༄༅།། བྱིས་པས་ཕ་མ་ཡང་བསྐྱར་གཉེན་སྒྲིག་བྱེད་པ་ལ་ཐེ་གཏོགས་བྱས་ཆོག་གམ།

རམས་ཚེ་བྷོ། རྩོམ་སྒྲིག་པ།ཡོང་ཁུངས།ཀྲུང་གོ་བོད་ཀྱི་དྲ་བ། སྤེལ་དུས། 05-18


གྱོད་དཔེ།
    ཨ་ཁུ་བན་ཁོ་ནི་ལས་འཁྱུར་ངལ་གསོ་བྱས་ཟིན་པའི་ལས་བྱེད་རྒན་པ་ཞིག་ཡིན་ལ། ལོ་བཅུའི་ཡར་སྔོན་དུ་ཆུང་མར་མཆིན་ནད་དྲག་པོ་ཞིག་ཕོག་སྟེ་ཚེ་ལས་འདས་སོང་། སྐབས་དེར་བྱིས་པ་རྣམས་སློབ་གྲྭར་འགྲིམ་བཞིན་པའི་སྒང་ཡིན་ལ་འཚོ་བའི་གནོན་ཤུགས་དང་ཁྱིམ་ཚང་གི་ཆ་རྐྱེན་གྱི་དབང་གིས་ཡང་བསྐྱར་གཉེན་སྒྲིག་བྱེད་འདོད་ཡིད་ལའང་མ་དྲན། ན་ནིང་སྟོན་ཁར། ཁོ་རང་ཕ་ཡུལ་ལ་ལོག་སྟེ་རྫོང་མཁར་དུ་ཁང་བ་ཞིག་ཉོས་ཏེ་སྔ་དྲོ་ལྷ་ཁང་ཇོ་ཁང་ལ་བསྐོར་བ་རེ་བྱས་ཏེ་མཆོད་མཇལ་བྱེད་པ་དང་། ཕྱི་དྲོ་རྫོང་རིག་གནས་ཐང་ཆེན་དུ་སྐོར་བྲོ་འཁྲབ་ཏུ་སོང་སྟེ་ལུས་རྩལ་སྦྱོང་བའི་སྐབས་སུ། རང་དང་ལོ་ན་བཅུ་ཕྲག་གིས་ཆུང་བའི་བུ་མོ་ཞིག་ལ་བརྩེ་དུངས་ཆགས་པ་མ་ཟད་གཉེན་སྒྲིག་བྱེད་རྒྱུའི་སྟ་གོན་བྱས། བློ་ཡིད་ལས་འདས་པ་ཞིག་ལ་ཁོའི་བུ་མོ་ཆེ་བ་ཡོང་སྟེ་ཨ་ཕས་གཉེན་སྒྲིག་བྱས་མི་ཆོག་པ་དང་། ཆུང་མ་བྱེད་རྩིས་ཡོད་པའི་བུ་མོ་དེ་སང་ཉིན་ནས་བཟུང་ཨ་ཕའི་སྒོ་ཐེམ་ལའང་སྤོས་མི་ཆོག་ཚུལ་བཤད་དེ་ཨ་ཁུ་བན་ཁོ་ཅི་བྱ་གཏོལ་མེད་དུ་གྱུར། བྱིས་པས་ཕ་མ་ཡང་བསྐྱར་གཉེན་སྒྲིག་བྱེད་པ་ལ་ཐེ་གཏོགས་བྱས་ཆོག་གམ།
ཁྲིམས་བཤད།
     གཉེན་སྒྲིག་རང་དབང་ལ་ཐེ་གཏོགས་བྱེད་པ་ནི་དོ་བདག་གི་བསམ་དོན་དང་རྒྱབ་འགལ་བྱས་ནས་ཁོའི་གཉེན་སྒྲིག་ལ་ཐེ་གཏོགས་བྱེད་པའི་བྱ་སྤྱོད་ཅིག་ཡིན། དངོས་ཡོད་འཚོ་བའི་ཁྲོད་བཙན་ཤེད་ཀྱི་གཉེན་སྒྲིག་དང་ཉོ་ཚོང་གི་གཉེན་སྒྲིག་ལས་གཞན། དོ་བདག་པའི་གཉེན་ཉེ་ཡིས་རྒྱུ་རྐྱེན་དང་དམིགས་ཡུལ་སྣ་ཚོགས་ལ་ཁ་གཡར་ཏེ་ཁོའི་གཉེན་སྒྲིག་ལ་ཐེ་གཏོགས་བྱེད་པ་ནི། དཔེར་ན། བྱིས་པས་ཕ་མས་ཡང་བསྐྱར་གཉེན་སྒྲིག་བྱེད་པ་ཐེ་གཏོགས་བྱེད་པ་ལྟ་བུ་རེད།
   རང་རྒྱལ་གྱི་བཅའ་ཁྲིམས་ཁྲོད་དོ་བདག་ལ་གཉེན་སྒྲིག་བྱེད་པའི་ཁེ་དབང་སྤྲད་ཡོད། གཉེན་སྒྲིག་ལོ་ཚད་ལ་མ་ལོན་པ་དང་བཟའ་ཟླ་ཡོད་པ། བཅའ་ཁྲིམས་ལྟར་གཉེན་སྒྲིག་བྱས་མི་ཆོག་པ་ལ་ཁེ་དབང་འདི་མེད་པ་ལས་གཞན། ན་གཞོན་དང་དར་མ། རྒན་པ་ལ་སོགས་པའི་ལོ་ཚད་ཀྱི་དབྱེ་བ་མེད་པར་ཚང་མར་གཉེན་སྒྲིག་བྱེད་པའི་ཁེ་དབང་ཡོད། དེའི་ཕྱིར་ཕ་མས་བྱིས་པ་བཙན་ཤེད་ཀྱིས་གཉེན་སྒྲིག་བྱེད་དུ་བཅུག་མི་ཆོག དེ་བཞིན་དུ་བྱིས་པས་ཀྱང་ཕ་མ་ཡང་བསྐྱར་གཉེན་སྒྲིག་བྱེད་པ་ལ་ཐེ་གཏོགས་བྱས་མི་ཆོག ཐེ་གཏོགས་བྱས་ཚེ་ཕ་མའི་གཉེན་སྒྲིག་རང་དབང་གི་ཁེ་དབང་ལ་གནོད་འཚེ་བཏང་བ་ཡིན། 
   རྒན་རྒོན་ཡང་བསྐྱར་གཉེན་སྒྲིག་བྱེད་པ་ནི་རང་རྒྱལ་གྱི་གཉེན་སྒྲིག་བཅའ་ཁྲིམས་ཀྱིས་གཏན་འབེབ་དང་མཐུན་པས། དེ་ལ་བཅའ་ཁྲིམས་ཀྱིས་སྲུང་སྐྱོང་བྱེད་ངེས་ཡིན། ལྟ་བ་རྙིང་བ་མཁྲེགས་འཛིན་བྱས་ནས་རྒན་རྒོན་ཡང་བསྐྱར་གཉེན་སྒྲིག་བྱེད་པ་ལ་ཐེ་གཏོགས་བྱེད་པ་ནི་ནོར་འཁྲུལ་གྱི་ལྟ་བ་ཡིན་ལ་ཁྲིམས་འགལ་གྱི་བྱ་སྤྱོད་ཅིག་ཡིན་པས། རྒན་རྒོན་ཚོས་མི་དམངས་ཁྲིམས་ཁང་ལ་ཞུ་གཏུག་བྱས་ཆོག


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1