བོད་ལྗོངས་སློབ་ཆེན་གྱི་སློབ་བསྡུའི་དྲ་ཚིགས་རྫུན་མ་ཞིག་བྱུང་འདུག

རྩོམ་སྒྲིག་པ།ཡོང་ཁུངས།ཀྲུང་གོའི་བོད་སྐད་རླུང་འཕྲིན་དྲ་བ། སྤེལ་དུས། 07-03


            ཉེ་དུས། བོད་ལྗོངས་དྲ་བའི་ཉེན་རྟོག་པས་དྲ་ལམ་ལ་སྐོར་ཞིབ་བྱེད་སྐབས་དོགས་གཞི་ཡོད་པའི་སློབ་གསོའི་ཐོ་འགོད་དང་སློབ་བསྡུའི་དྲ་ཚིགས་ཤིག་ཤེས་རྟོགས་བྱུང་ཡོད། བོད་ལྗོངས་སློབ་ཆེན་ལ་དེའི་སྐོར་ཞིབ་འདྲི་བྱས་རྗེས། དེ་ནི་དྲ་ཚིགས་རྫུན་མ་ཞིག་ཡིན་པར་ཤེས། དྲ་ཚིགས་དེས་བོད་ལྗོངས་སློབ་ཆེན་གྱི་མིང་ཐོག་ནས་སློབ་བསྡུའི་དྲ་ཚིགས་རྫུན་མ་ཞིག་བཟོས་ཏེ། དྲ་རྒྱའི་ཐོག་སློབ་གསོའི་སློབ་བསྡུའི་ཆ་འཕྲིན་ཡོངས་བསྒྲགས་བྱས་ནས་ཁྲིམས་འགལ་གྱི་སློབ་བསྡུའི་བྱ་སྤྱོད་སྤེལ་བ་རེད།

            སྤྱི་ཟླ་༦ཚེས་༢༦ཉིན་ནས་ཟླ་༧ཚེས་༡ཉིན་བར་ནི་བོད་ལྗོངས་ཀྱི་རྒྱ་ཆེའི་མཐོ་རྒྱུགས་ལ་ཞུགས་མཁན་གྱི་སློབ་མ་ཚོས་སློབ་ཆེན་གྱི་འདོད་འདུན་རེའུ་མིག་སྐོང་བཞིན་པའི་སྒང་ཡིན། ཁྲིམས་འགལ་མི་སྣ་ཁག་གིས་རྒྱུགས་སྤྲོད་སློབ་མ་དང་ཁྱིམ་བདག་གིས་སློབ་ཆེན་འདེམ་སྐབས་འཚབ་འཚུབ་བྱེད་པའི་སེམས་ཁམས་དེར་དམིགས་ནས། དྲ་རྒྱའི་ཐོག་སློབ་བསྡུའི་ཆ་འཕྲིན་རྫུན་མ་ཡོངས་བསྒྲགས་བྱས་པ་མ་ཟད། རྒྱུགས་མ་འཕྲོད་ནའང་སློབ་ཆེན་དུ་འགྲོ་ཐུབ་ཅེས་རྫུན་བཤད་ཡོད། དེའི་ཕྱིར། སློབ་ཆེན་རྫུན་མ་འདི་དག་གིས་སློབ་མ་དང་ཁྱིམ་བདག་རྣམས་ལ་མགོ་སྐོར་གཏོང་བཞིན་ཡོད་པས་ཡིད་གཟབ་བྱ་དགོས།
འདོད་འདུན་རེའུ་མིག་སྐོང་བའི་ཆ་འཕྲིན་དཔྱད་གཞི་འཚོལ་སྐབས། ངེས་པར་དུ་ལུགས་མཐུན་གྱི་ཐབས་ལམ་སྤྱོད་དགོས།
            གཅིག རང་སྐྱོང་ལྗོངས་སློབ་གསོ་ཡིག་རྒྱུགས་ཁང་གི་གཞུང་ཕྱོགས་དྲ་ཚིགས་ལ་ངེས་པར་དུ་བལྟ་དགོས་པ་མ་ཟད། དེའི་ཆ་འཕྲིན་གྱི་དབང་གྲགས་རང་བཞིན་དང་། དུས་ཐོག་རང་བཞིན། གནད་འཁེལ་རང་བཞིན་བཅས་ཡོད་མེད་སྐོར་ལ་ཞིབ་ཏུ་བལྟ་དགོས།
            གཉིས། རང་ཉིད་ཀྱིས་མིང་ཐོ་འགོད་རྩིས་ཡོད་པའི་སློབ་ཆེན་གྱི་གཞུང་ཕྱོགས་དྲ་ཚིགས་ལ་བལྟ་དགོས། ཞིབ་ཕྲའི་སྒོ་ནས་སློབ་གྲྭ་དེའི་སློབ་བསྡུའི་འཆར་གཞི་དང་ཆེད་ལས་འཆར་གཞི། ད་དུང་སློབ་གྲྭ་དེའི་གནས་ཚུལ་སོགས་ལ་རྒྱུས་ལོན་ཡག་པོ་བྱ་དགོས།
            གསུམ། རང་སྐྱོང་ལྗོངས་སློབ་གསོ་ཡིག་རྒྱུགས་ཁང་དང་སློབ་གྲྭས་ཡོངས་བསྒྲགས་བྱས་པའི་རྒྱུགས་ཐོ་འགོད་པའི་ཕྱོགས་སྟོན་དང་། སློབ་བསྡུའི་འཆར་གཞི། སློབ་བསྡུའི་སྒྲིག་ཡིག སློབ་བསྡུའི་སྐར་གྲངས་ཡོངས་བསྒྲགས་བསྡོམས་རྩིས་སོགས་ལ་ཞིབ་ཏུ་གཟིགས་དགོས།

སློབ་ཆེན་རྫུན་མ་ཡིན་མིན་དབྱེ་བ་འབྱེད་ཐབས།
            གཅིག དྲ་གནས་ཀྱི་ཆེས་མཐའ་མའི་ཡི་གེ་ལ་བལྟ་དགོས། རྒྱལ་ཁབ་ཀྱི་མཐོ་རིམ་སློབ་གྲྭའི་གཞུང་ཕྱོགས་ཀྱི་དྲ་བ་ཡིན་ན་དྲ་གནས་ཀྱི་ཆེས་མཐའ་མའི་ཡི་གེ་དེ་ནི༼.edu.cn༽ཡིན། སློབ་ཆེན་རྫུན་མ་དག་དག་གིས་བཀོད་སྤྱོད་བྱས་པའི་དྲ་གནས་ཀྱི་ཆེས་མཐའ་མའི་ཡི་གེ་དེ་ནི་༼.com༽དང་༼oip༽། ཡང་ན་༼cn༽ཡིན།
            གཉིས། སློབ་ཆེན་རྫུན་མའི་དྲ་ངོས་ཀྱི་གསར་འགྱུར་དང་བརྡ་ཁྱབ་སོགས་དུས་རྒྱུན་གསར་དུ་སྤེལ་འགོད་བྱེད་བཞིན་མེད།
            གསུམ། རྒྱལ་ཁབ་སློབ་གསོ་ཅུས་ཀྱིས་གསལ་བསྒྲགས་བྱས་པའི་མཐོ་རིམ་སློབ་གྲྭའི་མིང་ཐོ་དྲ་ཐོག་ནས་འཚོལ་ཐུབ།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1