རྔ་བ་ཁུལ་གྱིས་མང་ཚོགས་རིག་གནས་ཀྱི་གསར་རྩོམ་རིག་རྩལ་བརྩམས་ཆོས་འགྲན་བསྡུར་གྱི་བྱེད་སྒོ་སྤེལ།

རྩོམ་སྒྲིག་པ།ཡོང་ཁུངས། ཚེ་རིང་ལྷ་མོ། སྤེལ་དུས། 05-03


    དཔྱིད་རླུང་དལ་གྱིས་ལྡང་ཞིང་། ནོར་འཛིན་བུ་མོར་གསོན་ཉམས་རྒྱས་པའི་དུ་བཟང་སྟེ།   ཟླ་4པའི་ཚེས་27ཉིན། རྔ་བ་ཁུལ་དྲིལ་སྒྲོག་པུའུ་དང་ཁུལ་རིག་གནས་རླུང་འཕྲིན་གསར་འགྱུར་ཁང་གིས་གཙོ་སྒྲུབ་མཛད་ཅིང་ཁུལ་རིག་གནས་ཁང་གིས་འགན་སྒྲུབ་བྱས་པའི་དག་ཞིང་གི་རྔ་བ། 2018ལོའི་རྔ་བ་ཁུལ་མང་ཚོགས་རིག་གནས་ཀྱི་རིག་རྩལ་བརྩམས་ཆོས་འགྲན་བསྡུར་གྱི་མུ་འབྲེལ་བྱ་འགུལ་འབར་ཁམས་གྲོང་ཁྱེར་དུ་གཟབ་རྒྱས་ངང་སྤེལ། ཁུལ་ཡོངས་ཀྱི་གྲོང་ཁྱེར་དང་རྫོང13གྱི་གསར་རྩོམ་ཞབས་བྲོ་དང་ཕུལ་བྱུང་གི་གླུ་དབྱངས་བཅས་འཁྲབ་ཚན་26འགྲན་བསྡུར་དུ་ཞུགས་ཡོད།

    ཐེངས་འདིའི་མུ་འབྲེལ་བྱ་འགུལ་སྤེལ་བའི་དམིགས་ཡུལ་ནི་མི་རིགས་ཀྱི་ཕུལ་བྱུང་རིག་གནས་དར་སྤེལ་དང་། དམངས་ཁྲོད་རིག་གནས་ཀྱི་ཐོན་ཁུངས་སྲུང་སྐྱོང་།  རང་ཁུལ་གྱི་རྒྱ་ཆེ་བའི་རིག་རྩལ་བ་རྣམས་ཀྱིས་དུས་རབས་ཀྱི་ཁྱད་ཆོས་ལྡན་པའི་རིག་རྩལ་བརྩམས་ཆོས་གསར་རྩོམ་བྱེད་པར་སྐུལ་འདེད་དང་། དུས་མཚུངས་སུ་སྐབས་བརྒྱད་པའི་སི་ཁྲོན་ཞིང་ཆེན་གྲངས་ཉུང་མི་རིགས་ཀྱི་སྒྱུ་རྩལ་དུས་ཆེན་གྱི་འགྲན་བསྡུར་དང་མང་ཚོགས་རིག་གནས་ཀྱི་གླུ་དབྱངས་དང་ཞབས་བྲོ་འགྲེམ་སྟོན་དང་འཁྲབ་སྟོན་སོགས་ཀྱི་བྱ་འགུལ་གཞན་པ་ལ་གྲ་སྒྲིག་གང་ལེགས་བྱེད་ཆེད་རེད།
ཁྲོམ་སྐོར་འཁྲབ་སྟོན།
      ཞོགས་པའི་ཉི་རྩེ་ས་ལ་འཕྲོས་པ་དང་བསྟུན་ནས། རང་ཁུལ་གྱི་གྲོང་ཁྱེར་དང་རྫོང་སོ་སོའི་འཁྲབ་སྟོན་པ་རྣམས་ཀྱིས་ལུས་སུ་རང་ཡུལ་གྱི་ཁྱད་ཆོས་ལྡན་པའི་གོས་བགོས་ཤིང་གདོང་ལ་དགའ་བའི་འཛུམ་གྱིས་བརྟས་ཏེ་བཀྲ་ཤིས་པའི་ཞབས་བྲོ་འཁྲབ་ཅིང་དོན་འགྲུབ་པའི་གླུ་དབྱངས་བླངས་ཏེ། ཤར་རྒྱལ་མོ་ཚ་བ་རོང་གི་གྲོང་ཁྱེར་འབར་ཁམས་ཀྱི་ཁྲོམ་སྲང་དུ་ཁྲོམ་སྐོར་འཁྲབ་སྟོན་བྱས། སྔ་མོ་ནས་ཁོང་ཚོའི་འཁྲབ་སྟོན་ལ་སྐོམ་པ་ཆུ་འདོད་ལྟར་བསྒུག་ཡོད་པའི་ལྟད་མོ་རྣམས་ཀྱིས་། ད་ནི་འགྲན་བསྡུར་དངོས་ལ་ཞུགས་པར་ཉེ་བར་མཐོང་ནས་སུ་མགྱོགས་གང་མགྱོགས་ཀྱིས་འགྲན་རར་བརྒྱུགས་ནས་འདུག་གནས་རག་ཐབས་བྱེད་པར་འབད་བཞིན་འདུག   ཅུང་མ་འགོར་བར། ཁུལ་རིག་གནས་ཕོ་བྲང་གི་ཐང་ཆེན་ནི་མི་ཚོགས་ཀྱི་རྒྱ་མཚོ་ཆེན་མོ་ཞིག་ཏུ་གྱུར་འདུག   














ཞབས་བྲོ་འགྲན་བསྡུར།

    སྔ་དྲོར། ཁུལ་ཨུའི་དྲིལ་སྒྲོག་པུའུ་ཡི་པུའུ་ཀྲང་ཡང་ཞིན་གྱིས་ཐེངས་འདིའི་བྱ་འགུལ་དངོས་སུ་འཛམགོ་བརྩམས་པ་བསྒྲགས་ཤིང་སྔ་དྲོའི་འགྲན་ཚན་གྱི་མགོ་བརྩམས་བྱུང་།
    འགྲན་བསྡུར་གྱི་ཡུལ་དངོས་སུ། གྲོང་ཁྱེར་དང་རྫོང་ཁག་13གྱི་ཕུལ་བྱུང་ཞབས་བྲོའི་འཁྲབ་ཚན13རེས་མོས་ཀྱིས་འཁྲབ་སྟོན་བྱས་ཤིང་།མཚོན་བྱ་ལ་འཚོ་བའི་བདེན་པ་ལྡན་ཞིང་མཚོན་བྱེད་ལ་སྒྱུ་རྩལ་གྱི་ཁྱད་ཆོས་ཀྱིས་ཕྱུག་པའི་འཁྲབ་སྟོན་དེ་དག་ནི་ལྟད་མོ་བ་རྣམས་ལ་མཚོན་ན་མིག་གི་དགའ་སྟོན་དང་ཡིད་ཀྱི་གསོས་སྨན་གྱ་ནོམ་པ་ཞིག་ཡིན་པ་བསྙོན་དུ་མེད།


གླུ་དབྱངས་འགྲན་བསྡུར།
   ཕྱི་དྲོར། གཅིག་ལས་གཅིག་ལྷག་པའི་སྙན་འཇེབས་ལྡན་ཞིང་ཡིད་ཀྱི་དྭངས་པ་འདྲེན་པའི་གླུ་དབྱངས་ཀྱི་འཁྲབ་ཚན13ནི་རང་ས་གནས་ཀྱི་ཁྱད་ཆོས་ལྡན་ཞིང་མི་རིགས་སྒྱུ་རྩལ་གྱི་ཉམས་ཀྱིས་ཕྱུག་པས། རྒྱ་ཆེའི་ལྟད་མོ་བ་རྣམས་ཀྱིས་བསྟོད་པའི་མཐེ་བོང་བསྒྲེངས་ཤིང་དགའ་བའི་ཀི་འབོད་གང་སར་ཁྱབ།



དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1