སློབ་གྲྭའི་ལུས་རྩལ་མནའ་འབྲེལ་གྱི་2018ལོའི་འགྲན་མགོ་ཚུགས་པ།

རྩོམ་སྒྲིག་པ།ཡོང་ཁུངས།ངེད་དྲ་བ། སྤེལ་དུས། 04-04


      ཟླ་4བའི་ཚེས་1ཉིན། རྔ་བ་ཁུལ་གྱི་སློབ་གྲྭའི་ལུས་རྩལ་མནའ་འབྲེལ་གྱིས་གཙོ་སྒྲུབ་མཛད་ཅིང་། སི་ཁྲོན་ཞིང་ཆེན་འབར་ཁམས་སློབ་འབྲིང་གིས་འགན་སྒྲུབ་བྱས་པའི་སྐབས་ལྔ་བའི་རྔ་བ་ཁུལ་སློབ་གྲྭའི་ལུས་རྩལ་མནའ་འབྲེལ་2018ལོའི་འགྲན་བསྡུར་གྱི་མགོ་ཚུགས་མཛད་སྒོ་སི་ཁྲོན་ཞིང་ཆེན་འབར་ཁམས་སློབ་འབྲིང་དུ་སྤེལ།

     ཐེངས་འདིའི་བྱ་འགུལ་ལ་འབར་ཁམས་མི་རིགས་དགེ་འོས་སློབ་གྲྭ་དང་། རྔ་བ་ཁུལ་འཕྲོད་བསྟེན་སློབ་གྲྭ། འབར་ཁམས་སློབ་འབྲིང་། འབར་ཁམས་གྲོང་ཁྱེར་གྱི་སློབ་ཆུང་གཉིས་པ། འབར་ཁམས་གྲོང་ཁྱེར་གྱི་སློབ་ཆུང་བཞི་བ། འབར་ཁམས་གྲོང་ཁྱེར་གྱི་གྲོང་རྡལ་སློབ་གྲྭའི་མཉམ་འབྲེལ་རུ་ཁག་བཅས་ཞུགས་ཡོད།

     མགོ་ཚུགས་མཛད་སྒོར། སློབ་གྲྭ་སོ་སོའི་སློབ་མའི་ཞབས་བྲོ་རུ་ཁག་གིས་ལང་ཚོའི་གསོན་ཤུགས་རྒྱས་ཤིང་ཡིད་དུ་འོང་བའི་སྟངས་སྟབས་ཀྱིས་ལུས་རྩལ་བ་རྣམས་ལ་དོན་གྱི་སྡོང་བོ་ལ་འབྲས་བུའི་ལོ་ཏོག་སྨིན་པའི་ཁ་གཡང་དང་སྨོན་འདུན་ཞུས། 

     རྒྱུས་ལོན་པ་ལྟར། ཐེངས་འདིའི་ལུས་རྩལ་འགྲན་ཚོགས་ལ་ཐག་ལྡིང་གི་འགྲན་བསྡུར་དང་། ལག་རྩེད་སྤོ་ལོའི་འགྲན་བསྡུར། ཕའེ་ཆིའུ་སྤོ་ལོའི་འགྲན་བསྡུར་བཅས་གསུམ་ཡོད་ཅིང་། འགྲན་བསྡུར་དུས་ཚོད་ནི་2018ལོའི་ཟླ་4བའི་ཚེས་1ཉིན་ནས་ཟླ་7པའི་ཚེས་1ཉིན་དང་། ཟླ་9པའི་ཚེས་1ཉིན་ནས་ཟླ་11པའི་ཚེས་20ཉིན་གྱི་གཟའ་འཁོར་རེའི་གཟའ་མཇུག་རེད།

      ཐོག་མར། དགེ་རྒན་སྐྱེས་མ་བཅུ་རེ་ཚོགས་པ་བྱས་ཏེ་ཐུན་མོང་གིས་ཐག་ལྡིང་འགྲན་བསྡུར་བྱས། སློབ་གྲྭ་སོ་སོའི་བུད་མེད་དགེ་རྒན་རྣམས་ཀྱིས་སེམས་ཤུགས་གཅིག་སྒྲིལ་བྱས་ཤིང་ཚོགས་པའི་སྙིང་སྟོབས་སྤེལ་བས་ལྟད་མོ་བ་རྣམས་ཀྱིས་དགའ་བའི་ཀི་འབོད་བྱས་ཤིང་སྤྲོ་བའི་ཐལ་མོ་བརྡབས་བྱུང་།

    མཐར་ཐག་ལྡིང་འགྲན་བསྡུར་ལས་འབར་ཁམས་སློབ་འབྲིང་ལ་ཨང་དང་པོ་ཐོབ་པ་དང་། འབར་ཁམས་མི་རིགས་དགེ་འོས་སློབ་གྲྭར་ཨང་གཉིས་པ། འབར་ཁམས་སློབ་ཆུང་གཉིས་པར་ཨང་གསུམ་པ་དང་། འབར་ཁམས་འཕྲོད་བསྟེན་སློབ་གྲྭར་ཕུལ་བྱུང་རྩ་འཛུགས་བཅས་ཀྱི་བྱ་དགའ་འཐོབ་ཡོད།།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1