མི་དམངས་གཙོ་བོར་འཛིན་པའི་འཕེལ་རྒྱས་བསམ་བློ་སྲ་བརྟན་དུ་གཏང་དགོས།

རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 04-04


——གཏིང་ཟབ་པའི་སྒོ་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་སི་ཁྲོན་དུ་རྟོག་ཞིབ་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་ལག་བསྟར་བྱེད་པའི་དཔྱད་བརྗོད་དྲུག་པ། 
སི་ཁྲོན་ཉིན་རེའི་ཚགས་པར་ཁང་གི་དཔྱད་བརྗོད་པས།
        དཔྱིད་གསར་དུས་ཆེན་གྱི་སྔོན་དུ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་སི་ཁྲོན་དུ་རྟོག་ཞིབ་གནང་བ་དང་ཤུགས་ཆེན་པོས་དམངས་འཚོ་འགན་སྲུང་དང་ལེགས་བཅོས་བྱ་དགོས་པའི་ཐད་ལ་བླང་བྱ་གལ་ཆེན་བཏོན། གཏིང་ཟབ་པའི་སྒོ་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་སི་ཁྲོན་དུ་རྟོག་ཞིབ་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ལ་སློབ་སྦྱོང་ལག་ལེན་ཟབ་མོ་བྱེད་པ་དང་། ཞིང་ཆེན་ཡོངས་ཀྱི་ས་གནས་སོ་སོ་དང་སྡེ་ཁག་སོ་སོའི་རྒྱ་ཆེའི་ཏང་ཡོན་ལས་བྱེད་པས་མི་དམངས་གཙོ་བོར་འཛིན་པའི་འཕེལ་རྒྱས་བསམ་བློ་སྲ་བརྟན་དུ་གཏོང་བ་དང་རྒྱུན་དུ་དམངས་ལ་སེམས་ཁྲལ་དང་། དམངས་གཅེས་དང་དམངས་ཕན་སེམས་སུ་བཅངས་ནས་དམིགས་གཏད་རང་བཞིན་སྔར་ལས་ཆེ་ཞིང་ཁྱབ་རྒྱ་སྔར་ལས་ཡངས་པ། ནུས་པ་ཐད་ཀར་ཡིན་པ། ནུས་ཆོད་སྔར་ལས་མངོན་གསལ་ཡིན་པའི་ཇུས་ཆོད་ལག་བསྟར་བྱས་ཏེ། མང་ཚོགས་དང་འབྲེལ་བའི་སློབ་གསོ་དང་ལས་ཞུགས། སྨན་བཅོས་འཕྲོད་བསྟེན། སྤྱི་ཚོགས་འགན་སྲུང་། སྤྱི་ཚོགས་གཏན་འཇགས་སོགས་ཀྱི་དམངས་འཚོའི་གནད་དོན་ཐག་གཅོད་ལེགས་པོ་བྱས་ནས་རྒྱུན་ཆད་མེད་པར་ཞིང་ཆེན་ཡོངས་ཀྱི་ཐོབ་ཚོར་དང་སྐྱིད་ཚོར། བདེ་ཚོར་བཅས་གོང་དུ་འཕེལ་བར་ 
བརྩོན་དགོས།
        དམངས་འཚོ་ནི་དམངས་སེམས་དང་འབྲེལ་བས་མི་དམངས་གཙོ་བོར་འཛིན་པའི་འཕེལ་རྒྱས་བསམ་བློ་རྒྱུན་འཁྱོངས་བྱེད་པ་ལས་མར་ཁེ་སིའི་རིང་ལུགས་ཀྱི་ཆབ་སྲིད་དཔལ་འབྱོར་རིག་པའི་རྩ་བའི་ལངས་ཕྱོགས་མངོན་ཞིང་། མི་དམངས་བླ་ན་མཐོ་བའི་རིན་ཐང་འཛིན་སྟངས་མཚོན་པ་ཡིན། ཏང་དང་རྒྱལ་ཁབ་ཀྱི་ལས་དོན་ཡོད་ཚད་ཀྱི་འགོ་བརྩམས་ས་དང་རྐང་ཚུགས་ས་ནི་རྒྱ་ཆེའི་མི་དམངས་ཀྱི་རྩ་བའི་ཁེ་ཕན་མངོན་འགྱུར་ལེགས་པོ་བྱེད་པ་དང་འགན་སྲུང་ལེགས་པོ་བྱེད་པ། འཕེལ་རྒྱས་ལེགས་པོ་བྱེད་པ་བཅས་ཀྱི་ཆེད་དུ་ཡིན་པ་རེད། 
        སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་སི་ཁྲོན་དུ་ཕེབས་ནས་མང་ཚོགས་ལ་འཚམས་འདྲི་གནང་བར་མ་ཟད། འགན་སྲུང་དང་དམངས་འཚོ་བཅོས་སྒྱུར་ཐད་ལ་བླང་བྱ་གལ་ཆེན་བཏོན། འདི་ལས་མང་ཚོགས་ཀྱི་དགའ་སྐྱོ་ལ་སེམས་ཁུར་བྱེད་པ་དང་མང་ཚོགས་ཀྱི་སྐྱིད་སྡུག་ལ་དོ་ཁུར་བྱེད་པའི་བརྩེ་སེམས་མཚོན་པ་དང་། ང་ཚོའི་ཏང་གི་ཐོག་མའི་སེམས་འདུན་དང་འོས་འགན་མངོན་ཡོད་པ་རེད། 
        མིག་སྔར། རང་རྒྱལ་གྱི་སྤྱི་ཚོགས་ཀྱི་འགལ་བ་གཙོ་བོ་ནི་མང་ཚོགས་ཀྱི་ཉིན་རེར་གོང་དུ་འཕེལ་བཞིན་པའི་བདེ་སྐྱིད་ཀྱི་འཚོ་བའི་དགོས་མཁོ་དང་དོ་མི་སྙོམས་ཤིང་འཐུས་མི་ཚང་བའི་འཕེལ་རྒྱས་བར་གྱི་འགལ་བར་བསྒྱུར་བཀོད་བྱས་ཟིན་པ་དང་། འདིས་དུས་རབས་གསར་པ་དང་གནས་བབ་གསར་པའི་འོག་དམངས་འཚོའི་འགན་སྲུང་དང་ལེགས་བཅོས་ལས་དོན་ལ་སྔར་ལས་མཐོ་བའི་བླང་བྱ་གསར་པ་བཏོན་པར་མ་ཟད། རང་ཞིང་གི་རིམ་པ་སོ་སོའི་ཏང་ཡོན་ལས་བྱེད་པར་འགྲན་རྩོད་གསར་པ་བཏོན་པ་རེད། 
        ངེས་པར་དུ་གསལ་པོར་མཐོང་དགོས་པ་ནི། མིག་སྔར་རང་ཞིང་གི་དམངས་འཚོ་འཕེལ་རྒྱས་སྤྱིའི་ཆུ་ཚད་ཀྱིས་ད་རུང་མི་དམངས་ཀྱི་དགོས་མཁོ་ཡོངས་སུ་སྐོང་དཀའ་བ་དང་། “སློབ་གྲྭ་གདམ་གསེས་ཀྱི་ཚ་རླབས”“ནད་ལ་ལྟ་དཀའ་བ་དང་སྨན་རིན་མཐོ་བ”སོགས་ཀྱི་གནད་དོན་ད་དུང་རྩ་བ་ནས་སེལ་མེད། གཞན་དབུལ་ཕོངས་ས་ཁུལ་དང་མི་རིགས་ས་ཁུལ། ས་མཐའི་ཁུལ་གྱི་གཞི་རྩའི་སྤྱི་པའི་ཞབས་ཞུའི་འཕེལ་རྒྱས་རྗེས་ལུས་ཡིན་པ་དང་། ས་ཁུལ་བར་དང་གྲོང་རྡལ་བར། ཚོགས་སྤྱིའི་བར་གྱི་འགན་སྲུང་དོ་མི་མཉམ་པ་རེད། 
        གནད་དོན་དང་འགྲན་སློང་འདི་དག་ལ་དམིགས་ཏེ། རིམ་པ་སོ་སོ་དང་སྡེ་ཁག་སོ་སོའི་རྒྱ་ཆེའི་ཏང་ཡོན་ལས་བྱེད་པས་ངེས་པར་དུ་དོན་དངོས་དང་མཐུན་པའི་ལས་དོན་བསྒྲུབ་ཅིང་སྤྱི་ཚོགས་ཀྱི་འགལ་བ་གཙོ་བོའི་འགྱུར་ལྡོག་ལ་དམ་པོར་དམིགས་ནས་མང་ཚོགས་ཀྱི་རེ་སྒུག་གསར་པ་དང་བླང་བྱ་གསར་པ་ཁོང་དུ་ཆུད་པ་དང་། དམངས་འཚོ་འགན་སྲུང་དང་ལེགས་བཅོས་ཀྱི་ལས་དོན་ཁག་ནན་གྱིས་བསྒྲུབ་དགོས། 
        སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མི་དམངས་གཙོ་བོར་འཛིན་པའི་འཕེལ་རྒྱས་བསམ་བློ་ནི་སྤྱི་མཚན་དང་སྤྱི་བམ་གྱི་བརྡ་དོན་ཞིག་མ་ཡིན་པས་ངག་ཐོག་ནས་བཤད་པ་ཙམ་དང་བསམ་བློའི་ལྷུ་ཚིགས་སུ་ལུས་མི་རུང་བར་ངག་ཐོག་ནས་བཤད་པ་ཙམ་དང་བསམ་བློ་ཙམ་དུ་གནས་མི་རུང་བ་དང་། དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་ལྷུ་ཚིགས་ཡོངས་ལས་མཚོན་ཐུབ་དགོས་ཞེས་བསྟན། 
        མི་དམངས་གཙོ་བོར་འཛིན་པའི་འཕེལ་རྒྱས་བསམ་བློ་ལག་ལེན་བྱ་དགོས་ན། ཐོག་མར་དམངས་ལ་བཅངས་པའི་བརྩེ་དུང་སྲ་བརྟན་དུ་གཏང་དགོས་པ་དང་། 
མི་དམངས་གཙོ་བོར་འཛིན་པ་དང་མི་དམངས་ཀྱི་ཆེད་དུ་བདེ་སྐྱིད་བསྐྲུན་པ་རྒྱུན་འཁྱོངས་བྱ་དགོས། འདི་ནི་སྔོན་འགྲོ་དང་རྨང་གཞི་ཡིན་པ་རེད།  
        དེ་ནས་བསམ་བློ་དང་། འདུ་ཤེས། བརྩེ་སེམས་བྱ་སྤྱོད་བཅས་དོན་དངོས་ཀྱི་བྱ་སྤྱོད་དུ་བསྒྱུར་དགོས་ཏེ། དམངས་འཚོའི་གཙོ་གནད་དང་རེ་འདོད་ཚ་ཤོས། དཀའ་གནད། གནད་འགག་བཅས་ལ་དམིགས་ནས་སྔར་ལས་ཁ་གཏད་རང་བཞིན་དང་སྔར་ལས་ནུས་ཆོད་ལྡན་པའི་ཇུས་ཆོད་ལག་བསྟར་བྱས་ཏེ་འབད་པ་ཆེན་པོས་དམངས་འཚོའི་དོན་དངོས་ལེགས་པོར་བསྒྲུབས་ནས་མི་དམངས་མང་ཚོགས་ལ་སྔར་ལས་གཏན་འཇགས་ཀྱི་ལས་དོན་དང་སྔར་ལས་ཡིད་ཚིམ་པའི་ཡོང་འབབ། སྔར་ལས་ལེགས་པོའི་སློབ་གསོ། སྔར་ལས་ཆུ་ཚད་མཐོ་བའི་སྨན་བཅོས་འཕྲོད་བསྟེན་གྱི་ཞབས་ཞུ། སྔར་ལས་ཡིད་རྟོན་རུང་བའི་སྤྱི་ཚོགས་འགན་སྲུང་། སྔར་ལས་བདེ་ཞིང་སྐྱིད་པའི་འཚོ་སྡོད་ཀྱི་ཆ་རྐྱེན། སྔར་ལས་མཛེས་ཤིང་སྡུག་པའི་རང་བྱུང་སྐྱེས་ཁམས། སྔར་ལས་དྲང་བདེན་ཡིན་པའི་སྤྱི་ཚོགས་ཁུར་ཡུག སྔར་ལས་ཕུན་སུམ་ཚོགས་པའི་བསམ་བློའི་རིག་གནས་འཚོ་བ་བཅས་སྤྱོད་དུ་བཅུག་ནས་འཚོ་བ་གོང་ནས་གོང་དུ་འཕེལ་བར་བརྩོན་དགོས།  
        དེའི་བརྒྱུད་རིམ་ཁྲོད། ཀུན་ཕན་རང་བཞིན་དང་གཞི་རྩའི་འགན་སྲུང་། ཆ་སྙོམས་ཅན། རྒྱུན་མཐུད་རྩ་དོན་བཅས་རྒྱུན་འཁྱོངས་བྱས་ཏེ། ནུས་ཤུགས་ཆེན་པོ་འཕུད་དགོས་པར་མ་ཟད་ཚད་ནུས་དང་ཡང་བསྟུན་དགོས། ཁ་བཤད་ཆུ་ཡི་ལྦུ་བ་དང་རྒྱུ་རྔམ་འཕེལ་བ། མི་དམངས་ཀྱི་ཡིད་རྟོན་ཤོར་བ་བཅས་ལ་སྔོན་འགོག་བྱས་ཏེ་མང་ཚོགས་ལ་མིག་མཐོང་ལག་ཟིན་གྱི་དངོས་ཕན་བསྒྲུབ་དགོས།
སྲིད་དོན་དམངས་ལ་དྲིས་ན་ཐོབ་ཤོར་ཤེས། དགོས་མཁོ་དམངས་ལ་དྲིས་ན་སྐྱིད་སྡུག་ཤེས། ཐབས་ཇུས་དམངས་ལ་འདྲི་ན་བདེན་རྫུན་ཤེས།
        རིམ་པ་སོ་སོའི་སྡེ་ཁག་སོ་སོ་དང་རྒྱ་ཆེའི་ཏང་ཡོན་ལས་བྱེད་པས་ངེས་པར་དུ་བསམ་བློ་དང་བྱ་སྤྱོད་དེ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་སི་ཁྲོན་དུ་རྟོག་ཞིབ་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་དང་གཅིག་གྱུར་ཡོང་བར་བྱས་ཏེ། ཐོག་མཐའ་བར་གསུམ་དུ་མི་དམངས་ཀྱི་སེམས་སྒྲ་དེ་འཕྲིན་བརྡ་དང་པོར་བརྩི་བ་དང་། མི་དམངས་ཀྱི་དགོས་མཁོ་ནི་ལས་འགན་དང་པོ་འཛིན་པ། མི་དམངས་ཀྱིས་བཅངས་པའི་དམིགས་ཡུལ་དེ་དང་པོར་འཇོག་དགོས། དམངས་འཚོའི་ལས་དོན་ཁག་སྔར་ལས་ཞིབ་ཕྲ་ཡོད་པ་དང་སྔར་ལས་ནན་ཏན་གྱིས་བསྒྲུབ་ནས་འབད་པ་ཆེན་པོས་ཞིང་ཆེན་ཡོངས་ཀྱི་མི་དམངས་ཀྱི་ཐོབ་ཚོར་དང་སྐྱིད་ཚོར། བདེ་ཚོར་བཅས་སྔར་ལས་འཐུས་ཚང་དང་སྔར་ལས་འགན་སྲུང་ཡོད་པ། སྔར་ལས་རྒྱུན་མཐུད་ཡིན་པར་འབད་དགོས། །


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1