ཁ་བ་ཐེངས་ཤིག་བབས་རྗེས།

ཁྲི་སེམས་དཔའ། རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 05-31



རྒྱང་རིང་དུ་མིག་དབང་ཤོར་ཚེ།

རི་བོ་མཐོན་པོ་དག་གི་དབུ་རྩེར།

དངུལ་དཀར་གྱི་སྐྲ་རྒྱན་གཡོགས་འདུག

དགུན་གྱི་ཕྱི་མིག་ཀློང་དུ།

ཆགས་ཞེན་སྙིམ་པ་གང་སྦས་ནས།

སེམས་དོན་གྱི་རི་མོ་ས་གཞིའི་སྒང་ལ་དཔར།

ཆུ་ཕྲན་གྱ་གྱུ། གྱ་གྱུ་ངང་།

འཁྱག་རེངས་སུ་གྱུར་པའི་གྲམ་གཞུང་གཤགས།

རླུང་བུ་འཁྱམ་པོ་ཞིག དལ་གྱིས་ལྡང་སྟེ།

གཅེར་བུར་འགྲེངས་པའི་ལྗོན་ཤིང་གི་སྙན་ལ།

གསང་གཏམ་ཤབ་ཤུབ་གླེང་།

རྨི་ལམ་གྱི་འཇིག་རྟེན་འདིར།

ཁ་བས་རང་སེམས་བསྔོགས་ནས།

གནམ་སའི་མཚམས་སུ་དགུན་གྱི་ཞབས་རྗེས་བཀོད་ཅིང་།

སྐྱོ་ཡུས་དང་གདུང་བ་མ་ལུས་བྲག་རིའི་ཁོང་དུ་བསྐྱིལ།

སྲ་མཁྲེགས་ཀྱི་དུས་ཚིགས་འདི།

སྐྱོ་གར་ཚན་པ་ཞིག་གི་འཁྲབ་ཚིག་དང་འདྲ་བར།

མི་རྣམས་ཀྱི་སྙིང་ཁོང་དུ་ན་ཟུག་གིས་སྐྱོམས།

དགུན་གྱི་ཚེ་ཐག་རིང་མོ།

གྲང་ངར་དང་ཁ་བས་བཅད།

བསམ་གཞིག་གི་ལན་བུ་རིང་མོ།

ཉི་འོད་ཀྱིས་ཤད།

ཁ་བ་འབབ་ཐེངས་ཤིག་གི་རྗེས་སུ།

སྣང་བ་འཁྱག་ཤུར་ཤུར་བོ།

དྲན་པའི་ཀོ་སྒམ་ལ་བཅུག་སྟེ།

རི་བོའི་ཕ་རོལ་ཏུ་རྒྱང་ལྟ་ཐེངས་ཤིག་བྱས།  


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1