༄༅།། བུད་མེད་ཀྱི་ཁྲིམས་མཐུན་ཁེ་དབང་ལ་སྲུང་སྐྱོང་བྱེད་པ་ཟེར་བ་ག་འདྲ་ཞིག་ཡིན།

རམས་ཚེ་བྷོ། རྩོམ་སྒྲིག་པ།ཡོང་ཁུངས།ཀྲུང་གོ་བོད་ཀྱི་དྲ་བ། སྤེལ་དུས། 04-10



    གྱོད་དཔེ། 
    གནའ་ནས་ད་བར་དུ། རང་རེའི་སྒང་བ་བོད་པའི་ལུགས་སྲོལ་ལྟར་ན་བུད་མེད་ཀྱི་གོ་གནས་ཅུང་ཙམ་དམའ་བ་དང་། ལྷག་པར་ཏུ་ཁྱིམ་ཚང་གི་གྲོས་དོན་སོགས་ཀྱི་ཐད་གོ་གནས་ཤིན་ཏུ་དམའ་བའི་དབང་གིས། བོད་རིགས་བུ་མོ་རྣམས་ཀྱིས་ཁྱིམ་ཚང་གི་གོ་གནས་ཁྲོད་ནས་རང་ཉིད་ཀྱི་ཁྲིམས་མཐུན་ཁེ་དབང་ལ་སྲུང་སྐྱོང་བྱེད་མ་ཐུབ་པས། ཁྱིམ་ཚང་གིས་མནར་གཅོད་དང་། བཟའ་ཟླས་མཐོང་ཆུང་། བྱིས་པ་གསོ་སྐྱོང་དང་ཕ་མ་སྙོར་སྐྱོང་གི་འགན་སོགས་ཅི་ལྕོགས་ཀྱིས་འཁུར་ཏེ་མི་ཚེ་ཧྲིལ་བོར་སྡུག་བསྔལ་བརྗོད་ལས་འདས་པ་མྱོང་བཞིན་ཡོད། འོ་ན། བུད་མེད་ཅིག་ལ་མཚོན་ན། གཉེན་སྒྲིག་གི་གོ་རིམ་དང་། ཁྱིམ་ཚང་གི་འབྲེལ་བ། གཉེན་སྒྲིག་ལ་རང་དབང་། བཟའ་འཐོར་གྱི་ཁེ་དབང་། ཁྱིམ་ཚང་གི་འགན་འཁྲི་སོགས་ཀྱི་ཐད་ལ། རང་རྒྱལ་གྱི་《གཉེན་སྒྲིག་བཅའ་ཁྲིམས》ནང་བུད་མེད་ཀྱི་ཁྲིམས་མཐུན་ཁེ་དབང་སྲུང་སྐྱོང་བྱེད་པའི་དམིགས་གསལ་གྱི་གཏན་ཁེལ་གང་དག་ཡོད།
     ཁྲིམས་བཤད། 
 《གཉེན་སྒྲིག་བཅའ་ཁྲིམས》ནང་གཉེན་སྒྲིག་དང་བཟའ་འཐོར། ཁྱིམ་གྱི་འབྲེལ་བ། རོགས་སྐྱོར་བྱེད་ཐབས་སོགས་བཅའ་ཁྲིམས་འགན་འཁྲིའི་ཐད་ནས་བུད་མེད་ཀྱི་ཁྲིམས་མཐུན་ཁེ་དབང་དམིགས་བསལ་གྱིས་སྲུང་སྐྱོང་བྱེད་པའི་དགོངས་དོན་ལག་ལེན་མཐར་ཕྱིན་བྱས་ཡོད་དེ། དེ་ལ་གཙོ་བོ་གཤམ་གསལ་གྱི་གཏན་ཁེལ་འདི་དག་ཡོད།
   གཅིག གཉེན་སྒྲིག་བྱེད་སྐབས་སྐྱེས་པ་དང་བུད་མེད་ཕན་ཚུན་རང་འཐད་རང་མོས་ཡིན་དགོས་པ་མ་ཟད། ཕྱོགས་སུས་ཀྱང་བཙན་ཤེད་བྱས་མི་ཆོག་ལ་སྐྱེ་བོ་གཞན་པས་ཐེ་གཏོགས་ཀྱང་བྱས་མི་ཆོག  བུད་མེད་ལོ་ན་ཉི་ཤུ་ལ་མ་སོན་ཚེ་གཉེན་སྒྲིག་བྱས་མི་ཆོག
   གཉིས། བུད་མེད་མངལ་སྦྲུམ་པའི་དུས་སམ། ཕྲུ་གུ་སྐྱེས་ནས་ལོ་གཅིག་གམ་ཕྲུ་གུ་མངལ་ལ་འཁོར་ནས་ཟླ་དྲུག་གི་རིང་ཁྱོ་གས་བཟའ་ཟླར་བཟའ་འཐོར་བྱེད་རྒྱུའི་རེ་འདུན་བཏོན་མི་ཆོག  བཟའ་འཐོར་སྐབས་རྒྱུ་ནོར་བགོ་བཤའ་རྒྱག་པའམ་ཕྲུ་གུར་ལྟ་རྟོག་བྱེད་པའི་ཁྲོད་བུད་མེད་ལ་དམིགས་བསལ་འཛིན་པའི་རྩ་དོན་ལག་ལེན་མཐར་ཕྱིན་བྱེད་དགོས།
   གསུམ། ཕྱོགས་གཅིག་གིས་ཕྲུ་གུ་གསོ་སྐྱོང་དང་། རྒན་རྒོན་ལ་ལྟ་སྐྱོང་། ཕྱོགས་ཅིག་ཤོས་ཀྱི་ལས་ཀར་རོགས་རམ་བྱེད་པ་སོགས་ཀྱི་ཐད་འོས་འགན་ཅུང་མང་པོ་བསྒྲུབས་པ་ལ། བཟའ་འཐོར་བྱེད་སྐབས་ཕྱོགས་དེས་ཕྱོགས་ཅིག་ཤོས་ལ་རང་ཉིད་ཀྱི་གྱོང་གུད་ཁ་གསབ་བྱེད་དགོས་པའི་རེ་བ་ཞུ་བའི་ཁེ་དབང་ཡོད་པ་དང་། ཕྱོགས་ཅིག་ཤོས་དེར་གྱོང་གུད་ཁ་གསབ་བྱེད་པའི་འོས་འགན་ཡང་ཡོད།
   བཞི། བཟའ་འཐོར་བྱེད་སྐབས། ཁྱོ་ཤུ་ཕྱོགས་གཅིག་གི་འཚོ་བར་དཀའ་ངལ་ཡོད་ཚེ། ཕྱོགས་ཅིག་ཤོས་ཀྱིས་རང་གི་སྡོད་ཁང་ལ་སོགས་པའི་སྒེར་གྱི་རྒྱུ་ནོར་གྱིས་རོགས་རམ་འོས་འཚམ་བྱེད་དགོས།
   ལྔ། ཕྱོགས་གཅིག་གིས་བཟའ་ཟླ་ཡོད་བཞིན་དུ་གཉེན་སྒྲིག་བྱེད་པ་དང་། མི་གཞན་དང་ལྐོག་ཏུ་མཉམ་སྡོད་བྱས་པ། ཁྱིམ་མིར་གཏུམ་སྤྱོད་དང་མནར་གཅོད་གཏོང་བ། གསོ་འགན་མི་འཁུར་བ་སོགས་ཀྱིས་བཟའ་འཐོར་བྱེད་དགོས་བྱུང་ན། གནོད་འཚེ་ཕོག་མཁན་ལ་གྱོང་གུད་ཁ་གསབ་བྱེད་རྒྱུའི་རེ་བ་ཞུ་བའི་ཁེ་དབང་ཡོད། །


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1