གཡོག་དོན་འགྲུབ་དཀར་པོ།

རྩོམ་སྒྲིག་པ།སྒྲོལ་མ་ཚེ་བརྟན།ཡོང་ཁུངས། དམངས་ཁྲོད། སྤེལ་དུས། 06-18


 
སྔོན་ཡུལ་ཞིག་ན་རྒྱལ་པོ་ཞིག་ཡོད་པ་དེར་གཡོག་པོ་དོན་གྲུབ་དཀར་པོ་ཞེས་བྱ་བ་ཞིག་ཡོད།  རྒྱལ་པོ་དེར་བཙུན་མོ་ཞིག་བསུས་ཀྱང་བཙུན་མོའི་བློ་ལ་རྒྱལ་པོ་མི་འདོད་པས་བཙུན་མོ་དེས་གཡོག་པོ་དེ་དང་ཉེ་པོ་བྱེད་ཀྱི་ཡོད།  མི་རིང་བར་ཁོ་གཉིས་གཅིག་སེམས་གཅིག་ལ་འབྲེལ་ནས་ལུས་འབྲེལ་ཡང་བྱུང་།ཁོ་གཉིས་ཀྱིས་འགབ་མཐུན་བྱས་པ་དེ་རྗེས་སུ་རྒྱལ་པོས་ཤེས་ནས་ཁོ་གསོད་རྒྱུའི་གྲ་སྒྲིག་བྱས་ཤིང་།  གནས་ཚུལ་དེ་མི་གཞན་གྱིས་དོན་གྲུབ་དཀར་པོར་བཤད་པས་ཁོ་ནི་རང་ཡུལ་ལ་བྲོས་ཕྱིན། ཁོས་རང་ཁྱིམ་དུ་འབྱོར་རྗེས་འགྲམ་པ་གཡས་ལ་རམ་བྱུག་པ་དང་གཡོན་ལ་བརྩག་བྱུག  ཉལ་ས་གྲུ་ཙམ་ཞིག་བཟོས་ནས་ན་རྫུ་བཏབ་སྟེ་བསྡད། སྐབས་དེར་རྒྱལ་པོས་གཡོག་པོ་རྟ་དཀར་མི་དཀར་ཞིག་བཏང་ནས་ཁོ་བསྐོང་བར་བཏང་།  ཁོས་བང་མི་དེ་ཡོང་བ་སྒེའུ་ཁུང་ནང་ནས་མཐོང་སྟེ་རང་གི་བཟའ་ཟླར་ད་མ་ནས་ཡོང་བའི་བང་ཆེན་དེ།  བང་ཆེན་རྟ་དཀར་མི་དཀར་དེ།  དོན་གྲུབ་དཀར་པོ་སྒུག་མཁན་འདྲ།  ཁ་ལ་དགོས་པའི་ཇ་ཆང་སྦྱིན། སྐེ་ལ་དགོས་པའི་ཁ་བཏགས་གཡོག  
ལ་ལ་དགོས་པའི་ལ་ཟས་བསྐུར། གཡོག་པོ་དོན་གྲུབ་དཀར་པོ་ན་གིས་ཞུས།་ཞེས་གླུ་བླངས།  
མི་དེ་དེ་གར་འབྱོར་ནས་གནས་ཚུལ་རྣམས་ཁོའི་བཟའ་ཟླར་བཤད་ཅིང་།  བཟའ་ཟླས་གནས་ལུགས་རྣམས་ཞུས་ཏེ་ཁ་བཏགས་གཡོགས་ནས་ཇ་ཆང་ལ་སོགས་བསྟེར་བས་བང་མི་དེ་ཕྱིར་ལོག  དེ་ནས་རྒྱལ་པོས་བང་མི་དང་པོ་དེར་དོན་གྲུབ་དཀར་པོ་ཁྲིད་རྒྱུ་མེད་རྐྱེན་བང་མི་གཉིས་པ་རྟ་དམར་མི་དམར་ཞིག་མངགས་པས་གཡོག་པོ་དོན་གྲུབ་དཀར་པོས་སླར་ཡང་བཟའ་ཟླར་གོང་བཞིན་སྨྲས་པ་ལྟར་བྱས་པས་གཡོག་དེའང་ཕྱིར་ལོག་རྗེས་རྒྱལ་པོ་ནི་ཁོང་ཁྲོ་རབ་ཏུ་འབར་ནས་བང་ཆེན་སྔོན་མ་གཉིས་ཀ་སྲོག་ཐོག་ཏུ་བཏང་བ་དང་།  དེ་ནས་བང་ཆེན་གསུམ་པ་རྟ་ནག་མི་ནག་བྱས་པ་ཞིག་མངགས།  དོན་གྲུབ་དཀར་པོས་བང་མི་དེ་མཐོང་ནས་སླར་རང་གི་བཟའ་ཟླར་གླུ་ད་མ་ནས་ཡོང་བའི་བང་ཆེན་དེ།བང་ཆེན་རྟ་ནག་མི་ནག་དེ།  དོན་གྲུབ་དཀར་པོ་སྒུག་མཁན་འདྲ།  ཁ་ལ་དགོས་པའི་ཇ་ཆང་སྦྱིན།  སྐེ་ལ་དགོས་པའི་ཁ་བཏགས་གཡོགས།  ལ་ལ་དགོས་པའི་ལ་ཟས་བསྐུར།  གཡོག་པོ་དོན་གྲུབ་དཀར་པོ་ན་གིས་ཞུས།་ཞེས་བླངས་བས་བཟའ་མོས་ཁོས་ཟེར་བ་ལྟར་བྱས་ནས་ཞུ་བ་མང་དུ་ཕུལ་ཡང་དེ་ནི་བདུད་བློན་ཞིག་ཡིན་པས་སྙིང་རྗེ་བྱ་རྒྱུ་གཞག་ནས་ད་དུང་བང་མི་སྔ་མ་གཉིས་བསད་པའི་འཇིགས་སྣང་གིས་ཞུ་བ་རྩ་བ་ནས་མ་ཉན་པར་བཙན་ཤེད་ཀྱིས་ཁོ་རྟ་ལ་སྐྱོན་ནས་རྒྱལ་པོའི་སར་ཁྲིད།  དེར་རྒྱལ་བློན་རྣམས་འདུས་ནས་ཁོའི་ནག་ཉེས་རྣམས་དྲངས་ཏེ་ཁོ་སྲོག་ཐོག་གཏོང་རྒྱུའི་ཁྲིམས་ཐག་བཅད་པ་དང་། གྲིས་སྐེ་གཅོད་གྲབས་བྱེད་དུས་དོན་གྲུབ་དཀར་པོས་སྔོན་ལ་སྨོན་ལམ་ཚིག་གསུམ་འདོན་དུ་ཇུག་རོགས་'་ཞེས་བཤད་པར་རྒྱལ་པོ་དེས་ཁྱོད་ཀྱིས་སྨོན་ལམ་བཟང་པོ་འདོན་རྒྱུ་ཡོད་ན་འགྲིག་ཟེར་བ་ཁོས་ང་ཤི་ཁར་སྨོན་ལམ་བཟང་པོ་ལས་ངན་པ་ག་ནས་འདོན་ཟེར་ནས་སྨོན་ལམ་ཡིན་ཟེ་གླུ་འདི་ལྟར་བླངས་ངའི་རྒྱབ་ལ་འཁྱེར་བའི་མེ་འདའ་འདི། བང་ཆེན་རྒན་པའི་སྡིག་གླར་འབུལ།  ངའི་འོག་ལ་བཞོན་པའི་རྟ་ཕོ་འདི།  བང་ཆེན་འབྲིང་བའི་སྡིག་གླར་འབུལ།  ངའི་རྟ་ལ་རྒྱབ་པའི་རྟ་ཆས་འདི།  བང་ཆེན་གཞོན་པའི་སྡིག་གླར་འབུལ།  ངའི་གློ་ལ་བཏགས་པའི་གློ་གྲི་འདི།  བུ་དོན་གྲུབ་དཀར་པོའི་སྙིང་རྩ་གཅོད།་ཟེར་ནས་རང་གྲི་རང་ལ་བསྣུན་ནས་ཤི་བས་རྒྱལ་པོ་ང་རྒྱལ་ཆེ་དྲགས་ནས་ཁོ་གསོད་རྒྱུ་མ་བྱུང་ཙང་རང་གིས་རང་ལ་བསྣུན་ནས་དུས་གཅིག་ཏུ་ཤིའོ།།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1