གཞུང་ལམ་བཟང་ཞིང་སྟབས་ནི་བདེ། འཚོ་བའི་དཔལ་ནི་གོང་དུ་འཕེལ།

ཚུལ་ཁྲིམས་རྡོ་རྗེས་བྲིས། རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 08-03


དེ་ཡང་ད་ལྟའི་དུས་སུ་རྔ་བ་ཁུལ་གྱི་ཡུལ་ཕྱོགས་གང་དུ་སོང་ནའང་། རླངས་འཁོར་མི་ཐར་བའི་ཡུལ་སྡེ་ཞིག་ཕལ་ཆེར་བཙལ་ཀྱང་མི་རྙེད་པའི་ཚད་དུ་ཡོད་ལ། ཐ་ན་སྡེ་བ་དང་ཁྱིམ་ཚང་རྣམས་ཀྱི་བར་ནའང་ཨར་འདམ་གྱི་ལམ་བཟོས་པ་སོགས་འགྲོ་འདུག་ཤིན་ཏུ་བདེ་བར་གྱུར་ཡོད། ངའི་ཕ་ཡུལ་ནི་ཛམ་ཐང་རྫོང་ཀ་ཐོག་ཡུལ་ཚོ་ཡིན་ལ། ང་རང་གནས་དེར་སྐྱེས་ཤིང་། གནས་དེ་ནས་འཚར་ལོངས་བྱུང་བ་ཡིན། ང་རང་ལོ་ན་བརྒྱད་དགུ་ཙམ་གྱི་དུས་ཏེ། འདི་ནས་ཡར་བརྩིས་པའི་ལོ་ངོ་ཉི་ཤུ་ལྷག་གི་ཡར་སྔོན་དུ་ངའི་ཕ་ཡུལ་ལ་ཨར་འདམ་གྱི་གཞུང་ལམ་ཞིག་ཡོད་པ་ཕར་ཟད། ཐ་ན་ས་ལམ་བདེ་ཡངས་ཤིག་ཀྱང་མེད་པར་མ་ཟད། ཡུལ་ཚོ་གཅིག་པོར་རླངས་འཁོར་གཅིག་ཙམ་ལས་མེད།


ངའི་དྲན་པའི་ངོས་ནས་ཡལ་ཐབས་དཀའ་བ་ཞིག་ལ། ང་རང་ཕལ་ཆེར་ལོ་ན་དྲུག་བདུན་ཙམ་གྱི་དུས་སྐབས་ཤིག་ཏུ། ངའི་ཨ་ཕ་ལགས་ཀྱིས་ང་རང་རྟ་འཕོང་དུ་བཞག་ནས་རྫོང་མཁར་དུ་སོང་བ་ཡིན་ཞིང་། ངེད་ཀྱི་ཁྱིམ་ནས་རྫོང་མཁར་བར་དུ་ལེ་དབར་བཞི་བཅུ་ཙམ་ལས་མེད་ནའང་། དེ་དུས་དེང་སང་བཞིན་གྱི་གཞུང་ལམ་མེད་པས་མི་ཚད། རླངས་འཁོར་སོགས་ཀྱང་འགྲོ་མཁན་ཉུང་བས། སྔ་མོར་དུས་ཚོད་བདུན་བརྒྱད་ཙམ་གྱི་སྟེང་ནས་ལམ་དུ་ཆས་པ་ཡིན་ན། རྫོང་མཁར་དུ་ཕྱི་དྲོར་མུན་རུབ་པའི་དུས་སུ་མ་གཏོགས་བསླེབ་མི་ཐུབ་སྟེ། ཉིན་མོ་དེར་ཨ་ཕ་དང་ངེད་གཉིས་ཀྱང་ཕྱི་དྲོའི་དུས་ཚོད་བདུན་པ་ཡར་མར་ཞིག་ཏུ་མ་གཏོགས་རྫོང་མཁར་དུ་ཐོན་མ་སོང་ལ། ཉིན་གང་བོར་རྟ་འཕོང་ལ་འབྱར་ནས་ཡོང་བས། ཨོང་ཤ་ན་ཞིང་ངལ་དུབ་ཆེ་བ་དང་ངའི་དྲིན་ཆེ་བའི་ཨ་ཕ་ལགས་ཀྱང་ངོ་གདོང་ཉི་མས་ཚིག་པར་མ་ཟད། ཧ་ཅང་ཐང་ཆད་པར་གྱུར་འདུག རྫོང་གི་ཟ་ཁང་ཐབས་ཆག་ཅིག་ནས་ཕྱེ་ཐུག་ཅིག་འཐུང་པ་ཡིན་ལ། དེ་དུས་ཨ་ཕ་ལགས་ཀྱིས་མ་འོངས་པའི་ལོ་འགའ་ཞིག་ནས་གཞུང་ལམ་གྱི་སྤུས་ཀ་ཇེ་བཟང་དུ་འགྱུར་ངེས་པར་མ་ཟད། རྫོང་མཁར་དུ་འཕྲུལ་རྟ་དང་རླངས་འཁོར་སོགས་བསྐོར་ནས་འགྲོ་མཁན་ཀྱང་ཇེ་མང་དུ་འགྱུར་ཤག་རེད། དེ་དུས་རྫོང་མཁར་དུ་ཡོང་བར་འདི་འདྲའི་དཀའ་ལས་བརྒྱབ་མི་དགོས་ཁོ་ཐག་རེད་ཅེས་ངའི་མགོ་ལ་བྱིལ་བྱིལ་བྱེད་ཞོར་དེ་ལྟར་བཤད་པ་དུས་ལྟའང་དྲན་སོས་བཞིན་འདུག

ད་ལྟ་ཕྱིར་འདང་རེ་བརྒྱབ་ན། དངོས་གནས་ཨ་ཕ་ལགས་ཀྱི་སྐད་ཆ་དེ་མ་འོངས་ལུང་བསྟན་ལྟ་བུར་གྱུར་འདུག་སྟེ། ད་ལྟ་རྟ་བཞོན་ནས་རྫོང་མཁར་དུ་འགྲོ་བ་གཅིག་ཀྱང་མེད་པར་མ་ཟད། སྔར་གྱི་ས་ལམ་ཐམས་ཅད་སྣུམ་ལམ་དང་གྱུར་ཡོད་པ་དང་། གྲོང་བར་གྱི་རྐང་ལམ་རྣམས་ཀྱང་ཨར་འདམ་གྱི་ལམ་དུ་གྱུར་ཟིན་པས། འགྲོ་འདུག་ཤིན་ཏུ་བདེ་བར་གྱུར་ཡོད།


གཞུང་ལམ་ཇེ་བཟང་ནས་ཇེ་བཟང་དུ་གྱུར་པ་ལ་བརྟེན་ཏེ། འགྲིམ་འགྲུལ་ཀྱང་ཤིན་ཏུ་དར་བར་གྱུར་པ་དང་། འགྲིམ་འགྲུལ་ཇེ་དར་ནས་ཇེ་དར་དུ་གྱུར་པ་ལ་བརྟེན་ཏེ། མི་སེར་རྣམས་ཀྱི་འཚོ་བའི་ཆུ་ཚད་དང་། ལྟ་རྒྱ་མཐོང་རྒྱ་རྣམས་ཀྱང་ཇེ་བཟང་ཇེ་ཆེ་རུ་གྱུར་ཡོད། ད་ལྟ་ངེད་ཀྱི་ཁྱིམ་ནས་རྫོང་མཁར་དུ་འགྲོ་བར་དུས་ཚོད་ཕྱེད་ཀ་ཡན་ལས་མི་དགོས་པས། སྔར་རྟ་བཞོན་ནས་སོང་ནའང་དུས་ཚོད་བཅུ་གྲངས་རེ་འགོར་དགོས་པ་དེ་ད་ལྟ་དུས་ཚོད་ཕྱེད་ཀ་ཡན་གྱི་ལམ་ཐག་ཏུ་གྱུར་པ་འདི་ངོ་མཚར་ཞིང་བསམ་ཡུལ་ལས་འདས་པ་ཞིག་མ་རེད་དམ།
དེ་བཞིན་ང་རང་རྔ་ཁུལ་གྱི་ས་ཆ་མང་པོར་སོང་བ་ཡིན་ཡང་། ཡུལ་ཚོ་དང་གྲོང་རྡལ་རེ་རེར་སྣུམ་ལམ་དང་ཨར་འདམ་གྱི་ལམ་བསྐྲུན་མེད་ས་ཞིག་བཙལ་ཀྱང་མི་རྙེད་པའི་ཕལ་ཆེར་ཡོད་ལ། འགྲིམ་འགྲིལ་སྟབས་བདེ་བར་གྱུར་ཏེ། མི་སེར་རྣམས་ཀྱི་དཔལ་འབྱོར་དང་འཚོ་བའི་ཆུ་ཚད་ཀྱང་ཇེ་བཟང་དུ་གྱུར་པ་དང་སྨན་བཅོས་འཕྲོད་བསྟེན་སོགས་ཀྱི་ཆུ་ཚད་ཀྱང་ཇེ་བཟང་དུ་གྱུར་ཡོད།
གང་ལྟར་སྒྱུར་བཅོས་སྒོ་འབྱེད་བྱས་པའི་ཚུན་ནས་ད་ལྟའི་བར་དུ་ཀྲུང་གོའི་འཛིན་མའི་ཁྱོན་ཡོངས་སུ་གནམ་ས་བླ་འོག་བརྗེས་པ་ལྟ་བུའི་འཕེལ་རྒྱས་ཀྱི་འགྱུར་ལྡོག་བྱུང་ཡོད་པར་མ་ཟད། གཞུང་ལམ་འཛུགས་སྐྲུན་དང་གསར་འབྱེད་བྱས་པའི་གྲངས་ཀ་ལ་ཚད་མེད་པ་དང་། དེས་མི་སེར་རྣམས་ཀྱི་འཚོ་བར་བསྐྱལ་བའི་ཕན་འབྲས་ནི་གཞལ་དཀའ་བའི་ཚད་དུ་ངེས།
2017ལོར་གཅིག་པོར་བསམ་བློ་བཏང་ནའང་། ཁུལ་ཁོངས་ཡོངས་སུ་ཞིང་གྲོང་གི་གཞུང་ལམ་འཛུགས་སྐྲུན་གཅིག་པོར་མ་དངུལ་སྒོར་དུང་ཕྱིར་10.49ཡི་འཆར་གཞི་བཀོད་ཅིང་། ཟླ12པའི་ཟླ་མཇུག་ཏུ་ཐོན་པ་ན། མ་དངུལ་སྒོར་དུང་ཕྱིར་7བཏང་ཟིན་པ་དང་ཁུལ་ཁོངས་ཡོངས་ཀྱི་རྫོང་དང་ཡུལ་ཚོའི་བར་གྱི་གཞུང་ལམ་བསྒྱུར་བཅོས་ལེ་དབར་20དང་ཡུལ་ཚོ་དང་གྲོང་སྡེ་སོགས་ཀྱི་བགྲོད་ལམ་ལེ་དབར་600བསྒྱུར་བཅོས་གཏོང་རྒྱུའི་འཆར་གཞི་བཞག་པ་དང་། ཟླ་12པའི་ཟླ་མཇུག་ཏུ་ཐོན་པ་ན་རྫོང་དང་ཡུལ་ཚོའི་བར་གྱི་གཞུང་ལམ་ལེ་དབར་20དང་། ཡུལ་ཚོ་དང་སྡེ་བའི་བར་གྱི་བགྲོད་ལམ་ལེ་དབར་600བསྒྱུར་བཅོས་བཏང་། ཞིང་གྲོང་གི་གཞུང་ལམ་རྐྱང་བ་ཙམ་ལའང་འདི་འདྲའི་མ་དངུལ་མང་པོ་དང་། དཀའ་ལས་བརྒྱབ་པ་འདིས་རང་ཁུལ་གྱི་མ་འོངས་པའི་འཕེལ་རྒྱས་ཀྱི་ལམ་ཁ་མཐོང་ཐུབ་པར་མ་ཟད། དབུལ་བྲལ་ཕྱུག་འགྱུར་གྱི་ལམ་དུ་བསྐྱོད་དེ། ལྷ་ཡུལ་ལྟ་བུའི་བདེ་སྐྱིད་ཀྱི་འཚོ་བར་མངོན་པར་ཕྱོགས་པའི་རྟེན་འབྲེལ་མ་འཆུག་པ་ཞིག་ཏུ་སེམས་སོ། །  


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1