སྤྱི་ཁྱབ་ཧྲུའུ་ཅིས་སྔོན་གཤེགས་དཔའ་བོར་རྗེས་དྲན་གནང་བའི་བཀའ་མོལ།

རྩོམ་སྒྲིག་པ།ཡོང་ཁུངས། ཀྲུང་གོའི་བོད་སྐད་རླུང་འཕྲིན་དྲ་བ། སྤེལ་དུས། 04-08


             དྭངས་གསལ་དུས་ཆེན་ནི་ཀྲུང་ཧྭ་མི་རིགས་ཀྱི་དུར་ཕྱག་བྱེད་པའི་སྲོལ་རྒྱུན་དུས་ཆེན་ཞིག་ཡིན་པ་དང་། ལོ་ལྟར་ད་ལྟའི་དུས་འདིར་མི་རྣམས་ནས་རྣམ་པ་སྣ་ཚོགས་ཐོག་ནས་སྔོན་བྱོན་མེས་པོར་མཆོད་འབུལ་བྱས་ཏེ་དྲན་སེམས་མཚོན་པ་བྱེད་ཀྱི་ཡོད། མེས་པོའི་མཛད་རྗེས་ལ་ཕྱིར་དྲན་བྱེད་སྐབས་ཁག་ཅིག་ང་ཚོས་ནམ་ཡང་བརྗེད་མི་རུང་སྟེ། མི་རིགས་རང་བཙན་དང་བཅིངས་འགྲོལ། རྒྱལ་ཁབ་དར་རྒྱས་འབྱོར་ཕྱུག་ལྡན་པར་འགྱུར་ཆེད་ལེགས་སྐྱེས་འབུལ་མཁན་དང་རང་སྲོག་བློས་གཏོང་བྱེད་མཁན་སྔོན་གཤེགས་དཔའ་བོ་རྣམས་ཡིན། ཁོང་རྣམ་པས་ཚེ་སྲོག་ལེགས་སྐྱེས་སུ་ཕུལ་བས་ང་ཚོར་ད་ལྟའི་བདེ་སྐྱིད་ལྡན་པའི་འཚོ་བ་འདི་བྱུང་ཡོད།
             ཏང་དང་རྒྱལ་ཁབ་ཀྱི་ཆེས་མཐོའི་འགོ་ཁྲིད་ཡིན་པའི་ངོས་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ལོ་དེ་དག་རིང་རྣམ་པ་སྣ་ཚོགས་ཐོག་ནས་སྔོན་གཤེགས་དཔའ་བོར་རྗེས་དྲན་དང་། མི་རིགས་ཀྱི་དཔའ་བོར་བསྟོད་གླུ་འབུལ་བ། རང་ཉིད་ཀྱི་གཏམ་སྤྱོད་ལ་བརྟེན་ནས་ཏང་ཡོངས་དང་དམག་ཡོངས། རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ལ་མིག་དཔེ་སྟོན་གནང་ཡོད། གཤམ་ལ་ང་ཚོས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་རབ་དང་རིམ་པར་ཕྱིར་དྲན་བྱས་ཏེ་སྤྱི་ཁྱབ་ཧྲུའུ་ཅིས་སྔོན་གཤེགས་དཔའ་བོ་རྗེས་དྲན་གནང་བའི་སྐོར་ཞུ་གི་ཡིན།
             ཀྲུང་ཧྭ་མི་རིགས་ནི་དཔའ་བོར་མཐོང་ཆེན་དང་། དཔའ་ཉམས་ལྡན་པ། དཔའ་བོ་གྲངས་མེད་ཐོན་པའི་མི་རིགས་ཤིག་ཡིན། སྤྱི་ལོ་2015ལོའི་ཟླ་བ་དགུ་པའི་ཚེས་2ཉིན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་གོའི་མི་དམངས་ཀྱི་འཇར་འགོག་དམག་འཁྲུག་ལ་རྒྱལ་ཁ་ཐོབ་ནས་ལོ་ངོ་བདུན་བཅུ་འཁོར་བའི་དྲན་གསོའི་རྟགས་མ་སྤྲོད་པའི་མཛད་སྒོའི་ཐོག ཉེ་རབས་ནས་བཟུང་། ཡོད་ཚད་ཀྲུང་ཧྭ་མི་རིགས་རང་བཙན་དང་བཅིངས་འགྲོལ་ཆེད་རང་སྲོག་བློས་གཏོང་བྱེད་མཁན་མི་རྣམས་དང་། ཡོད་ཚད་ཀྲུང་ཧྭ་མི་རིགས་ཕྱི་ཕྱོགས་ཀྱི་མི་སེར་སྤེལ་བའི་དབང་སྒྱུར་དང་བཙན་འཛུལ་ལས་ཐར་ཐུབ་ཆེད་དཔའ་ངར་ཆེན་པོས་ འཐབ་རྩོད་བྱེད་མཁན་མི་རྣམས། ཡོད་ཚད་ཀྲུང་ཧྭ་མི་རིགས་ཀྱིས་རང་ཉིད་ཀྱི་ལས་དབང་རང་ལ་དབང་བ་དང་། རྒྱལ་ཁབ་གོང་འཕེལ་གྱི་ལམ་བུ་གསར་པ་གཏོད་མཁན་མི་རྣམས་བཅས་ནི་མི་རིགས་ཀྱི་དཔའ་བོ་དང་རྒྱལ་ཁབ་ཀྱི་གཟི་བརྗིད་རེད། ཀྲུང་གོའི་མི་དམངས་ནས་ཁོང་ཚོའི་ནུབ་པ་མེད་པའི་མཛད་རྗེས་ནམ་ཡང་བརྗེད་མི་སྲིད་ཅེས་གསུངས་པ་དང་། ཞི་ཅིན་ཕིང་གིས། གནམ་སའི་བར་ན་དཔའ་བོའི་བློ་སྟོབས་གནས། ཇི་སྲིད་སྐལ་བརྒྱ་གཟི་རྔམ་ཉམས་མི་འགྱུར། རེ་བ་ཡོད་པའི་མི་རིགས་ཤིག་ལ་དཔའ་བོ་ནི་མེད་དུ་མི་རུང་བ་ཞིག་ཡིན་པ་དང་། མདུན་ལམ་ལྡན་པའི་རྒྱལ་ཁབ་ཅིག་ལ་གདོང་སྐྱོད་པ་མེད་དུ་མི་རུང་ཞིག་ཡིན། འཇར་འགོག་དམག་འཁྲུག་གི་དཔའ་བོ་ཚུད་པའི་མི་རིགས་ཀྱི་དཔའ་བོ་ཐ་དག་ཀྲུང་ཧྭ་མི་རིགས་ཀྱི་སྒལ་ཉག་ལྟ་བུ་ཡིན་པ་དང་། ཁོང་རྣམ་པའི་མཛད་རྗེས་དང་སྙིང་སྟོབས་ནི་ང་ཚོ་མདུན་སྐྱོད་བྱེད་པའི་སྟོབས་ཤུགས་ཆེན་པོ་ཞིག་ཡིན་ཞེས་གསུངས་པ་རེད།
             ཀྲུང་གོ་གསར་པ་དབུ་བརྙེས་རྗེས་སྐུ་བལྟམས་པ་དང་འཚར་ལོངས་བྱུང་བའི་ཏང་དང་རྒྱལ་ཁབ་ཀྱི་ཆེས་མཐོའི་དབུ་ཁྲིད་ཡིན་པའི་ངོས་ནས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་ལ་ཏང་གི་ཕུལ་བྱུང་སྲོལ་རྒྱུན་དང་ཚན་རིག་དང་མཐུན་པའི་རིགས་གཞུང་གི་བག་ཆགས་དང་སློབ་གསོ་ཐོབ་པས་ནང་སེམས་དབུས་སུ་དཔའ་བོར་བརྩེ་བ་ཟབ་མོ་བཅངས་བཞིན་ཡོད། རྒྱལ་ནང་དུ་རྟོག་ཞིབ་ལ་ཕེབས་ཐེངས་རེ་རེར་སྤྱི་ཁྱབ་ཧྲུའུ་ཅིས་རྟག་ཏུ་ཆེད་མངག་ས་གནས་དེ་གའི་སྔོན་གཤེགས་དཔའ་བོའི་བང་སོ་དང་། དྲན་གསོ་ཁང་སོགས་ལ་ཕེབས་ཏེ་སྔོན་གཤེགས་དཔའ་བོར་རྗེས་དྲན་གནང་བཞིན་འགྱུར་བ་མེད་པའི་དད་སེམས་མཚོན་པར་གནང་གི་ཡོད།
             སྤྱི་ལོ་2016ལོའི་དཔྱིད་གསར་དུས་ཆེན་གྱི་སྔ་ནུབ་ཏུ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཅང་ཞི་རུ་ཅིང་ཀང་ཧྲན་གསར་བརྗེའི་སྔོན་གཤེགས་དཔའ་བོའི་བང་སོར་གུས་མཇལ་ལ་ཕེབས་སྐབས་གསར་བརྗེའི་སྔོན་གཤེགས་དཔའ་བོར་རྗེས་དྲན་ཞུ་བར་ཡོང་ཐེངས་རེ་རེར་བསམ་བློར་སྐུལ་མ་རེ་ཐེབས་པ་མ་ཟད་སེམས་འགུལ་ཡང་ཐེབས་ཀྱི་འདུག འདས་ཟིན་པའི་ལོ་ཟླར་ཕྱིར་དྲན་བྱེད་དུས་ང་ཚོས་གསར་བརྗེའི་སྔོན་གཤེགས་དཔའ་བོར་བླ་ན་མེད་པའི་གུས་འདུད་ཞུ་རྒྱུ་དང་། ང་ཚོས་ནམ་ཡང་ཁོང་རྣམ་པར་དྲན་གསོ་དང་ཡིད་ལ་བརྟན་པོར་ངེས་ཏེ། ཁོང་ཚོའི་གསར་བརྗེའི་གཞི་རྒྱུ་རྒྱུན་འཛིན་ཡག་པོ་བྱེད་དགོས་ཞེས་གསུངས་པ་རེད།
             སྤྱི་ཁྱབ་ཧྲུའུ་ཅིས་ཁོང་རང་ཉིད་ནས་དཔའ་བོར་གུས་བཀུར་ཞུ་བའི་བསམ་པ་མཚོན་པ་གནང་གི་ཡོད་པ་དང་། འབད་བརྩོན་ཆེན་པོས་མི་དམངས་མང་ཚོགས་ནས་དཔའ་བོར་གུས་བཀུར་དང་གདོང་སྐྱོད་པ་བྱ་རྒྱུ་བརྩོན་ལེན་བྱེད་དགོས་པའི་སྐུལ་མ་གནང་གི་ཡོད། ཀྲུང་གོའི་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་ངོ་95འཁོར་བར་རྟེན་འབྲེལ་ཞུ་བའི་ཚོགས་ཆེན་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་སྔོན་བྱོན་དཔའ་བོའི་མཛད་རྗེས་ཀྱིས་རྒྱ་ཆེའི་ཏང་ཡོན་ལ་སློབ་གསོ་གཏོང་བ་དང་། གུང་ཁྲན་རིང་ལུགས་ཕུགས་བསམ་བརྟན་སྲུང་བྱེད་དགོས་པའི་རྣམ་པ་བསྟན་ཡོད།
             ཞི་ཅིན་ཕིང་གིས། རིང་ལུགས་བདེན་པ་ཡིན་པས་ན། མགོ་བོ་བཏུབ་ཀྱང་སྐྲག་དོན་མེད། དགྲ་བོས་བཏུབ་པ་ནི་ང་ཚོའི་མགོ་བོ་ཡིན་ནའང་ང་ཚོའི་དད་སེམས་ལ་འགྱུར་བ་གཏོང་མི་རུང་། བདེན་དོན་གྱི་ཆེད་དཔའ་ངར་ཞུམ་མེད་ཀྱི་སྙིང་སྟོབས་མཚོན་པའི་དམ་བཅས་གུང་ཁྲན་ཏང་མིའི་རྒྱང་རིང་ཕུགས་བསམ་ལ་འགྱུར་བ་མེད་པ་མཚོན་ཡོད། ང་ཚོས་སྔོན་གཤེགས་དཔའ་བོ་རྣམ་པའི་རེ་འདུན་ཡིད་ལ་བརྟན་པོར་ངེས་ཏེ་ཁོང་རྣམ་པས་དེའི་ཆེད་ཁྲག་ཐོན་བློས་གཏོང་གནང་བའི་རླབས་ཆེའི་ཕུགས་བསམ་ནམ་ཡང་བརྗེད་མི་རུང་ཞེས་གསུངས་གནང་ཡོད་པ་རེད།
             སེམས་ལ་བརྟན་པོ་ངེས་ཚེ། གཞི་ནས་རྒྱུད་འཛིན་དེ་བས་ཡག་པ་བྱེད་ཐུབ། སྤྱི་ལོ་2014ལོ་ནི་ལམ་ཚད་རྡོ་རིང་ལྟ་བུའི་དོན་སྙིང་ལྡན་པའི་ལོ་ཞིག་ལ་གྱུར་ཡོད། སྤྱི་ལོ་2015ལོའི་ལོ་གསར་གྱི་གསུང་བཤད་ནང་སྤྱི་ཁྱབ་ཧྲུའུ་ཅིས། ལོ་འདིར། ང་ཚོས་ཁྲིམས་འཛུགས་བརྒྱུད་ཀྲུང་གོའི་མི་དམངས་ལྗར་འགོག་དམག་འཁྲུག་ལ་རྒྱལ་ཁ་ཐོབ་པའི་དྲན་གསོའི་ཉིན་མོ་དང་། སྔོན་གཤེགས་དཔའ་བོར་དྲན་གསོ་ཞུ་བའི་ཉིན་མོ། ནན་ཅིང་དམར་གསོད་ཆེན་པོའི་ཁྲོད་རྐྱེན་ལམ་དུ་ཤོར་མཁན་ལ་རྒྱལ་ཁབ་ནས་སྤྱི་ཐོག་ཏུ་མྱ་ངན་ཞུ་བའི་ཉིན་མོ་བཅས་གཏན་འཁེལ་བྱས་ཡོད་པ་དང་། བྱེད་སྒོ་ཟབ་རྒྱས་གཉེར་ཡོད། རྒྱལ་ཁབ་དང་མི་རིགས། ཞི་བདེ་བཅས་ཀྱི་ཆེད་རྩ་ཆེའི་ཚེ་སྲོག་ལེགས་སྐྱེས་འབུལ་མཁན་གྱི་མི་རྣམས་ལ། དུས་རབས་ལ་འགྱུར་བ་གང་འདྲ་ཕྱིན་རུང་། ཁོང་ཚོའི་རང་སྲོག་བློས་གཏོང་དང་ལེགས་སྐྱེས་འབུལ་བ་ང་ཚོས་དུས་ནམ་ཡང་སེམས་ལ་བརྟན་པོ་ངེས་དགོས་ཞེས་གསུངས་ཡོད་པ་རེད།
             སྤྱི་ལོ་2014ལོ་ནས་བཟུང་། ལོ་ལྟར་སྤྱི་ཟླ་9པའི་ཚེས་3ཉིན་གྱི་ཀྲུང་གོའི་མི་དམངས་ཀྱི་ལྗར་འགོག་དམག་འཁྲུག་ལ་རྒྱལ་ཁ་ཐོབ་པར་དྲན་གསོ་ཞུ་བའི་ཉིན་མོ་དང་། སྤྱི་ཟླ་9པའི་ཚེས་30ཉིན་གྱི་སྔོན་གཤེགས་དཔའ་བོར་དྲན་གསོ་ཞུ་བའི་ཉིན་མོ། སྤྱི་ཟླ་12པའི་ཚེས་13ཉིན་གྱི་ནན་ཅིང་དམར་གསོད་ཆེན་མོའི་ཁྲོད་རྐྱེན་ལམ་དུ་ཤོར་མཁན་ལ་རྒྱལ་ཁབ་ནས་སྤྱི་ཐོག་ཏུ་མྱ་ངན་ཞུ་བའི་ཉིན་མོ་བཅས་ལ་རྒྱལ་ཡོངས་ས་གནས་ཁག་གིས་དྲན་གསོའི་བྱེད་སྒོ་སྤེལ་གྱི་ཡོད། གསར་བརྗེའི་སྔོན་གཤེགས་དཔའ་བོར་དྲན་གསོ་ཞུ་བ་དེ་རྒྱལ་ཁབ་བང་རིམ་གྱི་ལམ་ལུགས་བཀོད་སྒྲིག་ལ་འགྱུར་ཡོད་པ་དང་། སྔོན་གཤེགས་དཔའ་བོའི་སྙིང་སྟོབས་རྒྱལ་ཁབ་ཀྱི་ཁྲག་རྒྱུན་ནང་བཅུག་ཡོད་པ་རེད། ཞི་ཅིན་ཕིང་གིས། ལོ་རྒྱུས་བསྐྱར་དུ་ཡོང་ཐབས་བྲལ་བ་དང་། འབྱུང་འགྱུར་གསར་གཏོད་བྱེད་ཆོག ང་རང་ནས། ཏང་ཡོངས་དང་དམག་ཡོངས་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས། རྒྱལ་ཁབ་ཕྱི་ནང་གི་ཀྲུང་ཧྭ་བུ་ཕྲུག་ཚང་མ་བཅས་ཀྱིས་ཀྲུང་ཧྭ་མི་རིགས་རླབས་ཆེའི་བསྐྱར་དར་ཡོང་ཆེད་ཟམ་མི་ཆད་པར་མདུན་སྐྱོད་བྱེད་པའི་གྲུབ་འབྲས་གསར་པའི་ཐོག་ནས། ཀྲུང་གོའི་མི་དམངས་ཀྱི་ལྗར་འགོག་དམག་འཁྲུག་དང་འཛམ་གླིང་གིས་ཧྥ་ཞི་སེར་ངོ་རྒོལ་བྱེད་པའི་དམག་འཁྲུག་ལ་རྒྱལ་ཁ་ཐོབ་ཆེད་ཚེ་སྲོག་ལེགས་སྐྱེས་འབུལ་མཁན་གྱི་སྔོན་གཤེགས་དཔའ་བོ་ཚང་མར་སློབ་སྦྱོང་ཞུ་བ་དང་། ཉེ་རབས་ཚུན་ཀྲུང་ཧྭ་མི་རིགས་རང་བརྩན་དང་། ཀྲུང་གོའི་མི་དམངས་བཅིངས་འགྲོལ་ཆེད་ཚེ་སྲོག་ལེགས་སྐྱེས་འབུལ་མཁན་གྱི་སྔོན་གཤེགས་དཔའ་བོ་ཡོངས་ལ་སློབ་སྦྱོང་བྱེད་དགོས་པའི་རེ་འབོད་ཞུ་རྒྱུ་ཡིན་ཞེས་གསུངས་ཡོད།
             ད་ལྟ། ཉེ་རབས་ཚུན་དཀའ་སྡུག་ཚད་མེད་མྱངས་པའི་ཀྲུང་ཧྭ་མི་རིགས་ཀྱིས་ཕམ་ཉེས་ཐེངས་མང་བྱུང་ཡང་དཔའ་མི་ཞུམ་པའི་འབད་འཐབ་ཁྲོད་བསྐྱར་དུ་ལངས་ཡོང་བ་དང་ཕྱུག་པོར་འགྱུར་བ་ནས། སྟོབས་ཆེར་འགྱུར་བའི་རླབས་ཆེའི་འཕོ་འགྱུར་བྱུང་ཡོད། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དུས་རབས་གསར་པར་སླེབས་པ་དང་། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་ཤུགས་ཆེའི་འགོ་ཁྲིད་འོག ཏང་ཡོངས་དང་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ཚོས་བསྐྱར་དར་ལམ་བུའི་ཐོག་མུ་མཐུད་གོམ་ཞེང་ཆེན་པོས་མདུན་སྐྱོད་བྱེད་བཞིན་ཡོད་པ་དང་། སྒྱུར་བཅོས་སྒོ་དབྱེའི་གྲུབ་འབྲས་དེ་བས་ཆེ་བའི་ཐོག་ནས་སྔོན་གཤེགས་དཔའ་བོར་དྲན་གསོ་ཞུ་བ་དང་། དཔའ་བོར་སློབ་སྦྱོང་ཞུ་བ་བཅས་བྱས་ནས། དུས་རབས་གསར་པའི་འོད་སྟོང་སྐྲུན་བཞིན་ཡོད་པ་རེད། ཞི་ཅིན་ཕིང་གིས། ད་ལྟའི་ཀྲུང་གོ་དེ་ཉིད་མི་དམངས་ཀྱི་ཞི་བདེའི་འཚོ་བར་སྲུང་སྐྱོབ་བྱེད་པའི་ཤུགས་ཆེའི་ནུས་པ་ལྡན་པའི་རླབས་ཆེའི་རྒྱལ་ཁབ་ཞིག་ལ་འགྱུར་ཡོད་པ་དང་། ཀྲུང་ཧྭ་མི་རིགས་དེ་ཉིད་གཞན་གྱིས་གང་བྱུང་དུ་མནར་གཅོད་བྱེད་པ་དང་། བརྙས་གཅོད་ཚད་མེད་མྱངས་བའི་དུས་རབས་འདས་ཟིན་ནས་བསྐྱར་ལོག་བྱེད་མི་སྲིད་པ་དང་། ཀྲུང་གོའི་མི་དམངས་རྣམས་བློ་སྟོབས་ཆེར་སྐྱེད་ངང་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་འགྲོ་ལམ་བརྒྱུད། ལོ་བརྒྱ་ཐམ་པ་གཉིས་ཀྱི་འབད་འཐབ་དམིགས་འབེན་མངོན་འགྱུར་ཡོང་བ་དང་། ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེའི་བསྐྱར་དར་མངོན་འགྱུར་ཡོང་ཆེད་འབད་འཐབ་བྱེད་བཞིན་ཡོད། ཀྲུང་ཧྭ་མི་རིགས་ཀྱི་གོང་འཕེལ་མདུན་ལྗོངས་ནི་ཧ་ཅང་གི་འོད་སྟོང་ལྡན་པ་ཞིག་ཡིན་ཞེས་གསུངས་གནང་ཡོད་པ་རེད།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1