མ་ཎི་ཡིག་དྲུག་གི་གོ་དོན་དང་སློབ་གསོའི་ཕན་ཡོན་ལ་དཔྱད་པ།

རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 05-31



        དེའང་སྐལ་བ་དཔག་མེད་ཀྱི་སྔོན་དུ་འཕགས་པ་སྤྱན་རས་གཟིགས་ཁོང་ཉིད་སྔོན་བྱང་ཆུབ་སེམས་དཔའི་སྤྱད་པ་སྤྱོད་པའི་ཚེ། སངས་རྒྱས་སྟོང་གི་སྤྱན་སྔར་སྨོན་ལམ་བཏབ་སྟེ། བདག་གིས་དུས་གསུམ་སངས་རྒྱས་གང་གིས་ཀྱང་ཞབས་ཀྱིས་མ་བཅག་པའི་གནས། མཐའ་འཁོབ་ཁ་བ་ཅན་གྱི་རྒྱལ་ཁམས་ན་ཡོད་པའི་སེམས་ཅན་འདུལ་དཀའ་བ་དེ་རྣམས་ཐར་བ་བྱང་ཆུབ་ཀྱི་ལམ་ལ་འཁོད་པར་གྱུར་ཅིག མཐའ་འཁོབ་དེ་ཡང་བདག་གིས་འདུལ་བའི་ཞིང་དུ་གྱུར་ཅིག བདག་འདྲེ་སྲིན་ལ་སོགས་སེམས་ཅན་དེ་དག་ཐམས་ཅད་ཀྱི་ཕ་མ་ལྟ་བུར་གྱུར་ཅིག འགྲོ་བ་སྒྲོལ་བའི་དེད་དཔོན་ལྟ་བུར་གྱུར་ཅིག མུན་པ་སེལ་བའི་སྒྲོན་མེ་ལྟ་བུར་གྱུར་ཅིག དུས་གསུམ་སངས་རྒྱས་ལ་སོགས་པ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་གསུངས་པའི་ཆོས་ཐམས་ཅད་མཐའ་འཁོབ་ཀྱི་ཡུལ་དེར་དར་ཞིང་རྒྱས་ལ་ཡུན་རིང་དུ་གནས་པར་གྱུར་ཅིག སེམས་ཅན་དེ་རྣམས་ཀྱིས་དཀོན་མཆོག་གསུམ་གྱི་མཚན་ཐོས་ཏེ་སྐྱབས་སུ་སོང་ནས། བདེ་འགྲོ་མཐོ་རིས་ཀྱི་ལུས་ཐོབ་སྟེ། དམ་པའི་ཆོས་ལ་ལོངས་སྤྱོད་པར་གྱུར་ཅིག

        དེ་ལྟར་གངས་ཅན་ཁ་བ་རི་བའི་ལྗོངས་འདི་ལ་འཕགས་མཆོག་སྤྱན་རས་གཟིགས་ཀྱི་ཐུགས་རྗེ་བྱིན་རླབས་དང་། རྟེན་འབྲེལ་སྨོན་ལམ་གང་གི་ཚོགས་སྦྱོར་ལས་ཀླ་ཀློ་དང་འདྲེ་སྲིན་གྱིས་གང་བའི་ཡུལ་ཞིག་ནས་སྙིང་པོ་ཡི་གེ་དྲུག་མ་སོགས་སངས་རྒྱས་ཀྱི་བསྟན་པ་རིན་པོ་ཆེ་ཆེར་དར་བ་ཞིག་ཏུ་གྱུར་བ། དམུ་རྒོད་ཀྱི་རྟུལ་ཞུགས་ཅན་གྱི་སེམས་ཅན་ནས་ནང་སེམས་ཀྱི་བདེ་བ་གཙོ་བོར་འཛིན་པ་དང་། འགྲོ་དྲུག་སེམས་ཅན་མ་རུ་སྒོམ་པའི་བྱམས་སྙིང་རྗེ་དང་ལྡན་པ། འཛམ་གླིང་ཞི་བདེ་དང་ཚེ་ཕྱི་མའི་བདེ་སྡུག སྐྱེ་བ་ནས་སྐྱེ་བའི་བར་སྨོན་ལམ་རྒྱག་པའི་བློ་དཀྱེལ་ཡངས་པོ་ཅན། འཆམ་མཐུན་དང་ཞི་བདེར་མོས་པའི་འགྲོ་བའི་རིགས་སུ་གྱུར་བ། ཡི་གེ་དྲུག་མའི་གཟུངས་ནི་གངས་ཅན་ཁ་བ་རི་བའི་སེམས་ཅན་དག་གི་སེམས་ཀྱི་གཞི་དང་དད་པའི་སྤུ་ལོང་ན་དུས་ནམ་ཡང་འགྱུར་བ་མེད་པར་མུན་སེལ་གྱི་སྒྲོན་མེ་ལྟ་བུར་གནས་པའི་ཚོད་དུ་འཕེལ་བའོ། །

དང་པོ། མ་ཎི་ཡིག་དྲུག་གི་གོ་དོན་བཤད་པ།

        མ་ཎི་ཡིག་དྲུག་གི་གོ་དོན་དེ་ཅི་འདྲ་ཞིག་ལ་གོ་བ་བླངས་ན་འགྲིག་ཅེ་ན། སྔོན་བྱོན་མཁས་པའི་ཞལ་སྔ་ནས། ཨོཾ་མ་ཎི་པདྨེ་ཧཱུཾ། །ཞེས་པའི་གཟུངས་སྔགས་འདི་བགྲང་ན་ཡག་པོ་ཡོད་ཅིང་། དེ་བགྲང་སྐབས་དེའི་དོན་ལ་བསམ་བློ་ངེས་པར་དུ་གཏོང་དགོས། གང་ཡིན་ཟེར་ན། ཡིག་འབྲུ་དྲུག་པོའི་དོན་དེ་ཟབ་པོ་དང་རྒྱ་ཆེན་པོ་ཡོད་པ་སྟེ། ཨོཾ་ཞེས་པར་ཡི་གེ་ནི་གསུམ་ཞེས་བྱ། ཡེ་གེ་ཨུ་ནི་སྐུ་རུ་བརྗོད། མ་ཡིག་ཐུགས་ཀྱི་རྡོ་རྗེ་སྟེ། རྡོར་གསུམ་གཅིག་གི་རང་བཞིན་ཨོཾ་ཞེས་ཨ་དང་། ཨུ། མ་གསུམ་དུ་བསྡུས་ཡོད། འདི་རྣམས་ཀྱིས་ཉམས་ལེན་པའི་མ་དག་པའི་ལུས་ངག་ཡིད་གསུམ་དང་། དེ་བཞིན་སངས་རྒྱས་ཀྱི་དག་པའི་སྐུ་གསུང་ཐུགས་མཚོན་གྱི་ཡོད། མ་དག་པའི་ལུས་ངག་ཡིད་གསུམ་དག་པའི་ལུས་ངག་ཡིད་གསུམ་གྱི་ངོ་བོར་བསྒྱུར་ཐུབ་བམ། ཡང་ན་འདི་ཉིད་རྩ་བ་ནས་ཐ་དད་པ་ཡིན་ནམ་ཞེ་ན། སངས་རྒྱས་ཐམས་ཅད་སྔོན་སྐབས་ཤིག་ན་ང་ཚོ་ལྟ་བུ་ཡིན་པ་དང་། དེ་ནས་ལམ་ལ་བརྟེན་ཏེ་བྱང་ཆུབ་ཀྱི་གོ་འཕང་ཐོབ་པ་ཞིག་ཡིན་པ་ལས། ནང་བའི་ཆོས་ནང་ཐོག་མ་ནས་སྐྱོན་ཀུན་ཟད་དང་ཡོན་ཏན་ཀུན་ལྡན་ཞིག་བཞེད་ཀྱི་མེད། དག་པའི་ལུས་ངག་ཡིད་གསུམ་ནི། མ་དག་པའི་ངོ་བོ་རྣམས་རིམ་པས་དོར་ནས་དག་པའི་ངོ་བོར་གྱུར་པ་ལས་འབྱུང་བ་ཡིན། འདི་ཇི་ལྟར་སྒྲུབ་དགོས་ཤེ་ན། དེ་ཉིད་སྒྲུབ་པར་བྱེད་པའི་ལམ་ནི་ཡིག་འབྲུ་ཕྱི་མ་བཞིས་མཚོན་གྱི་ཡོད། མ་ཎི་ཞེས་པ་ནོར་བུའི་དོན་ཡིན་ལ། འདིས་ཐབས་ཀྱི་ཆ་བྱང་ཆུབ་ཀྱི་སེམས་དང་། སྙིང་རྗེ། བྱམས་པ་བཅས་མཚོན་གྱི་ཡོད། ནོར་བུར་དབུལ་ཕོངས་སེལ་པའི་ནུས་པ་ཡོད་པ་བཞིན་དུ། བྱང་ཆུབ་ཀྱི་སེམས་ལའང་སྲིད་ཞིའི་རྒུད་པ་མཐའ་དག་སེལ་བའི་ནུས་པ་ཡོད། དེ་བཞིན་ནོར་བུས་སེམས་ཅན་གྱི་རེ་བ་སྐོང་བ་བཞིན་དུ། བྱང་ཆུབ་ཀྱི་སེམས་ཀྱིས་ཀྱང་སེམས་ཅན་གྱི་རེ་བ་སྐོང་གི་ཡོད། པདྨེ་ཞེས་པའི་ཡིག་འབྲུ་གཉིས་པོ་མེ་ཏོག་པདྨའི་དོན་ཡིན་ལ། དེས་ཤེས་རབ་མཚོན་གྱི་ཡོད། པདྨ་དེ་འདམ་ལས་སྐྱེས་ནའང་འདམ་གྱི་དྲི་མས་མ་གོས་པ་བཞིན་དུ། ཤེས་རབ་ལའང་རང་ཉིད་འགལ་འདུ་མི་ཡོང་བའི་སར་འཇོག་པའི་ནུས་པ་ཡོད་ལ། གལ་ཏེ་ཤེས་རབ་མེད་ན་འགལ་འདུ་ཡོང་གི་ཡོད། ཤེས་རབ་ལ་མི་རྟག་པ་རྟོགས་པའི་ཤེས་རབ་དང་། གང་ཟག་རང་རྐྱ་བའམ་རྫས་ཡོད་ཀྱིས་སྟོང་བར་རྟོགས་པའི་ཤེས་རབ། ཡུལ་ཡུལ་ཅན་ངོ་བོ་ཐ་དད་པས་སྟོང་པ་གཉིས་རྟོགས་པའི་ཤེས་རབ། རང་གི་མཚན་ཉིད་ཀྱིས་གྲུབ་པས་སྟོང་བ་རྟོགས་པའི་ཤེས་རབ་བཅས་ཤེས་རབ་ལ་རིགས་མི་འདྲ་བ་དུ་མ་ཞིག་ཡོད་རུང་། གཙོ་བོ་ནི་སྟོང་ཉིད་རྟོགས་པའི་ཤེས་རབ་དེ་ཡིན། ཡིག་འབྲུ་ཐ་མ་ཧཱུཾ་གིས་ངོ་བོ་དབྱེར་མེད་བསྟན་པ་དང་། དེས་རང་རྒྱུད་ཀྱི་སྐྱོན་དག་པ་དེ་ངེས་པར་དུ་ཐབས་ཤེས་དབྱེར་མེད་ལ་བརྟེན་ནས་ཐོབ་དགོས་པ་མཚོན་གྱི་ཡོད། མདོ་ཕྱོགས་ལྟར་ན། འདི་ལྟ་བུའི་ཐབས་ཤེས་དབྱེར་མེད་ནི་ཐབས་ཀྱིས་ཟིན་པའི་ཐབས་ལ་གོ་བ་དང་། སྔགས་སམ་རྒྱུད་ཀྱི་ཐེག་པ་ལྟར་ན། དེ་ཉིད་ཐབས་ཤེས་ངོ་བོ་དབྱེར་མེད་ཀྱི་ཆ་ཡོངས་སུ་རྫོགས་པའི་རྣམ་པར་ཤེས་པ་གཅིག་ལ་གོ རྒྱལ་བ་རིགས་ལྔའི་ས་བོན་གྱི་ཡིག་འབྲུ་ལྟར་ན། ཧཱུཾ་ཞེས་པ་ནི་གང་གིས་ཀྱང་དཀྲུགས་མི་ནུས་ཤིང་། མི་གཡོ་བའི་རྒྱལ་བ་མི་བསྐྱོད་པའི་ས་བོན་གྱི་ཡིག་འབྲུ་ཡིན། དེས་ན་ཨོཾ་མ་ཎི་པདྨེ་ཧཱུཾ་ཞེས་པའི་ཡིག་འབྲུ་དྲུག་པོས་ཐབས་ཤེས་དབྱེར་མེད་ཀྱི་ཟུང་འབྲེལ་ལམ་གྱི་ཉམས་ལེན་ལ་བརྟེན་ནས། རང་ཉིད་ཀྱི་མ་དག་པའི་ལུས་ངག་ཡིད་གསུམ་སངས་རྒྱས་ཀྱི་དག་པའི་སྐུ་གསུང་ཐུགས་ཀྱི་ངོ་བོར་བསྒྱུར་ཐུབ་པ་བསྟན་གྱི་ཡོད། སངས་རྒྱས་ཀྱི་གོ་འཕང་དེ་རང་གིས་ཕྱི་ནས་བཙལ་མི་དགོས་པར། དེ་ཐོབ་པའི་རྒྱུའམ། ནུས་པ་ནི་རང་གི་རྒྱུད་ལ་ཡོད་པར་གསུངས། རྗེ་བཙུན་བྱམས་པ་མགོན་པོས་ཐེག་པ་ཆེན་པོའི་རྒྱུད་བླ་མའི་ནང་ལ་སེམས་ཅན་ཐམས་ཅད་ཀྱི་རྒྱུད་ལ་རང་ཆས་སངས་རྒྱས་ཀྱི་ངོ་བོ་ཡོངས་སུ་རྫོགས་པ་འགྲུབ་རྒྱུའི་དག་པའི་ས་བོན་དེ་བཞིན་གཤེགས་པའི་སྙིང་བོ་དེ་སོ་སོའི་རྒྱུད་ལ་ཡོད། ཅེས་གསུངས་པ་ལྟར་རོ། །

གཉིས་པ། མ་ཎི་ཡི་གེ་དྲུག་མའི་སློབ་གསོའི་ཕན་ཡོན་བཤད་པ།

1.ཡིད་ཀྱིས་སེམས་ཅན་ལ་མི་འཚེ་བར་བྱེད་པ།

        མ་ཎི་ཡི་གེ་དྲུག་མའི་གཟུངས་སྔགས་དེས་མཐར་ཐུག་བསྟན་པ་ནི་རང་གཞན་སུ་ཡིན་ནའང་། བདེ་བ་འདོད་པ་དང་སྡུག་བསྔལ་མི་འདོད་པ་ཤ་སྟག་ཡིན། དཔེར་ན་རང་གི་ལུས་ཀྱི་ཆ་གང་ཡིན་ནའང་སྡུག་བསྔལ་ལས་སྐྱོབ་དགོས་པ་གཅིག་གྱུར་ཡིན་པ་བཞིན། སེམས་ཅན་ཐམས་ཅད་ཀྱང་སྡུག་བསྔལ་ལས་སྐྱོབ་དགོས་པ་གཅིག་གྱུར་ཡིན་ཞེས་གསུངས་ཡོད། རང་ལ་ཆ་བཞག་ན་སྡུག་བསྔལ་ལས་འབྲལ་དགོས་པའི་རྒྱུ་མཚན་ནི། རང་ཉིད་སྡུག་བསྔལ་མི་འདོད་པའི་རྒྱུ་མཚན་གྱིས་ཡིན་པ་ལས། དེ་མིན་རང་སྟེང་དུ་སྡུག་བསྔལ་དང་འབྲལ་དགོས་པའི་རྒྱུ་མཚན་ལྷག་པོ་གང་ཡང་མེད། རང་ལ་ངང་གིས་སྡུག་བསྔལ་མི་འདོད་པའི་བློ་ཞིག་ཡོད་པ་འདི། སེམས་ཅན་གཞན་ཐམས་ཅད་ལའང་ཡོད་པ་ཡིན། རང་གཞན་ཚང་མ་སྡུག་བསྔལ་མི་འདོད་པ་འདྲ་འདྲ་ཡིན་པ་ལས། སེམས་ཅན་ཁོ་རང་ཚོའི་ངོས་ནས། གཞན་ངོ་ལ་ལྟོས་པ་ཡིན་ན་སེམས་ཅན་ཐམས་ཅད་བདེ་བ་འདོད་པ་ཤ་སྟག་ཡིན། རང་གི་ངོས་ནས་སེམས་ཅན་ཐམས་ཅད་རང་ལ་འབྲེལ་བ་ཡོད་ཅིང་། ཕན་བཏགས་པའི་ཆ་ནས་བརྩིས་ན་སྔར་ཕན་བཏགས་ཡོད་ལ། མ་འོངས་པ་ལ་ཡང་ཕན་གདགས་པར་འགྱུར་བ་ཤ་སྟག་ཡིན། དེ་འདྲ་ཡིན་པས་རང་རྒྱུ་མཚན་དུ་བྱས་ནའང་། ཁ་ཤས་ལ་ཡག་པོ་བྱེད་པ་དང་། ཁ་ཤས་ལ་སྡུག་པོ་བྱེད་པའི་རྒྱུ་མཚན་གང་ཡང་མེད་དོ། །

(1)ངག་གིས་སེམས་ཅན་ལ་མི་འཚེ་བར་བྱེད་པ།

        གོང་ནས་བརྗོད་པ་བཞིན་སྐྱེ་འགྲོ་སུ་ཞིག་ཡིན་རུང་རང་ཉིད་ཀྱིས་བདེ་བ་འདོད་པ་བཞིན་སེམས་ཅན་གཞན་གང་གིས་ཀྱང་རང་རང་གི་ཐད་ན་སོ་སོ་བའི་བདེ་བར་གཞོལ་བའི་གནས་ལུགས་ཡིད་ལ་སྒོམ་སྟེ། དུས་རྟག་ཏུ་ངག་ནས་གཞན་ལ་འཚེ་བ་དང་གནོད་པ། གཞན་གྱིས་མི་འདོད་པའི་རིགས་ཀྱི་དོན་མི་སྨྲ་བ་པའི་རྟུལ་ཞུགས་འཛིན་པ་སྟེ། དཔེར་ན། རྒྱལ་ཁབ་དང་རྒྱལ་ཁབ་ཅིག་གི་བར་དུ་རྒྱུ་རྐྱེན་ག་གེ་མོ་ཞིག་ལས་འགལ་བ་བྱུང་བའི་དུས་སུ། མི་རེ་འགའ་ཡིས་བློ་དཀྱེལ་ཆེན་པོས་བཟོད་སྒོམ་བྱས་ཏེ་མི་དགོས་པའི་འཁྲུག་པ་འབྱུང་བར་གཡོལ་བ། ཡང་མི་རེ་འགའ་ཡིས་དེ་ལས་ལྡོག་ནས་ཕ་རོལ་པོ་ལས་རྒྱལ་འདོད་ཀྱི་བསམ་པས་དམག་འཁྲུག་གི་ལས་སུ་སྦྱོར་བར་སྐུལ་བ་སྟེ། ཇི་འདྲ་བྱས་ནས་ཕ་རོལ་པོ་དེ་ཕམ་པར་གཏོང་བ་དང་། ཇི་ལྟར་ཕ་རོལ་པོ་དེ་མེད་པར་གཏོང་བ་སོགས་ཀྱི་གྲོས་འགོ་འདོན་མཁན་གྱི་སྐོར། དེའི་རིགས་ཀྱིས་རང་ཉིད་ཀྱི་གནས་སྐབས་ཙམ་གྱི་འདོད་སེམས་ཆུང་ཆུང་ཞིག་གི་ཆེད་དུ་མ་རུང་གཡུལ་འཁྲུག་གི་ལས་སྤེལ་ནས་སེམས་ཅན་གང་མང་ཞིག་ཤེས་མེད་ཚོར་མེད་དུ་སྡུག་བསྔལ་གྱི་རྒྱ་མཚོའི་ཀློང་ལ་འདྲེན་བཞིན་འདུག་པའི་གནས་ཚུལ་དང་ཚོར་བར་རྩ་བ་ནས་སྣང་འཇོག་མི་བྱེད་པ་དང་། དེ་དག་གི་བདེ་སྡུག་ལ་སེམས་འཁུར་མི་བྱེད་པ་ནི་ཡིད་ཀྱི་བརྣབ་སེམས་ནས་ངག་གི་སྐུལ་སྤེལ། ལུས་ཀྱི་སྦྱོར་བར་སྤེལ་བ་ལས་གཙོ་བོ་ངག་གི་སྦྱོར་བར་རགས་ལས་པ་གསལ་སྟོན་གྱིས་སྙིང་པོ་ཡི་གེ་དྲུག་མས་དེར་དགག་རྒྱག་ནན་མོ་གཏོང་བ་དང་དེ་ལས་ལྡོག་ནས་མི་སྡུག་པའི་ལས་དེ་རིགས་ཀྱི་ངག་སྐུལ་མི་བྱེད་པར། དུས་རྟག་ཏུ་མ་གྱུར་སེམས་ཅན་ཐམས་ཅད་འགྲོ་བ་རིགས་དྲུག་ཁམས་གསུམ་གྱི་དོན་དུ་དགེ་བ་བསྔོ་བ་སྟེ། དཔེར་ན། སྐྱབས་འགྲོ་ལས། སེམས་ཅན་ཐམས་ཅད་བདེ་བ་དང་བདེ་བའི་རྒྱུ་དང་ལྡན་པར་གྱུར་ཅིག སེམས་ཅན་ཐམས་ཅད་སྡུག་བསྔལ་དང་སྡུག་བསྔལ་གྱི་རྒྱུ་དང་བྲལ་བར་གྱུར་ཅིག སེམས་ཅན་ཐམས་ཅད་སྡུག་བསྔལ་མེད་པའི་བདེ་བ་དང་མི་འབྲལ་བར་གྱུར་ཅིག སེམས་ཅན་ཐམས་ཅད་ཉེ་རིང་ཆགས་སྡང་གཉིས་དང་བྲལ་བའི་བཏང་སྙོམས་ལ་གནས་པར་གྱུར་ཅིག་ཅེས་གསུངས་པ་བཞིན་སེམས་ཅན་ཀུན་གྱི་བདེ་སྡུག་གི་དོན་དུ་སྨོ་བ་སྨོན་ལམ་བཟང་པོ་འདེབས་པའི་ངག་གི་རྟུལ་ཞུགས་འཛིན་པར་སྐུལ་བའོ། །

(2)ལུས་ཀྱིས་སེམས་ཅན་མི་འཚེ་བར་བྱེད་པ།

        དེ་ཡང་གོང་ནས་བརྗོད་པའི་ཡིད་དང་ངག་གི་སྦྱོར་བ་བཟང་པོའི་མཐུ་ལས་དེར་བསྟུན་གྱི་ལུས་ཀྱི་སྦྱོར་བ་སྤེལ་བར་ཡང་གཟུངས་མཆོག་ཡི་གེ་དྲུག་མ་འདི་ཉིད་ཀྱིས་སྐུལ་མ་རྣམ་དག་གཏོང་བ་སྟེ། དཔེར་ན། སྟག་མོ་ལུས་སྦྱིན་ལྟ་བུ། དེ་རུ་རྒྱལ་སྲས་བྱང་ཆུབ་སེམས་དཔའ་ཁོང་གིས་སྟག་མོ་ཞིག་བཀྲེས་ལྟོགས་ཀྱིས་མནར་ནས་འཆི་ལ་ཉེ་བའི་རྣམ་པའམ། དེའི་བཀྲེས་ལྟོགས་ཀྱི་སྡུག་བསྔལ་དང་འཆི་ཁའི་འཕགས་ཚགས་ཀྱི་རྣམ་པ། འཆི་བའི་འཇིགས་སྐྲག་གི་སྣང་ཚུལ་དེ་གསན་ཕྲལ། དེ་མ་ཉིད་དུ་ཇི་མི་སྙམ་པར་རང་ལུས་སྟག་མོའི་ཁ་ཟས་སུ་གནང་བའི་བྱང་ཆུབ་ཀྱི་སེམས་དང་སྙིང་རྗེའི་ཐུགས་དགོངས་གཡོ་བ་མེད་པ་དེ་ཉིད་ལས་སྤེལ་བའི་སྤྱོད་པ་གསལ། མ་ཎི་ཡི་གེ་དྲུག་མས་གཞན་ལ་བཙན་འཛུལ་དང་གཉའ་གནོན་བྱེད་མི་རིགས་པ། འཐབ་འཁྲུག་སོགས་མི་ཤི་རྟ་འགྱེལ་གྱི་གཡུལ་མི་བྱེད་པར་ཀུན་ལ་མཐུན་པར་བྱ་བ་སོགས་ཀྱི་སྦྱོར་བ་སྤེལ་བར་སྐུལ་ལོ། །

2.བདེ་བ་བསྐྱེད་པའི་ཕན་ཡོན།

        དེའང་གཞུང་དུ་ཨོཾ་གྱིས་ལྷ་སྐྱེ་འཆིའི་སྡུག་བསྔལ་སེལ། །མ་ཡིས་ལྷ་མ་ཡིན་འཐབ་རྩོད་ཀྱི་སྡུག་བསྔལ་སེལ། །ཎི་ཡིས་མི་སྐྱེ་རྒ་ན་འཆིའི་སྡུག་བསྔལ་སེལ། །པད་ཀྱིས་དུད་འགྲོ་བཀོལ་སྤྱོད་ཀྱི་སྡུག་བསྔལ་སེལ། །མེ་ཡིས་ཡི་དྭགས་བཀྲེས་སྐོམ་གྱི་སྡུག་བསྔལ་སེལ། ཧཱུཾ་གིས་དམྱལ་བ་ཚ་གྲང་གི་སྡུག་བསྔལ་སེལ། །ཞེས་གསུངས་པ་བཞིན། རིག་སྔགས་ཡི་གེ་དྲུག་མ་འདི་ལན་ཅིག་མཐོང་བས་ཀྱང་ཕྱིར་མི་ལྡོག་པའི་ས་ཐོབ་པ་སྟེ། འགྲོ་བ་སྒྲོལ་བའི་དེད་དཔོན་དུ་འགྱུར་བ། གྲོག་སྦུར་རམ། དུད་འགྲོ་འཆི་ཁ་མའི་རྣ་བར་ཐོས་ན། ལུས་དེ་ལས་གྲོལ་ཏེ་བདེ་བ་ཅན་དུ་སྐྱེ་བར་འགྱུར་བ། དྲན་པས་གང་ལ་ཉི་མ་ཕོག་པ་དང་འདྲ་སྟེ། ཚེ་ཐོག་མ་མེད་པ་ནས་བསགས་པའི་ལས་ངན་གྱི་སྡིག་སྒྲིབ་ཐམས་ཅད་དག་ནས། བདེ་བ་ཅན་དུ་སྐྱེ་བར་འགྱུར་བ། ལུས་ལ་བཅར་ན་རིགས་ཀྱི་བུ་དེའི་ལུས་སངས་རྒྱས་ཀྱི་རིང་བསྲེལ་དུ་གྱུར་ནས། བཞི་བརྒྱ་རྩ་བཞིའི་ནད་ཀྱིས་མི་ཚུགས་ཤིང་། མེ་དང་ཆུ། དུག་དང་མཚོན། སྟེང་འོག་གི་གདོན་ལ་སོགས་པ་གང་གིས་ཀྱང་མི་ཚུགས་པར་འགྱུར་བ། ཡི་གེ་དྲུག་མ་འདི་རིན་པོ་ཆེའམ། རས་སམ། ཤོག་གུའམ། ཤིང་ཤུན་ནམ། ཐ་ན་ས་དང་། རྡོ་ལ་སོགས་པ་ལ་བྲིས་ན་ཆོས་ཀྱི་ཕུང་བོ་བརྒྱད་ཁྲི་བཞི་སྟོང་འབྲི་རུ་བཅུག་པ་དང་འདྲ་སྟེ། ཚེ་འདིར་བདེ་སྐྱིད་ལ་ལོངས་སྤྱད་ནས། ཚེ་གཅིག་ལུས་གཅིག་ལ་སངས་རྒྱས་པའི་འབྲས་བུ་ཐོབ་པ་སོགས་ཀྱི་ཕན་ནུས་བླ་མེད་མཆིས་པ་གསུངས་པ་འདི་དག་ལས་ང་ཚོར་སེམས་ཀྱི་བདེ་བ་དཔག་ཏུ་མེད་པ་ཞིག་ཐོབ་འདུག་ལ། མ་ཎི་ཡི་གེ་དྲུག་མའི་ཐུན་མིན་གྱི་ཕན་ཡོན་འདི་ཡིས་གངས་ཅན་ཁ་བ་རི་བའི་ལྗོངས་ཀྱི་སེམས་ཅན་གང་མང་ཞིག་གི་སེམས་བདེ་བ་དང་བདེ་བའི་རྒྱུ་ལ་སྐུལ་བ། ལུས་བདེ་སྐྱིད་ཀྱི་ཞིང་དུ་སྐྱེལ་བ། ངག་དག་གཙང་གི་དབྱངས་སུ་དྲངས་པ་ནི་མངོན་སུམ་ཚད་མའི་དོན་ཞིག་གོ །

3.འཆི་བར་མི་སྐྲག་པའི་ཕན་ཡོན།

        གཟུངས་མཆོག་ཡི་གེ་དྲུག་མ་ལ་གོང་བརྗོད་ཀྱི་ཕན་ཡོན་དེ་འདྲ་བླ་ན་མ་མཆིས་པས། ཡིད་ལ་མ་ཎི་ཡི་གེ་དྲུག་མའི་སྙིང་བོའམ་ཕན་ཡོན་སྒོམ་ཞིང་། ངག་ནས་ཆད་པ་མེད་པར་གཟུངས་སྔགས་ཡི་གེ་དྲུག་མ་བཟློ་བ། ལུས་ནས་དེ་དང་དེར་བསྟུན་གྱི་སྦྱོར་བ་སྤེལ་བའི་སེམས་ཅན་ཞིག་ཡིན་ཕྱིན། རྣམ་ཤེས་ཚེ་རབས་འདིའི་ཤིན་ཏུ་གཅེས་པའི་ལུས་རྟེན་དང་ཁ་བྲལ་བའི་དུས་ལ་བབས་དུས་ཀྱང་འཇིགས་པ་ཅི་ཡང་མི་མཆིས་པར་སེམས་དགའ་སྣང་དང་། གདོང་འཛུམ་གྱི་ལེར་གནས་པའི་རྟུལ་ཞུགས་འཛིན་པ་ནི་དངོས་གནས་དཔག་དཀའ་བ་ཞིག་རེད། དེ་འདྲའི་རྟོག་པར་སླེབས་པ་འདི་ཉིད་སོགས་ནི་དམ་ཆོས་ཀྱི་གཟུངས་སྔགས་ཡི་གེ་དྲུག་མའི་སྙིང་བོ་ལས་ཐོན་པའི་སློབ་གསོའི་ཕན་ཡོན་ནམ་ཐུན་མིན་གྱི་ཡོན་ཏན་ནོ། །  

◆ ཕྱག་རྡོར་སྐྱབས། ནུབ་བྱང་མི་རིགས་སློབ་ཆེན་གྱི་བོད་སྐད་ཡིག་སློབ་གླིང་གི་ཞིབ་འཇུག་སློབ་མ།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1