མྱུར་བགྲོད་གཞུང་ལམ་མྱུར་ཞིང་མགྱོགས། བོད་ཁུལ་འཕེལ་རྒྱས་དར་ཞིང་རྒྱས།

གདན་ཞུའི་གསར་འགོད་པ་བསོད་ནམས་སྐྱིད་ཀྱིས་བྲིས། རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 08-03


དཔལ་ཡོན་སྟོང་གིས་ཕྱུག་པའི་དབྱར་གཞུང་དུ། འབར་ཁམས་གྲོང་ཁྱེར་གྱི་རྒྱལ་ལམ་317འགྲམ་རྒྱུད་ཀྱི་ཝུན་འབར་མྱུར་བགྲོད་གཞུང་ལམ་ཚ་ཚ་འུར་འུར་གྱིས་ལས་བསྐྲུན་བྱེད་བཞིན་པའི་སྒང་ཡིན་ལ། རྫ་རི་མཐོན་པོའི་བར་གསེང་ན་འཁྱིལ་བའི་གཞུང་ལམ་འདི་ནི་སྤྱིར་བཏང་གི་ལམ་བུ་ཞིག་གཏན་ནས་མ་ཡིན་ཏེ། དེ་ལ་རྒྱ་རིགས་ལམ་བཟོ་བས་རྔུལ་ཆུ་བསགས་ཡོད་ལ། བོད་རིགས་མི་དམངས་ཀྱིས་རེ་སྨོན་འཆང་ཡོད། དེ་ནི་ནང་ལོགས་དང་བོད་ཁུལ་འབྲེལ་མཐུད་ཀྱི་སེམས་ཀྱི་ལམ་བུའང་ཡིན། རླབས་རྩེ་གྱེན་དུ་འཕྱུར་བའི་སོ་མང་ཆུ་བོའི་ངོགས་ཀྱི་མཐོན་པོར་བརྩིགས་པའི་མྱུར་བགྲོད་གཞུང་ལམ་གྱི་ལམ་དུམ་རེ་རེས་མི་སེམས་རབ་ཏུ་འགུལ།


དེ་ཡང་བསྒྱུར་བཅོས་སྒོ་འབྱེད་ཀྱི་ལོ་ངོ་བཞི་བཅུའི་རིང་། རྔ་བ་ཁུལ་གྱི་ལམ་ལ་གནམ་ས་བླ་འོག་བསྒྱུར་བ་ལྟ་བུའི་འཕོ་འགྱུར་བྱུང་ཡོད་ཅིང་། རི་ལམ་ཕྲ་མོ་ནས་ས་ལམ་དང་། སྣུམ་ལམ་ནས་འགྲུབ་ལ་ཉེ་བའི་མྱུར་བགྲོད་གཞུང་ལམ། རྔ་བ་ཁུལ་གྱི་འགྲིམ་འགྲུལ་སྔར་བས་བདེ་འཇགས་དང་སྟབས་བདེ་རུ་གྱུར་ཞིང་། འགྲིམ་འགྲུལ་སྐྱེལ་འདྲེན་དང་ཡུལ་སྐོར་མཉམ་འདྲེས་འཕེལ་རྒྱས་ཀྱི་རྣམ་པ་གསར་པ་ཆགས་ལ། བོད་ཁུལ་མང་ཚོགས་མཛེས་སྡུག་བདེ་སྐྱིད་ཀྱི་འཚོ་བའི་ཕྱོགས་སུ་བསྐྱོད།
ཝུན་འབར་མྱུར་བགྲོད་གཞུང་ལམ་ནི་རྔ་བ་ཁུལ་གྱི་ཝུན་ཁྲོན་ནས་འབར་ཁམས་བར་གྱི་མྱུར་བགྲོད་གཞུང་ལམ་ལ་ཟེར། G4217གྱི་ཁྲེན་ཏུའུ་ནས་ཆབ་མདོའི་བར་གྱི་མྱུར་བགྲོད་གཞུང་ལམ་གྱི་ཆ་ཤས་ཤིག་ཡིན་ཞིང་། ཝུན་ཁྲོན་རྫོང་གྲོང་གི་ལྷོ་ཕྱོགས་ཧྥེང་ཕིང་ཆུ་རགས་ནས་འགོ་ཚུགས་ཏེ། དབྱིང་ཞོའུ་དང་ཝུན་ཁྲོན་མྱུར་བགྲོད་གཞུང་ལམ་དང་འབྲེལ་ཏེ། ལིས་རྫོང་དང་མྱག་ལོ། དེ་ནས་འདབས་གྲོང་བརྒྱུད། སྤོ་དཀར་ལ་བརྒལ་ཏེ་སོ་མང་ཆུ་ནས་མར་འབར་ཁམས་ཅོག་ཙེའི་བར་རེད། ཝུན་ཁྲོན་ནས་འབར་ཁམས་བར་གྱི་མྱུར་བགྲོད་གཞུང་ལམ་དེ་2015ལོའི་ཟླ་7པར་ལམ་ཧྲིལ་པོ་ལས་འགོ་ཚུགས་ཤིང་། སྔོན་དཔག་བྱས་ན་2020ལོར་རླངས་འཁོར་ཤར་གཏོང་ཐུབ་རྒྱུ་རེད། སྐབས་དེར། ཁྲེན་ཏུའུ་གྲོང་ཁྱེར་ནས་འབར་ཁམས་བར་ད་ལྟའི་དུས་ཚོད་5ནས་དུས་ཚོད་3སྟེ་དུས་ཚོད་གཉིས་ཀྱིས་ཐག་ཇེ་ཐུང་དུ་འགྲོ་རྒྱུ་རེད།
ཝུན་འབར་མྱུར་བགྲོད་གཞུང་ལམ་ནི་སི་ཁྲོན་བོད་ཁུལ་གྱི་མྱུར་བགྲོད་གཞུང་ལམ་གཉིས་པ་ཡིན། སི་ཁྲོན་ཞིང་ཆེན་ནས་ནུབ་བྱང་ས་ཁུལ་དུ་བསྐྱོད་པའི་སྒོ་ཆེན་དང་། སི་ཁྲོན་ཞིང་ཆེན་གྱི་ནུབ་ཀྱི་བོད་ལྗོངས་དང་། ནུབ་བྱང་གི་མཚོ་སྔོན་དང་ཞིན་ཅང་ལ་འགྲོ་འོང་གི་ལམ་ཆེན་དང་། ནང་ལོགས་ནས་རྔ་བ་བོད་རིགས་ཆའང་རིགས་ཁུལ་དུ་ཕེབས་པའི་དཔལ་འབྱོར་བར་ཁྱམས་དང་འཐབ་ཇུས་བར་ཁྱམས་ཡིན་ལ། སི་ཁྲོན་ཞིང་ཆེན་རྒྱལ་ཁབ་ཀྱི་རྒྱུད་གཅིག་ལམ་གཅིག་གི་འཕེལ་རྒྱས་འཐབ་ཇུས་སུ་འདྲེས་པར་དོན་སྙིང་གལ་ཆེན་ལྡན་ཡོད། 


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1