ངས་རེ་བའི་ཁོར་ཡུག་གསར་པ།

སྤེན་ཚེ་གཞོན་པ། རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 05-31



རི་བོ།

རབ་དཀར་གོས་བཟང་ལུས་ལ་མནབས་པའི་མཐའ་བཞིའི་མུ་ཁྱུད་ཕྲེང་བའི་ཚོགས། །

རབ་བརྗིད་སཱ་ལའི་སྨན་ལྗོངས་འདི་རུ་འགྱུར་མེད་རྟག་ཏུ་གནས་འགྱུར་ཅིང་། །

རབ་མཛེས་བྷོ་ཊའི་ལྗོངས་ཆེན་འདི་ལ་རྟག་འབབ་དལ་འགྲོའི་རྒྱུན་སྦྱིན་ཞིང་། །

རབ་ཏུ་ཚ་བའི་མེ་ཏོག་དུས་ལ་བསིལ་བའི་རང་བཞིན་རྟག་ཏུ་སྟེར། །

ཆུ་བོ།

རབ་དྭངས་ཆུ་ཕྲན་གཙང་པོ་སོགས་ལ་དྲི་ངན་སྦག་བཙོག་མ་བསླད་པར། །

རབ་རྒོད་འཁྱུག་བགྲོད་རྩལ་གྱིས་སྙེམས་པའི་ལྟོ་དཀར་ཉ་དང་སྦལ་ལྕོང་སོགས། །

རབ་སྙན་གླུ་ཆུང་ཡང་ཡང་ལེན་ཞིང་མ་ཡུམ་རྒྱ་མཚོའི་ཕང་བ་རུ། །

རབ་སྐྱིད་འཚེ་མེད་ཞི་བདེས་འཚོ་ཞིང་རང་གི་རིགས་རྒྱུད་སྤེལ་ལ་བྲེལ། །

ལྗོན་ཤིང་།

ཐ་ཤལ་མི་ཡིས་ནོར་འཛིན་བ་སྤུ་སྔོ་ལྗང་རྐང་འཐུང་ཚོགས་རྣམས་ལ། །

ཐ་དམན་བློ་ཡིས་རང་ཁེའི་ཆེད་དུ་གཅོད་བསྲེགས་བགྱི་བ་མི་བརྩམ་པར། །

ཐ་རམ་གྲང་བའི་རེག་བྱས་གཙེས་ཀྱང་སེམས་པས་གཉོར་སྐྱོང་ལེགས་བྱས་ན། །

ཐ་གྲུ་ཡངས་པའི་འཇིག་རྟེན་འདི་ལ་རང་བྱུང་གནོད་འཚེའི་འཇིགས་པས་དབེན། །

ནམ་མཁའ།

དཀར་འཇམ་ལུག་བལ་རྗེས་སུ་འགྲོ་བའི་ཆུ་འཛིན་འདབ་མའི་འཕོན་པོ་ཡིས། །

སྔོ་ཤིང་ཡངས་པའི་ཀུན་གསལ་བུ་མོར་ལང་ཚོ་གསར་པའི་མཛེས་རྒྱན་སྤུད། །

སྔོ་སངས་བཞིན་གྱི་དཀྱིལ་འཁོར་ངོས་ནས་ཉིན་ཟླའི་མཛེས་ཞལ་རྟག་མངོན་ཞིང་། །

དཀར་ཆུང་མུ་ཏིག་ཕྲ་ཚོམ་བཏབ་པའི་མཚན་མོའི་མཐོན་མཐིང་རྟག་ཏུ་མཛེས། །

གྲོང་དང་གྲོང་ཁྱེར།

མཁའ་སྐྱོད་ལྕགས་བྱའི་འུར་སྒྲ་མེད་ལ་རླངས་འཁོར་ཆེ་ཆུང་ལྡིར་སྒྲ་དབེན། །

མཁའ་རེག་ཁང་རྩེག་ནགས་ཀླུང་མེད་ཀྱང་རང་ཤོང་སྤྱིལ་བུར་བདེ་བས་འཚོ། །

སྲང་ལམ་ཆུ་སྙིགས་དྲི་ངན་མེད་ལ་མེ་ཏོག་བསུང་ངད་སྣ་ལ་ཞིམ། །

སྲང་ལམ་ཅ་ཅོ་བྲེལ་ཟིང་དབེན་ལ་སོས་དལ་བག་ཕེབས་ཞི་བདེས་འཚོས། །  


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1