ལུས་ཀྱི་རྩལ་སྟོབས་དར་མདོའི་གྲོང་ན་ངོམ།

རྩོམ་སྒྲིག་པ།ཡོང་ཁུངས།ཁམས་པའི་དྲ་བ། སྤེལ་དུས། 09-05


        དབྱར་མེ་ཏོག་གི་དྲི་བསུང་ཞིམ་པོ་མཐོ་སྒང་གི་རི་ཀླུང་གང་སར་ཁྱབ་ཅིང་སྟོན་འབྲུ་དྲུག་གི་སྙེ་མ་འབྲས་བཟང་གི་ཁུར་གྱིས་དུད་པའི་དབྱར་སྟོན་གཉིས་ཀྱི་དུས་མཚམས་ཤིག་སྟེ། སྤྱི་ཟླ9པའི་ཚེས3ཉིན་གྱི་སྔ་དྲོར་སི་ཁྲོན་ཞིང་ཆེན་གྲངས་ཉུང་མི་རིགས་སྲོལ་རྒྱུན་ལུས་རྩལ་འགྲན་ཚོགས་སྐབས་བཅོ་ལྔ་པ་དེ་ཁམས་ཀྱི་སྲིད་འབྱོར་རིག་གསུམ་གྱི་ལྟེ་བར་གྱུར་པའི་ཤར་དར་རྩེ་མདོའི་གཡག་རྭ་ལྟག་སྒོའི་ལུས་རྩལ་ཐང་ཆེན་ནས་དངོས་སུ་འགོ་བརྩམས་ཡོད་པ་རེད།

        གྲངས་ཉུང་མི་རིགས་ཀྱི་སྲོལ་རྒྱུན་ལུས་རྩལ་འགྲན་ཚོགས་འདི་དབུ་བརྙེས་ནས་ད་ལོའི་བར་དུ་ལོ་བརྒྱ་དང་བཅུ་གསུམ་འགོར་ཞིང་སྤྱིའི་འགྲན་ཚོགས་ཐེངས་བཅོ་ལྔ་ལ་འཚོགས་ཡོད་པ་རེད། སྤྱི་ལོ༡༩༠༥ལོར་གྲོང་ཁྱེར་ཁྲེང་ཏུའུ་ནས་སྲོལ་རྒྱུན་ལུས་རྩལ་འགྲན་ཚོགས་འདི་ཐོག་མར་དབུ་བརྙེས་ཤིང་གྲོང་ཁྱེར་དེ་གའི་ལུས་རྩལ་ཐང་བྱང་མར་འགྲན་ཚོགས་དངོས་སུ་འཚོགས། སྐབས་གཉིས་པ་དེའང་གྲོང་ཁྱེར་ཁྲེང་ཏུའུ་ལུས་རྩལ་ཐང་ལྷོ་མར་འཚོགས་པ་སོགས་གྲོང་ཁྱེར་ཁྲེང་ཏུའུ་རུ་ལུས་རྩལ་འགྲན་ཚོགས་འདི་ཉིད་སྔ་ཕྱི་ཐེངས་མ་ལྔ་ལ་འཚོགས་ཤིང་། དེ་མིན་གྲོང་ཁྱེར་ཁྲུང་ཆིང་དང་གྲོང་ཁྱེར་མེན་དབྱང་། གྲོང་ཁྱེར་ནན་ཁྲུང་། གྲོང་ཁྱེར་ཏ་ཀྲོའུ། གྲོང་ཁྱེར་ཀྲི་གོང་། གྲོང་ཁྱེར་ཧྲུན་ལིང་། གྲོང་ཁྱེར་ཕེན་ཀྲི་ཧྭ། གྲོང་ཁྱེར་དབྱི་པིང་བཅས་སུ་འཚོགས་ཤིང་། ཐེངས་འདིའི་སྐབས་བཅོ་ལྔ་པ་གྲོང་ཁྱེར་དར་མདོ་རུ་འཚོགས་པ་དེ་དཀར་མཛེས་ཁུལ་དུ་འཚོགས་ཐེངས་དང་པོ་དེ་ཆགས་ཡོད་པ་རེད།
        ཐེངས་འདིའི་གྲངས་ཉུང་མི་རིགས་ཀྱི་སྲོལ་རྒྱུན་ལས་རྩལ་འགྲན་ཚོགས་འདི་ཉིད་སྔོན་མའི་འགྲན་ཚོགས་དག་ལས་རྒྱས་སུ་བཏང་སྟེ་ལུས་རྩལ་འགྲན་བསྡུར་གཅིག་པོ་མ་ཡིན་པར། དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་གྱི་རྫོང་ཁག་འགའ་ཡི་ཐུན་མིན་གྱི་རིག་གནས་སྒྱུ་རྩལ་དང་བྲོ་གཞས་རིག་གནས་སོགས་ཀྱིས་རྒྱན་ལ་ཕྲ་བཏབ་བཞིན་ཕུན་སུམ་ཇེ་ཚོགས་སུ་བཏང་ཡོད་ལ། འགོ་ཚུགས་མཛད་སྒོ་རུ་དར་མདོ་རྒན་རབས་པའི་མཐུན་ཚོགས་ཀྱི་བྲོ་གར་སྟངས་སྟབས་ཀྱིས་སྣེ་དྲངས་ཏེ་སི་ཁྲོན་གྲངས་ཉུང་མི་རིགས་སྲོལ་རྒྱུན་ལུས་རྩལ་འགྲན་ཚོགས་སྐབས་བཅོ་ལྔ་པ་འདི་ཉིད་འགོ་བརྩམས་ཤིང་། དེ་ནས་སེར་ཤུལ་རྫོང་གི་རྩེ་མདའ་སྐོར་བྲོ་དང་། དཀར་མཛེས་ཁུལ་ལས་རིགས་ལག་རྩལ་སློབ་གྲྭ། སི་ཁྲོན་ཞིང་ཆེན་བོད་ཡིག་སློབ་གྲྭ་དང་དཀར་མཛེས་རྫོང་གི་འཐུས་ཚབ་རུ་ཁག་སོགས་ཀྱི་ལྷན་འཛོམ་ཞེས་པའི་ཞབས་བྲོ་དང་། ཕ་ཡུལ་གྱི་ལ་གླུ་སོགས་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་གྱི་ཐུན་མིན་གྱི་གླུ་གར་འཁྲབ་སྟོན་ཁྲོད་ནས་གྲོང་ཁྱེར་དང་ཁུལ་བཅུ་བཞི་ཡི་འགྲན་ཞུགས་རུ་ཁག་སོ་སོ་དང་ཤན་འབྱེད་པའི་རུ་ཁག་སོགས་རུ་བསྟར་བསྒྲིགས་ནས་ལུས་རྩལ་ཐང་ཆེན་དུ་གཤར་ཞིང་། ཁམས་ཉག་ཆུ་རྫོང་གི་ཁམས་པའི་ཕོ་སར་བརྒྱ་ཐམ་པས་ཁམས་ཀྱི་ཕོ་རྒོད་ཀྱི་རྫིག་ཉམས་དང་སྟག་ཤ་ར་ཞིག་གི་གཟི་བརྗིད་ཐོགས་ཤིང་། ཤར་རྒྱལ་མོ་ཚ་བ་རོང་གི་རོང་བྲག་རྫོང་གི་མཛེས་མ་བརྒྱ་དང་ཉི་ཤུས་རོང་བྲག་མཛེས་མའི་ལུང་པའི་གཞོན་ནུ་མའི་ལང་ཚོ་བསྣམས་ཏེ་ཐེངས་འདིའི་ལུས་རྩལ་འགྲན་ཚོགས་ཀྱི་ཡུལ་དངོས་སུ་རྒྱན་གོས་དང་ལང་ཚོ། རྫིག་ཉམས་ངོམ་ཡོད་ལ། ཐེངས་འདིར་ཕོ་རྒོད་དང་མཛེས་མ་དག་གི་སོ་སོའི་ལུས་ཀྱི་རྫིག་ཉམས་དང་ལང་ཚོའི་འཆོར་སྒེག་ངོམ་ལ། ཁོ་ཚོས་སྔོན་མ་ལྟར་ཚད་ལས་བརྒལ་བའི་རྒྱན་གོས་འཁྲབ་སྟོན་གྱི་རྣམ་པ་དག་ལས་འགྱུར་བ་ཅུང་ཕྱིན་ཡོད་དེ། ཕྱི་ལུས་ལ་བཏགས་པའི་རྡོ་ལོག་ཇེ་ཉུང་དུ་སོང་ཡོད་ལ་དེ་ནི་ནང་སེམས་པའི་ཤེས་ཚད་ཇེ་མང་དུ་སོང་བ་ལོས་ཡིན་སྙམ་པའི་དགའ་བ་བརྗོད་མི་ཤེས་པ་རེ་སྟེར་སྲིད། འཛམ་གླིང་གེ་སར་རྒྱལ་པོའི་རྟོགས་བརྗོད་ནི་འཛམ་གླིང་སྟེང་ཆེས་རིང་བའི་ལོ་རྒྱུས་སྙན་ངག་རིང་མོ་དེ་ཡིན་ལ། ད་ཐེངས་ཀྱང་འཁྲབ་སྟོན་པ་དག་གི་གླིང་གི་དཔའ་རྟུལ་ཕུ་ནུ་ཐམས་ཅད་ཀྱི་དཔའ་སྟོབས་དང་གཟི་བརྗིད་བསྣབས་ནས་འཁྲབ་སྟོན་དུ་ཞུགས་པས་རིགས་མི་གཅིག་པའི་མི་རིགས་སོ་སོའི་ལྟད་མོ་བ་ཁྲི་འབུམ་གྱིས་དགའ་བསུ་དང་བསྟོད་བསྔགས་ཐོབ་ཅིང་མི་རིགས་རིག་གནས་འདི་ཉིད་ཐེངས་འདིའི་འགྲན་ཚོགས་དག་ལས་སྐར་ཚོགས་དབུས་སུ་དུང་ཟླ་བཞིན་ལྷིང་ངེ་ལྷན་ནེར་གསལ་ནས་བྱུང་།
        གྲངས་ཉུང་མི་རིགས་སྲོལ་རྒྱུན་ལུས་འགྲན་ཚོགས་འདི་རུ་གཙོ་བོ་འཕྲུལ་གཞུ་དང་རྡོ་རྒྱག་སྤོ་ལོ། རྩེད་ཆས་འཕང་ལོ། སྨྱུག་ཤིང་སྟེང་གི་མགྱོགས་འགྲོ། མི་རིགས་ཀྱི་ཤེད་རྩལ། ཤིང་ལེབ་མཉམ་སྤོ་མགྱོགས་འགྲོ། མུ་ཏིག་སྤོ་ལོ། གླང་ཆེན་ས་བཤགས་བཅས་ཀྱི་ལུས་རྩལ་འགྲན་བསྡུར་གྱི་རྣམ་གྲངས་ཆེན་མོ་བརྒྱད་འདུས་ཤིང་། གཙོ་བོ་ལུས་པོའི་རྩལ་སྟོབས་ཀྱི་ནུས་པ་རེ་རེ་སོ་སོའི་རུ་ཁག་གི་དཔུང་དུ་འགྲེང་སྟེ་འགྲན་བསྡུར་བྱ་རྒྱུ་ཡིན་ལ། ཚེས་གསུམ་ནས་དྲུག་གི་བར་དུ་ལུས་རྩལ་གྱི་རྣམ་གྲངས་རེ་རེ་གྲོང་ཁྱེར་དར་མདོ་ཡི་ལུས་རྩལ་ཐང་སོ་སོར་འགྲན་བསྡུར་བྱ་རྒྱུ་ཡིན་ཞིང་། ཤན་འབྱེད་པ་དག་གིས་དྲང་བདེན་དང་འདྲ་མཉམ་རྩ་དོན་དུ་བཟུང་ནས་འགྲན་བསྡུར་རེ་རེ་བཞིན་ཤན་འབྱེན་བྱ་རྒྱུ་ཡིན་ལ། ཚེས་དགུའི་དགོང་མོར་གྲོང་ཁྱེར་དར་མདོའི་མི་རིགས་ལུས་རྩལ་ཁང་ནས་མཇུག་བསྡུའི་ཚོགས་འདུ་བསྡུ་རྒྱུ་ཡིན་པ་རེད།
        ཐེངས་འདིའི་སི་ཁྲོན་གྲངས་ཉུང་མི་རིགས་ཀྱི་སྲོལ་རྒྱུན་ལུས་རྩལ་འགྲན་ཚོགས་སྐབས་བཅོ་ལྔ་པ་རང་ཁུལ་དུ་སྤེལ་བ་འདིས་རང་ཁུལ་གྱི་ས་ཁུལ་རང་བཞིན་གྱི་བྲོ་གཞས་སྒྱུ་རྩལ་གང་མང་ཞིག་ཕྱི་ཕྱོགས་ཀྱི་མི་རིགས་གང་མང་གིས་རོལ་མྱོང་ཐུབ་པར་མ་ཟད། མི་རིགས་གང་མང་གི་བྲོ་གཞས་དང་ལུས་རྩལ་དག་ཀྱང་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་གྱི་རིགས་སོ་སོའི་མི་རིགས་ཁག་གི་མི་དམངས་ཀྱིས་རྒྱུས་ལོན་བྱུང་བས་ཕན་ཚུན་བསམ་བློ་བརྗེ་རེས་དང་སྲིད་འབྱོར་རིག་གསུམ་འཕེལ་རྒྱས་ལ་ཕན་འབྲས་བླ་ན་མེད་པ་འཐོབ་རྒྱུ་ཡིན་པ་རེད།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1