རྣམས་ཚོ་ཁག་གཅིག་བྱས་ཏེ་ཤོ་རྒྱན་འགྲན་འགོ་ཚུགས།  སྦྱིན་བདག་པཱ་ཆེན་ཚོས།  དེ་རིང་ལས་བྱེད་ཚོའི་དངུལ་ཁུག་སྟོང་པ་བཟོ་གི་ཡིན་ཞེས་བཤད་པ་དང་།  ཤོ་ལ་ངར་ལངས་དུས་ཤོ་མིག་རེ་ལ་ཤོ་བཤད་གཉིས་གསུམ་རེ་གཏོང་བར་བྱེད།  སྦི་རག་འཐུང་མཁན་ཚོས་སྦི་རག་འཐུང་བ་དང་ཆང་འཐུང་མཁན་ཚོས་ཆང་འཐུང་གིན་ཉི་མ་མ་བཞུད་བར་ཤོ་འགྲན་པས་ཐ་མ་ལས་བྱེད་རྣམས་ཕམ་པས་དངུལ་མི་ཉུང་བ་ཞིག་སྤྲོད་དགོས་བྱུང་།

 

        མཚན་མོ་ཁོང་ཚོས་གྲོང་ཚོའི་དཀྱིལ་དུ་ཡོད་པའི་གཡུལ་ཐང་ཆེན་པོ་དེའི་ཐོག་སྒོར་གཞས་བརྒྱབ་པ་དང་།  སྔ་མོའི་ལུགས་བཞིན་ཕྱི་ནས་ཡོང་བའི་ལས་བྱེད་པ་ཚོར་སྦི་རག་མང་དུ་བླུགས་ལ་གྲོང་མི་ཡོངས་ལ་སྦི་རག་དང་ཆང་གང་མཉེས་དྲངས་པས།  མི་རྣམས་ར་ཅུང་ཟད་བཟི་བ་དང་ཞབས་བྲོའི་སྟངས་སྟབས་ཀྱང་ཇེ་མགྱོགས་སུ་གཏོང་ལ་སྒོར་གཞས་ཀྱི་སྐད་སྒྲ་རླུང་གིས་ཁུར་ཡོང་བ་སྟེ།

 

ཡ་གིའི་དགུང་བསངས་མཐོན་པོ།  །

 

ཤོག་བུ་རྒྱ་ཤོག་དཀར་པོ།  །

 

དགུང་བསངས་དྲིན་ཅན་ཉི་མ།  །

 

བྲིས་པའི་ཡི་གེ་ནག་ཆུང་།  །

 

 

དང་པོ་ཀ་ཁ་སློབ་དུས།  །

 

དཀའ་ལས་འདི་ལ་བསམ་ན།  །

 

གཉིས་པ་ཕྱག་བུམ་སྨྱུག་ཕྲུག  །

 

ས་ལ་བཞག་པ་མ་གནང་།  །

 

 

        ……  ……

 

        གྲོང་ཚོའི་མི་ཚང་མ་ལག་གདང་སྦྲེལ་ཏེ་གཞས་ར་གྲུ་བཞིའི་ཉམས་བཟང་ངོམ་བཞིན་ཡོད་ལ།  ཁྱིམ་ཚང་གི་རྒན་རྒོན་ལོ་བདུན་ཅུ་བརྒྱད་ཅུར་སོན་པ་ཚོ་ཡང་གཞས་ར་གྲུ་བཞིའི་ནང་གཞས་ལ་རོལ་བཞིན་ཡོད།  ལས་བྱེད་པ་ཚོའི་བྱིས་པ་རྣམས་གབ་རེས་འུབ་རེས་བྱེད་ཅིང་།  གཞས་ར་གྲུ་བཞིའི་མཐའ་འཁོར་དུ་ཕར་རྒྱུག་ཚུར་རྒྱུག་བྱེད་པས།  གྲོང་ཚོའི་ནང་ཡུན་རིང་གོ་མྱོང་མེད་པའི་བྱིས་པའི་སྐད་སྒྲ་དེ་དག་སྙིང་ཉེ་བ་ཞིག་ཏུ་སྣང་།

 

        དགོང་མོའི་ཆུ་ཚོད་བཅུ་གཅིག་ཙམ་ལ་རླངས་འཁོར་གྱི་གློག་འོད་དྲག་པོ་ཞིག་གྲོང་སྣེའི་སྦྱར་སྡོང་ལ་འཕྲོས་ཡོང་བས།  སྐྱིད་པའི་གཞས་ར་གྲུ་བཞི་ཟང་ཟིང་ལང་ལོང་དུ་འགྱུར་ནས་རླངས་འཁོར་ཡོང་སའི་ཕྱོགས་སུ་བལྟས་ནས་བསྡད།

 

        རླངས་འཁོར་གྲོང་ཚོའི་ནང་སླེབས་མ་ཐག་སྒོར་གཞས་རྒྱག་མཁན་ཕལ་ཆེར་རླངས་འཁོར་ཡོད་སར་རྒྱུགས་ཡོང་བ་དང་།  རྒན་རྒོན་ཚོ་ནི་ལག་པ་རྒྱབ་ལག་བྱས་ཏེ་རང་ཁྱིམ་དུ་ལོག་འགྲོ།  ཟླ་བ་ལྷ་མོ་དང་དབང་འདུས་ཁོང་ཚོས་གྲོང་ཚོའི་ནང་གི་ལས་བྱེད་པ་རྣམས་རུབ་རུབ་བྱེད་དུ་བཅུག་ནས།  ཁྱིམ་ཚང་སོ་སོས་ཉོ་རྒྱུའི་བྱུ་རུའི་མགུལ་རྒྱན་ཁ་གྲངས་དང་དངུལ་ལྷག་མ་རྣམས་རེ་རེ་བཞིན་རྩིས་བརྒྱབ།

 

        སྐབས་སྐབས་སུ་གྲགས་པའི་ཁྱི་སྐད་རེ་ཟུང་གིས་ཡུད་ཙམ་ཞིག་ལ་གཡུལ་ཐང་འཁྲུག་པོ་དེ་ཁུ་སིམ་མེར་བཏང་བས།  ད་གིན་འདིར་སྒོར་གཞས་ཀྱི་བྲོ་ར་འཁྲུག་པོ་ཞིག་ཡིན་ཟེར་ན་ཡིད་མ་ཆེས་པ་ལྟ་བུར་གྱུར་ཡོད།  ཁྱིམ་དུ་ལོག་རྗེས།  ཟླ་བ་ལྷ་མོས་ཀྱང་ཨ་མ་གཡང་སྐྱིད་ལ་ཉོས་པའི་བྱུ་རུའི་སྐེ་རྒྱན་དེ་བཏོན་ནས་ཁོང་གི་སྐེ་ལ་བཏགས་པས།  དེ་ནི་དབྱར་མཇུག་ཏུ་སྨིན་ནས་དམར་པོར་གྱུར་པའི་སེ་འབྲུའི་ཕྲེང་སྐོར་ཞིག་སྐེ་ལ་བཏགས་པ་བཞིན་སྣང་།

 

        ཁོ་མོས་སང་ཉིན་གྱི་ཀླུ་གསོལ་དུས་སྟོན་ལ་ཨ་མས་ཕྱུ་པ་ཅི་ཞིག་གྱོན་རྒྱུའི་ཐད་གྲོས་སྡུར་བྱས་ཤིང་།  ཕྱུ་པ་གཏན་འཁེལ་བྱུང་རྗེས་ཨ་མའི་གཡས་ནས་བལྟ་ཙམ་བྱས་པ་དང་གཡོན་ནས་བལྟ་ཙམ་བྱས།  དེ་ནས་མདུན་ནས་བལྟ་ཙམ་བྱས་ཏེ།  འོག་གི་ཕྱུ་པ་དེ་ནག་དྲགས་རྒྱུ་མི་འདུག་ཅེས་བཤད་པ་དང་།  དེ་ནས་ཕ་བསམ་གཏན་དང་བསྟན་འཛིན་ལ་བལྟས་ནས།  ཁྱེད་གཉིས་ཀྱིས་བྱས་ན་ཇི་འདྲ་འདུག་ཅེས་དྲིས།

 

        ཕ་བསམ་གཏན་གྱིས་འབོལ་གདན་ཐོག་རྒྱབ་བསྙེས་ངང་བཞུགས་ཤིང་།  དེ་འདྲ་ཞིག་རེད།  ཡག་རྒྱུ་མེད་ལ་སྡུག་རྒྱུའང་མི་འདུག  ཅེས་བཤད་པས་ཨ་མ་གཡང་སྐྱིད་ཀྱིས།  བསམ་གཏན་ཁྱོད་རང་གི་མིག་དེས་ལྟ་ཤེས་ཀྱི་མེད།  ཡག་པོ་ག་ཚོད་མི་འདུག་གམ།  གྲོང་ཚོའི་མོ་གཞོན་ང་ཚོས་བྱུ་རུའི་སྐེ་རྒྱན་བཏགས་ནས་འགྲོ་དུས་སྤོ་བོ་ཁྱེད་ཚོའི་མིག་ལྤགས་ལུགས་ཀྱི་རེད་ཅེས་བཞད་ཆ་དང་བཅས་བཤད།

 

        ག་རེའི་མོ་གཞོན།  ཡ་ཁུང་དཀར་པོ་ཆགས་ཡོད་རུང་ད་དུང་གཞོན་ཉམས་ཡོང་།  ཨ་ཕ་བསམ་གཏན་གྱིས་དེ་ལྟར་བཤད་པས།  བསྟན་འཛིན་ནི་ཨ་ཕ་དང་ཨ་མའི་བཀའ་མོལ་ཐོས་པ་དང་དགོད་ཆུང་གསིག་གསིག་ངང་ཤོར།

 

        ཨ་མ་ཁྱེད་རང་གིས་ཕྱུ་པ་དེ་ཅུང་ཟད་དཀར་ཙམ་མམ་ཡང་ན་སེར་ཙམ་མཆོད་ན་བྱུ་རུ་དེ་མངོན་གསལ་དོད་པོ་དུ་འགྲོ་ཡི་རེད།  དམར་སེར་ཚོས་ཀྱི་མེ་ཏོག་ཅེས་ཟེར་བ་མ་རེད་དམ།  ཟླ་བ་ལྷ་མོས་ཨ་མ་གཡང་སྐྱིད་ཀྱི་ཕྱུ་པ་དེར་ཡང་སྐོར་བསྐྱར་སྐོར་ངང་བལྟས་ནས་དེ་སྐད་བཤད།

 

        ངོ་མ་ཡ་ཁུང་ནས་སྐྲ་དཀར་གྱིས་འཇབ་རྒོལ་བྱེད་ཀྱི་འདུག་པས།  ད་ནི་ཕྱུ་པ་ཧར་པོ་དེ་འདྲ་གྱོན་ག་ལ་ནུས།  མི་ཚོས་འཕྱ་དམོད་བྱེད་ཀྱི་རེད།

 

        སྐྱོན་ཡོད་པ་མ་རེད།  སྐྲ་ནག་པོ་བཟོས་ཆོག་པས་གཙོ་བོ་སེམས་པ་འཇོག་མཁས་ལོས་རེད།  ཅུང་ཟད་གཞོན་བཟོ་དོད་དུ་འགྲོ་ཡི་རེད།

 

        གང་ལྟར་ཨ་མ་གཡང་སྐྱིད་དང་བུ་མོ་ཟླ་བ་ལྷ་མོ་གཉིས་ཀྱིས་ཆུ་ཚོད་བཅུ་གཉིས་བར་ཕྱུ་པ་ཚོས་མདོག་གང་ཞིག་གྱོན་ན་སྐེ་རྒྱན་རྒྱང་བཀྲག་ཆེ་རུ་འགྲོ་བ།  དེ་བཞིན་ཕྱུ་པ་གང་ལ་དཔག་པའི་འོག་འཇུག་དང་ཟོན་པ་ཧམ་སོགས་ལ་གླེང་མོལ་དང་ཚོད་ལྟ་བྱེད་ཀྱིན་བསྡད།

 

        ཕྱི་ཉིན་ནི་ལོ་གསར་ཚེས་ལྔ་ཡིན་ཞིང་།  ཚེས་ལྔ་ཉིན་གྲོང་ཚོའི་ཆུ་ཀ་ལ་འདྲེན་ཡུལ་གྱི་ཆུ་འགོའི་ཆུ་མིག་དེར་བསང་གསོལ་བྱེད་པར་འགྲོ་དགོས་ཀྱི་ཡོད།  ཆུ་མིག་དེར་རྟེན་ཁང་ཞིག་བཞེངས་ཡོད་ལ་མི་རྣམས་ཀྱིས་ལོ་ལྟར་རྟེན་ཁང་གི་གཡས་གཡོན་དུ་དར་ལྕོག་འཛུགས་པ་དང་བསང་ཁ་བསྒྲོན་ཏེ་རིན་ཆེན་དྭངས་ཆབ་གནང་བར་གཏང་རག་གཏོང་གི་ཡོད།  དེ་ཉིན་གྲོང་ཚོའི་ནང་གི་བུད་མེད་ཚོས་རང་ཁྱིམ་གྱི་གཅེན་གཅུང་དང་བུ་ཕྲུག་ལས་བྱེད་ཚོས་ཉོས་པའི་བྱུ་རུའི་སྐེ་རྒྱན་བཏགས་པ་དང་ལུས་ལ་གཟབ་མཆོར་ལེགས་པར་སྤྲས་པས་ངོ་མ་ནམ་མཁའ་ནས་བབས་པའི་མཁའ་འགྲོ་མ་ཁྱུ་ཞིག་ཆུ་མིག་འགྲམ་དུ་ཕེབས་པ་དང་མཚུངས།  ཁོང་ཚོས་ཆུ་མིག་འགྲམ་དུ་བསང་ཕུལ་རྗེས་བལ་ཚི་མའི་ཐིགས་ལུ་བསྒར་བའི་དར་ལྕོག་ལ་བསངས་ཤུལ་བཏང་བ་དང་རྟེན་ཁང་གི་གཡས་གཡོན་དུ་བཙུགས།

 

        གྲོང་ཚོའི་བུད་མེད་རྣམས་ཀྱིས་སྐེ་ལ་གསར་དུ་ཉོས་པའི་བྱུ་རུའི་སྐེ་རྒྱན་རེ་བཏགས་པ་ཕུད་ད་དུང་གའུ་དང་གསེར་གྱི་རྣ་ལོང་།  གསེར་གྱི་ཚིག་ཁེབས་སོགས་བཏགས་ནས་ཆུ་མིག་འགྲམ་དུ་མཛེས་ཉམས་འགྲན་པ་ལྟར་སྣང་ལ།  ཀླུ་ཡི་རྒྱལ་པོས་མཛེས་ལྡན་ལྷ་མོ་འདེམས་ཀྱིན་ཡོད་པ་དང་ཡང་མཚུངས།  དེ་ཉིན་གྲོང་ཚོ་ཨུ་ཡོན་ལྷན་ཁང་ནས་ཀྱང་ཁྱིམ་མཚེས་གྲོང་ཚོའི་འགོ་ཁྲིད་རྣམས་གདན་ཞུ་བྱས་ཏེ་ཤོ་སྦག་རྒྱག་པ་དང་གྲོང་ཚོའི་བུད་མེད་ཚོས་ཉིན་གང་གྲོང་ཚོའི་ཚོགས་ཁང་དུ་འཛོམས་ནས་གླུ་ལེན་གར་རྩེད་ལ་རོལ་ཞིང་བསྡད།

 

        ཉིན་ཤས་སོང་རྗེས།  རི་ཕུག་གྲོང་ཚོ་དེ་ལུང་དམར་ཤང་ལ་སྐད་གྲགས་ཆོད་ཅིང་།  གྲོང་ཚོ་གཞན་པའི་མི་མང་པོ་ཞིག་ཀྱང་རི་ཕུག་གྲོང་ཚོར་བྱུ་རུའི་སྐེ་རྒྱན་ལ་ལྟ་བར་ཡོང་།

 

        ལོ་སར་ནི་གྲ་སྒྲིག་མང་པོ་བྱས་རྗེས་སྐད་ཅིག་ལ་རྫོགས་པས་མི་རྣམས་ཀྱིས།  ལོ་གསར་མ་རེད་ལས་གསར་རེད་ཅེས་ཟེར་ལ།  ངོ་མ་ལོ་གསར་ཚར་ན་དཔྱིད་རྨོ་དཔྱིད་འདེབས་ཀྱི་ལས་ཀ་འགོ་ཚུགས་ཀྱི་ཡོད།  ལས་བྱེད་པ་རྣམས་སོ་སོའི་ལས་གནས་སུ་ལོག  གྲོང་ཚོ་འདི་ཡང་བསྐྱར་ཁུ་སིམ་མེར་སོང་།  རྒན་རྒོན་འགའ་ཤས་ལས་མེད་པའི་གྲོང་ཚོ་འདིར་ཆེས་འུར་ཟིང་ལྡན་པའང་ཉི་མ་བཞུད་ཁར་ཆུ་ཀ་ལའི་འགྲམ་ནས་ཆུ་ལེན་པའི་དུས་སུ་ཡིན།

 

        བུ་བསྟན་འཛིན་གྱིས་ལོ་གསར་ཚར་མ་ཐག་ཁོས་ཕ་མ་གཉིས་ལ་ལུད་འདོན་རོགས་དང་ཞིང་ལ་ལུད་བརྒྱབ་རྗེས་ཕ་མ་གཉིས་ཀྱི་གྱོན་གོས་རྣམས་གཙང་མར་བཀྲུས་པ་མ་ཟད་ད་དུང་རྐང་ཤུབས་རལ་པོ་དག་ཀྱང་བཀྲུས།  ཉིན་ཞིག་ཨ་མ་གཡང་སྐྱིད་ཀྱིས་ལོ་གསར་སྐབས་བུ་མོས་ཁྱེར་ཡོང་བའི་ཤོག་སྒམ་རྣམས་ཁ་ཕྱེ་སྟེ་རྐང་ཤུབས་དོ་པོ་གཉིས་བཏོན་པ་དང་བསྟན་འཛིན་ལ་གཏད་དེ།  ཟླ་བ་ལྷ་མོས་རྐང་ཤུབས་དོ་པོ་གཉིས་ཉོས་འདུག་པས་བསྟན་འཛིན་ཁྱོད་ཀྱིས་རྐང་ཤུབས་དེ་དག་མ་བཀྲུས་ཀྱང་ཆོག་ཅེས་བཤད།  བསྟན་འཛིན་གྱིས་ཕར་སོང་ནས་ལྟ་དུས།  དོ་པོའི་ཐོག་ཐེངས་གཅིག་བེད་སྤྱོད་རང་བཞིན་གྱི་རྐང་ཤུབས།  དོ་པོ་རེར་རྐང་ཉིས་བརྒྱ་ལྔ་བཅུ་ཡོད་ཅེས་བྲིས་ཡོད།

 

        བུ་མོ་དེ་དྲན་རྒྱུ་རྒོད་པ་ལ།  ངེད་རྒན་རྒོན་གཉིས་པོ་ཆུ་གྲང་མོས་རྐང་ཤུབས་བཀྲུ་རྒྱུར་སེམས་ཁྲལ་བྱུང་བ་རེད།  སྙིང་རྗེ།  བསྟན་འཛིན་རང་གིས་རྐང་ཤུབས་རྐང་ཁ་ཤས་བཏོན་རོགས།  དོ་དགོང་ཆུ་ལེན་པར་འགྲོ་དུས་ཨ་ཅག་ཚོར་རྐང་ཤུབས་རེ་སྟེར་གྱི་ཡིན།  ཁོང་ཚོས་ཐེངས་གཅིག་གྱོན་རྗེས་གཡུགས་ཆོག་པའི་རྐང་ཤུབས་དེ་འདྲ་གྱོན་མྱོང་ཡོད་ཀྱི་མ་རེད།  ཨ་མ་གཡང་སྐྱིད་ཀྱིས་དེ་ལྟར་བཤད།

 

        ཉིན་དེར་བསྟན་འཛིན་གྱིས་རྒྱབ་ཁུག་ནག་པོ་ཞིག་ཁུར་ནས་ཕྱིར་སློབ་གྲྭར་སོང་ཞིང་།  ཁོ་ནི་རི་ཕུག་གྲོང་ཚོ་ནས་ཐོན་མཁན་གྱི་ལས་བྱེད་ཆེས་མཇུག་མ་དེ་ཡིན་ལ་གྲོང་ཚོའི་མི་སུས་ཀྱང་ཁོ་རང་གྲོང་སྣེའི་སྦྱར་སྡོང་བར་སྐྱེལ་མ་བྱེད་མཁན་མ་བྱུང་།

 

        རླངས་འཁོར་ནང་གཞུག་ཁར་ཨ་མས་གསུངས་པའི་བསླབ་བྱ་ཉག་ཅིག་ནི།  སང་ལོ་ལོག་ཡོང་དུས་མོ་ཏྲ་ཞིག་ཉོས་ནས་ལོག་ཤོག  ཅེས་པ་དེ་ཡིན།

 

        དབྱར་ཁ་དེར།  ཕ་བསམ་གཏན་གྲུམ་ནད་ཀྱིས་མནར་ནས་ལངས་ཚུགས་མི་ཐུབ་པར་གྱུར་བས།  བུ་བསྟན་འཛིན་གྱིས་སློབ་གྲྭར་དགོངས་པ་ཞུས་ཏེ་ཕ་བསམ་གཏན་རྒྱ་ནག་ཁྲི་འདུའི་ཧོ་ཤི་སྨན་ཁང་དུ་ཁྲིད།  བུ་མོ་ཟླ་བ་ལྷ་མོ་ལས་བྲེལ་ཆེ་བས་ནད་གསོའི་སྒོར་སྟོང་ལྔ་བུ་བསྟན་འཛིན་ལ་བསྐུར་བ་དང་།  ཁ་པར་བཏང་ཡོང་ནས་བསྟན་འཛིན་ཁྱོད་ཀྱིས་ཨ་ཕར་ཞབས་ཕྱི་ཡག་པོ་ཞུ་རོགས།  དངུལ་མི་འདང་ན་ཐད་ཀར་ཁ་པར་བཏང་ཡོང་རོགས།  ང་རང་དེང་སང་ལས་བྲེལ་ཆེ་སྒང་ཡིན་པས་ཁོམ་དུས་ཤིག་མི་འདུག  ཅེས་བཤད།   མ་གཡང་སྐྱིད་ནི་རང་གི་ཟླ་བོའི་ནད་གཞིར་སེམས་ཁྲལ་གྱིས་ལྟོ་ཡང་ཟ་མི་འདོད་པ་ཞིག་ཏུ་གྱུར་ཡོད་ཅིང་།  མ་གཞི་བསྟན་འཛིན་གྱིས་ཁ་པར་བཏང་ནས་ཨ་ཕའི་ནད་གཞི་དྲག་སྐྱེད་ཡོང་བཞིན་ཡོད་པ་དང་སེམས་ཁྲལ་གནང་མི་དགོས་ཚུལ་གླེང་རུང་།    ཉིན་ལྟར་སྡེ་འདབས་ཀྱི་སྦྱར་སྡོང་འོག་ལངས་ནས་རྒྱང་རིང་ལ་འཐེན་པའི་གཞུང་ལམ་ལ་ཅེར།  ཁོ་མོའི་སེམས་ཀྱི་?ག་ཁྲེས་དེས་ཡ་ཁུང་སྐྲ་དཀར་གྱི་འདབ་མས་སྐྱ་ཕྱེད་སྔོ་ཕྱེད་དུ་བཏང་།  

 

        གྲོང་ཚོ་སྔར་བཞིན་ཁུ་སིམ་མེར།  བཞུད་ཁའི་ཉི་འོད་འོག་སྲང་ལམ་ཁྲོད་བྲེལ་འཚུབ་ངང་རྒྱུ་བཞིན་པའི་རྒན་རྒོན་རེ་འགའི་རྒྱབ་གཟུགས་དེ་ཇེ་ཆུང་ནས་ཇེ་ཆུང་དུ་སོང་།  གཡང་སྐྱིད་ཀྱིས་གོམ་ལག་དལ་པོའི་ངང་ཁྱིམ་དུ་སོང་ཞིང་།  བསིལ་རླུང་ཞིག་ལྡང་འོང་ནས་སྲང་ལམ་གྱི་གད་སྙིགས་རྣམས་ཕྱོགས་གཅིག་ཏུ་དེད་འགོ་ཚུགས།

 


རྩོམ་ཡིག་སྔོན་མ།
ཐར་ལོ།
རྩོམ་ཡིག་རྗེས་མ།
བསྟན་འཛིན་ཉི་མ།

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1