བྱ་བྱེད་ཐ་དད་མིན་ཞེས་པའི་གོ་དོན་ལ་དཔྱད་པ།

བསོད་ནམས་རྒྱ་མཚོ། ཐུབ་བསྟན་ཕུན་ཚོགས། རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 05-31


བྱ་བྱེད་ཐ་དད་པའི་དཔེར། བརྒྱུགས། རྒྱུག བརྒྱུག

བྱ་བྱེད་ཐ་མི་དད་པའི་དཔེར། འགྲོ། འགྲོ། འགྲོ།

【 བརྒྱུག 】 བྱ་ཚིག 【 རྒྱུག 】 བྱེད་ཚིག ཐ་དད་པ།

བྱ་བྱེད་ཐ་དད་པ་དང་ཐ་མི་དད་པའི་དབྱེ་བ་འདི་ནི་རྟགས་འཇུག་གི་སྙིང་པོ་བྱ་བྱེད་ལས་གསུམ་དང༌། བདག་གཞན་དུས་གསུམ་གྱི་དབྱེ་བ་འབྱེད་ཆོས་ཀྱི་ཚད་གཞི་ཉག་ཅིག་ཡིན། དེས་ན་སི་ཏུས་བྱ་བྱེད་ཐ་དད་པ་དང་མི་དད་པའི་ལས་ཚིག་གཉིས་སུ་ཕྱེས་ནས་ལས་ཚིག་དང༌། ལས་ཚིག་གིས་གྲུབ་པའི་མིང་རྐྱང་སོགས་དཔེར་བརྗོད་རྒྱས་པར་བཀོད་པའི་རྗེས་སུ། བོད་དུ་སུམ་རྟགས་ཀྱི་གཞུང་ལ་ཞིབ་འཇུག་བྱེད་མཁན་དང༌། བསམ་གཞིགས་བྱེད་མཁན་མང་པོ་ཞིག་བྱུང་ཡོད་པའི་ནང་ནས་གྲུབ་འབྲས་ཆེ་ཤོས་དང༌། གསར་གཏོད་ཀྱི་རང་བཞིན་ཡོད་པའི་ལས་ཚིག་གི་དབྱེ་བ་འབྱེད་སྟངས་ནི། ཚོགས་ཤུལ་ནོར་བུ་བསྟན་འཛིན་གྱིས་མཛད་པའི་ལས་ཚིག་ལ་དུས་གསུམ་སྤྱིར་བཏང་བ་དང༌། དུས་གསུམ་བྱེ་བྲག་པ། དུས་གསུམ་ཐོར་བུ་པ་གསུམ་དུ་ཕྱེས་པ་དེ་ནི། བདག་གཞན་དུས་གསུམ་དང༌། བྱ་བྱེད་ལས་གསུམ་དབྱེ་བ་ལ་ཚངས་པའི་ཐིག་ཤིང་ལྟ་བུ་ཞིག་གྱུར་ཡོད།

བྱ་བྱེད་ཐ་དད་པ་དང་ཐ་མི་དད་པ་ཞེས་པའི་གོ་དོན་དངོས་ནི། བྱེད་པ་པོ་གང་ཞིག་དངོས་པོ་གཞན་དང་འབྲེལ་མིན་གྱི་དོན་མིན་པ། ལས་ཚིག་རང་གི་ངོས་ནས་བྱ་ཚིག་དང་། བྱེད་ཚིག་གི་དབྱེ་བ་ཡོད་མེད་ལ་རགས་པ་ཞིག་ཡིན་ཏེ། སི་ཏུའི་འགྲེལ་ཆེན་ཆེན་ལས། སྔོན་འཇུག་ཕོ་བ་ཡིག་དུས་འདས་པ་ལ་འཇུག་པའི་དཔེར་བརྗོད་དུ། བང་བརྒྱུགས་དང་། དངོས་པོ་གཞན་ལ་འཇུག་པའི་དཔེར་བརྗོད། བརྒྱུག་བྱའི་རྟ། ཞེས་བྱ་བྱེད་ཐ་དད་པའི་དཔེར་བརྗོད་དུ་བཞག་ཡོད་པ་དང་། འགྲོ་བ་པོ། འགྲོ་བྱེད་ཅེས་བྱ་བྱེད་ཐ་མི་དད་པའི་དཔེར་རྗོད་དུ་བཞག་ཡོད་པ་འདི་ཡིས་ཤེས་སོ། དེས་ན་སི་ཏུའི་དགོངས་དོན་དངོས་ནི་བདག་གཞན་ཤེད་མཚུངས་དང་། ཤེད་མི་མཚུངས་ཞེས་པའི་ལས་ཚིག་གི་དབྱེ་བ་དེ་དང་། བྱ་བྱེད་ཐ་དད་པ་དང་། ཐ་མི་དད་པ་ཞེས་པ་དེ་གཉིས་དོན་གཅིག་ཡིན་པར་བཞེད་འདུག་ཀྱང་དུས་ཕྱིས་བོད་ཀྱི་བརྡ་སྤྲོད་སྨྲ་བ་དག་གིས་འདིའི་དོན་ལ་མགོ་བོ་ཅུང་ཟད་རེ་འཁོར་ནས་དུས་འདའ་ཡོད་པར་སྣང་། དོན་དངོས་ལ་འགྲོ་ཞེས་པ་བྱ་བྱེད་ཐ་མི་དད་པ་དང་། རྒྱུག་དང་བརྒྱུག་ཅེས་པ་བྱ་བྱེད་ཐ་དད་པར་བཞེད་པ་དང་། བཞུགས་ཞེས་པ་བྱ་བྱེད་ཐ་མི་དད་པ་དང་། བསྡད་དང་སྡོད་ལྟ་བུ་བྱ་བྱེད་ཐ་དད་པའི་གྲལ་དུ་འཇོག་ཡོད་པ་འདི་ཡིས་སི་ཏུའི་དགོངས་པར་བྱ་བྱེད་ཐ་དད་པ་དང་མི་དད་ཅེས་པ་དེ། བྱེད་པ་པོའི་བྱ་སྤྱོད་ཀྱི་རྣམ་པ་ལ་བརྟགས་ནས་དབྱེ་དགོས་པ་མ་ཡིན་ཞིང་། ལས་ཚིག་རང་གི་ངོས་ནས་བྱ་ཚིག་དང་བྱེད་ཚིག་སྒྲ་གཟུགས་ཐ་དད་ཡོད་མེད་ལ་དབྱེ་དགོས་པ་དཔེར་ན། བདག་གཞན་ཤེད་མཚུངས་དང་མི་མཚུངས་ཞེས་པ་དང་དོན་གཅིག་ཡིན་པའི་བཞེད་པ་གསལ་པོར་མཐོང་ཐུབ། དེས་ན་བྱ་བྱེད་ཐ་དད་པའི་ལས་ཚིག་འདི་ལ་མིང་གཞན་བདག་གཞན་ཤེད་མཚུངས་པའི་ལས་ཚིག་ཀྱང་ཟེར། དཔེར་ན། བཀླགས། ཀློག བཀླག་ཅེས་པ་ལས་ཚིག་རང་གི་ངོས་ནས་དུས་གསུམ་གྱི་དབྱེ་བ་ཡོད་པ་མ་ཟད། ཀློག་ཅེས་པ་བྱེད་པ་པོ་དང་འབྲེལ་བའི་དངོས་པོ་བདག་སྟོན་པའི་ལས་ཚིག་དང༌། བཀླག་ཅེས་པ་བྱ་བའི་ཡུལ་དང་འབྲེལ་བའི་དངོས་པོ་གཞན་སྟོན་པའི་ནུས་པ་ལས་ཚིག་རང་ངོས་ནས་ཡོད་པའི་རིགས་ཤིག་ཡིན། ལས་ཚིག་འདི་རིགས་ནི་བྱ་བྱེད་ཐ་དད་ཅེས་པའི་དོན་ཡང་དེ་ཡིན། དེས་ན་འགྲོ་ཞེས་པ་ལས་ཚིག་རང་གི་ངོས་ནས་བྱ་ཚིག་དང་བྱེད་ཚིག་གི་དབྱེ་བ་མེད་པ་དང་། བསྡད་ཅེས་པ་བྱ་ཚིག་དང་། སྡོད་ཅེས་པ་བྱེད་ཚིག་གི་དབྱེ་བ་ཡོད་པ་འདི་ནི་བྱ་བྱེད་ཐ་དད་མིན་གྱི་དབྱེ་གཞིའི་གལ་གནད་ཡིན།

མདོར་བསྡུས་ནས་བཤད་ན། མིག་སྔར་བོད་ཀྱི་སྐད་ཡིག་ནང་དུ་ཡོད་པའི་རྒྱུན་སྤྱོད་ཀྱི་ལས་ཚིག་གམ་བྱ་ཚིག་ཚང་ཕྱོགས་བསྡོམས་བྱས་ན་ཧ་ལམ། དུས་གསུམ་སྤྱི་བཏང་བའི་ལས་ཚིག་65དང་། དུས་གསུམ་བྱེ་བྲག་པའི་ལས་ཚིག་255དང་། དུས་གསུམ་ཐོར་བུར་པའི་ལས་ཚིག་507བཅས་བསྡོམས་པས་827ཙམ་རྙེད་སོང་། ལས་ཚིག་དེ་དག་ལས་དུས་གསུམ་སྤྱིར་བཏང་བ་དང་། དུས་གསུམ་བྱེ་བྲག་པ་གཉིས་ནི་བདག་གཞན་ཤེད་མཚུངས་པའི་ལས་ཚིག་སྟེ། བྱ་བྱེད་ཐ་དད་པའི་ལས་ཚིག་ཡིན་པས་ཁྱབ་པ་ཞིག་རེད་འདུག བདག་གཞན་ཤེད་མི་མཚུངས་པའི་ལས་ཚིག་དུས་གསུམ་ཐོར་བུ་པ་རྣམས་ནི་བྱ་བྱེད་ཐ་མི་དད་པའི་ལས་ཚིག་ཡིན་ཡང་། བྱ་བྱེད་ཐ་མི་དད་པའི་ལས་ཚིག་ཡིན་ན་བྱ་བྱེད་ཐ་མི་དད་པ་ཡིན་པས་མ་ཁྱབ་སྟེ། བདག་གཞན་ཤེད་མཚུངས་པའི་ལས་ཚིག་ཡིན་པ་གང་ཞིག དུས་གསུམ་སྤྱི་བཏང་བ་དང་། བྱེ་བྲག་པ་གཉིས་ཀྱི་མཚན་ཉིད་དང་མི་མཐུན་པའི་ལས་ཚིག་བཅུ་ལྷག་ཙམ་ཡོད་པ་དེ་དག་དུས་གསུམ་ཐོར་བུ་པའི་ནང་གི་བྱ་བྱེད་ཐ་དད་པའི་ལས་ཚིག་ཡིན་པའི་ཕྱིར་རོ། །

གཅིག དུས་གསུམ་སྤྱི་བཏང་བའི་མཚན་ཉིད།

བྱ་ཚིག་མ་ནིང་བྱེད་པ་མོ་ཡིས་འཕུལ། །པ་སྡེ་ལས་གཞན་འདས་ཚིག་ཕོ་ཡིས་འཕུལ། །སྒྲ་གདངས་ཐ་དད་མགོ་ཅན་མེད་ངེས་ལ། །བརྗོད་བདེ་བྱེད་ཚིག་མ་ནིང་འགྱུར་ཡང་སྲིད། །

དུས་གསུམ་སྤྱི་བཏང་བའི་དཔེར་བརྗོད།

▲ བྱ་ཚིག་མ་ནིང་བྱེད་པ་མོ་ཡིས་འཕུལ་ཞེས་པའི་དཔེར་བརྗོད། །

▲ པ་སྡེ་ལས་གཞན་འདས་ཚིག་ཕོ་ཡིས་འཕུལ་ཞེས་པའི་དཔེར་བརྗོད།

▲ བརྗོད་བདེ་བྱེད་ཚིག་མ་ནིང་འགྱུར་ཡང་སྲིད་ཅེས་པའི་དཔེར་བརྗོད།

འདི་དག་ནི་བྱ་བྱེད་ཐ་དད་པའི་ལས་ཚིག་ཡིན་ལ། བདག་གཞན་དང་འབྲེལ་བའི་བྱ་བྱེད་ཀྱི་ཚིག་ཕན་ཚུན་ཤེད་མཚུངས་པའང་ཡིན།

གསལ་བཤད། བཟང་ངན་དབྱེ་བའི་བདམས་ཀ་ནི། དུས་གསུམ་སྤྱི་བཏང་བའི་ལས་ཚིག་སྟེ། འདས་པ་ལ་བདམས། ད་ལྟ་བ་ལ་འདེམས། མ་འོངས་པ་ལ་གདམ་ཡིན་ཀྱང་། དེང་དུས་གདམས། འདེམས། གདམ་ཞེས་བྲིས་པ་ནི་བསླབ་བྱའི་གདམས་ངག་གི་གདམས་དང་གཅིག་ཏུ་འཁྲུལ་ནས་ནོར་བར་ངེས། དེ་ལྟར་ན་ལས་ཚིག་གི་ངོ་བོ་ཡང་འགྱུར་ཏེ་དུས་གསུམ་ཐོར་བུ་པའི་གྲལ་དུ་བཞག་དགོས་པ་ཞིག་གྱུར་འདུག །

གཉིས། དུས་གསུམ་བྱེ་བྲག་པའི་མཚན་ཉིད།

བྱ་བ་དང་ནི་འདས་པ་ཕོ་ཡིས་འཕུལ། །བྱེད་ཚིག་ཕལ་ཆེར་འཕུལ་བྱེད་མེད་པ་དང་། །སྐབས་འགར་འདས་དང་སྐུལ་ཚིག་གཉིས་པོ་ནི། །རྗེས་འཇུག་ས་ཡིག་རྐྱང་པས་སྟོན་པ་དང་། །འདི་ནི་མགོ་ཅན་མང་བའི་སྡེ་ཚན་ནོ། །

དུས་གསུམ་བྱེ་བྲག་པའི་དཔེར་བརྗོད།

 བྱ་བ་དང་ནི་འདས་པ་ཕོ་ཡིས་འཕུལ། །བྱེད་ཚིག་ཕལ་ཆེར་འཕུལ་བྱེད་མེད་པའི་དཔེར་བརྗོད།

 བྱེད་ཚིག་ཕལ་ཆེར་ཞེས་པས་འགའ་ཞིག་ལ་ཡོད་པ་བསྟན་པའི་དཔེར་བརྗོད།

 སྐབས་འགར་འདས་དང་སྐུལ་ཚིག་གཉིས་པོ་ལ། རྗེས་འཇུག་ས་ཡིག་རྐྱང་པས་སྟོན་པའི་དཔེར་བརྗོད།

དུས་གསུམ་བྱེ་བྲག་པ་རྣམས་ནི་བྱ་བྱེད་ཐ་དད་པ་ཡིན་པ་མ་ཟད། བདག་གཞན་དང་

འབྲེལ་བའི་བྱ་བྱེད་ཀྱི་ཚིག་ཕན་ཚུན་ཤེད་མཚུངས་པའང་ཡིན།

གསུམ། དུས་གསུམ་ཐོར་བུ་པའི་མཚན་ཉིད་ནི།

གང་ཞིག་དུས་གསུམ་ཚིག་ལ་འཕུལ་མེད་དང་། །ཡོད་ཀྱང་འཕུལ་ཡིག་གཅིག་ལས་འགྱུར་མེད་དང་། །འགྱུར་ཡང་སྤྱི་དང་བྱེ་བྲག་གཉིས་པོ་ལ། །མི་མཐུན་པ་ནི་ཐོར་བུ་པ་ཞེས་བརྗོད། །

དུས་གསུམ་ཐོར་བུ་པའི་དཔེར་བརྗོད།

▲ གང་ཞིག་དུས་གསུམ་ཚིག་ལ་འཕུལ་མེད་ཀྱི་རིགས།

▲ ཡོད་ཀྱང་འཕུལ་ཡིག་གཅིག་འགྱུར་མེད་ཀྱི་རིགས།

▲ འགྱུར་ཡང་སྤྱི་དང་བྱེ་བྲག་གཉིས་ཀྱི་མཚན་ཉིད་དང་མི་མཐུན་པས་འདིར་བཞག་པའི་རིགས།

འདི་རིགས་ནི་ཕལ་ཆེར་བྱ་བྱེད་ཐ་མི་དད་པའི་ལས་ཚིག་རྣམས་ཡིན། འདི་ལ་བྱ་བྱེད་ཕན་ཚུན་ཤེད་མཚུངས་པའི་ལས་ཚིག་གི་དབྱེ་བ་ཅན་ཉུང་ཤས་ཤིག་ཡོད་དོ། །  

◆ བསོད་ནམས་རྒྱ་མཚོ། ལྷོ་ནུབ་མི་རིགས་སློབ་ཆེན་གྱི་ཞིབ་འཇུག་སློབ་མ་ཡིན།

◆ ཐུབ་བསྟན་ཕུན་ཚོགས། ལྷོ་ནུབ་མི་རིགས་སློབ་གྲྭ་ཆེན་མོའི་དགེ་རྒན།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1