གཙོ་ངོས།>> སློབ་གསོ།>>སློབ་གསོའི་ཉམས་མྱོང་།

རྩོམ་སྒྲིག་པ།ཡོང་ཁུངས།ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ། སྤེལ་དུས། ༢༠༡༨ལོའི་ཟླ་བ་༠༩ཚེས་༡༡ཉིན།

༄༅།། སློབ་ཆུང་རྩིས་རིག་སློབ་ཁྲིད་བྱེད་ཐབས་སྐོར་རགས་ཙམ་གླེང་བ།

        སློབ་ཆུང་རྩིས་རིག་སློབ་ཚན་ནི་འོས་འགན་སློབ་གསོའི་སློབ་ཚན་གཙོ་བོ་ཞིག་ཡིན་ལ། སློབ་ཆུང་གི་རྨང་གཞིའི་སློབ་གསོའི་སློབ་ཚན་ཞིག་ཀྱང་རེད། སློབ་ཚན་ཚད་གཞི་གསར་པ་སྒྱུར་བཅོས་བྱས་པ་དང་བསྟུན་ནས་རྩིས་རིག་སློབ་གསོའི་ཁྲོད་དུ་འཕེལ་རྒྱས་རང་བཞིན་དང་། རྨང་གཞིའི་རང་བཞིན། ཡོངས་ཁྱབ་རང་བཞིན་བཅས་འདོན་སྤེལ་གང་ལེགས་ཐུབ་ཚེ། ཕྱོགས་གཅིག་ནས་སློབ་ཆུང་སློབ་མས་དུས་རྒྱུན་གྱི་སློབ་ཁྲིད་དང་སློབ་སྦྱོང་ཁྲོད་རྩིས་རིག་སྦྱོང་བའི་དགོས་པ་དང་རྩིས་རིག་གི་དངོས་ཡོད་རིན་ཐང་ལ་མྱོང་བ་ཟབ་མོ་སྐྱེ་ཐུབ་ལ། སློབ་ཚན་ཚད་གཞི་གསར་པའི་སྒྱུར་བཅོས་ཁྲོད་རྩིས་རིག་སློབ་ཁྲིད་ཀྱི་དམིགས་ཡུལ་ཡང་བསྒྲུབ་ཐུབ། ཕྱོགས་གཞན་ཞིག་ནས་སློབ་ཚན་ཚད་གཞི་གསར་པའི་སྒྱུར་བཅོས་ཁྲོད་དགེ་རྒན་ཚོས་རྩིས་རིག་ལ་འཛིན་པའི་འདུ་ཤེས་འགྱུར་ལྡོག་གཏོང་བ་དང་སློབ་ཁྲིད་བྱེད་ཐབས་འགྱུར་བ་གཏོང་བའི་དམིགས་ཡུལ་ཡང་མངོན་འགྱུར་ཡོང་ཐུབ། མདོར་ན་སློབ་ཚན་ཚད་གཞི་གསར་པའི་སྒྱུར་བཅོས་ལས་རྩིས་རིག་ནི་གྲངས་ཀ་རྩི་བ་དང་བསྒྱུར་བགོས་བསྡོམས་འཐེན་གྱི་མན་ངག་སྟབས་བདེ་ཞིག་ཏུ་བརྩིས་ནས་ཕྱི་ཚུལ་ཙམ་གྱི་ཞིབ་འཇུག་ཏུ་མ་སོང་བར་ཞིབ་འཇུག་གཏིང་ཟབ་དང་གནད་ལ་འཁེལ་བ་བྱས་ཏེ། སློབ་མའི་རྩིས་རིག་སྦྱོང་བའི་ཧུར་སེམས་འཕེལ་བ་བྱེད་དགོས། དེ་ལྟར་བྱུང་ཚེ་སློབ་མའི་གཞི་རྩའི་རྩིས་རྒྱག་ནུས་པ་འཕེལ་ནས་རྩིས་རིག་སྦྱངས་འབྲས་ལེགས་སུ་འགྲོ་ཐུབ་པ་དང་སློབ་མའི་ཁྱོན་ཡོངས་ཀྱི་བྱང་ཚད་དང་སྤྱི་ཡོངས་འཕེལ་རྒྱས་ཐད་ནུས་པ་གལ་ཆེན་ཐོན་ཐུབ།

དང་པོ། སློབ་ཆུང་རྩིས་རིག་སློབ་ཁྲིད་ཀྱི་ནང་དོན་འཆར་འགོད་ཐད་ལེགས་བཅོས་བྱེད་དགོས།
        དགའ་ཞེན་ནི་ཕྲུ་གུའི་དགེ་རྒན་དང་པོ་ཡིན་ཟེར་བའི་དཔེ་ལྟར། དགེ་རྒན་གྱིས་སློབ་མས་རྩིས་རིག་ལ་འཛིན་པའི་བག་ཆགས་ངན་པ་རྣམས་འགྱུར་ལྡོག་གཏོང་རོགས་བྱས་ཏེ། རྩིས་རིག་ནི་སྦྱོང་དཀའ་བ་དང་ཚིག་སྐམ་པོའི་རིག་ཚན་ཞིག་མ་ཡིན་པར་དེ་ལས་ལྡོག་སྟེ་སྐྱེ་སྟོབས་ཀྱི་དཔལ་འབར་བའི་རིག་ཚན་ཞིག་ཡིན་པའི་ངེས་ཤེས་སྐྱེ་ཐུབ་རྒྱུར་ཁྲིད་སྟོན་བྱ་དགོས་ཤིང་། སློབ་མ་ཚོས་རྩིས་རིག་ལ་དགའ་ཞེན་སླེབས་དགོས་ན་སློབ་ཁྲིད་ཀྱི་ནང་དོན་འཆར་འགོད་ལ་ལེགས་འགྱུར་བྱེད་པ་ནས་འགོ་འཛུགས་དགོས། དང་ཐོག རྩིས་རིག་དགེ་རྒན་གྱིས་འཛིན་གྲྭ་རེ་རེ་དང་སློབ་མ་རེ་རེའི་ཁྱད་ཆོས་ལ་གཞིགས་ཏེ། འཛིན་གྲྭ་སྒེར་དང་སློབ་མ་སྒེར་ལ་འཚམས་པའི་སློབ་ཁྲིད་འཆར་འགོད་བཟོ་བ་དང་། སློབ་ཁྲིད་ཀྱི་ནང་དོན་འཆར་འགོད་གང་ལེགས་བྱེད་དགོས་པ་མ་ཟད། སྔར་གྱི་སློབ་ཁྲིད་ཀྱི་རྨང་གཞིའི་ཐོག་སྒྱུར་བཅོས་དང་གསར་གཏོད་བྱས་ཏེ་སློབ་མས་རྩིས་རིག་གི་རིག་ཚན་དེར་དགའ་ཞེན་སླེབས་པ་བྱེད་དགོས། དེ་དང་ཆབས་ཅིག་དགེ་རྒན་གྱིས་འཛིན་གྲྭའི་ནང་རྩིས་རིག་སྦྱོང་བའི་རྣམ་པ་བཟང་པོ་ཞིག་གཏོད་དགོས། དཔེར་ན་བློར་འཛིན་བྱའི་རྩིས་རིག་གི་སྤྱི་འགྲོས་ནག་པང་ཆུང་ཆུང་ཐོག་འབྲི་བ་སོགས་བྱས་ཚེ་ཁོར་ཡུག་གི་ཞུན་བརྡར་ཐེབས་ནས་སློབ་མས་རྩིས་རིག་ལ་འཛིན་པའི་བག་ཆགས་ངན་པ་རིམ་བཞིན་འགྱུར་ཐུབ། སློབ་ཁྲིད་ཀྱི་བརྒྱུད་རིམ་ནང་དགེ་རྒན་གྱིས་སློབ་མར་གསར་གཏོད་རང་བཞིན་གྱི་དྲི་གཞི་བཏོན་ནས་སློབ་མའི་གསར་གཏོད་ནུས་པ་སྔོག་འདོན་བྱེད་དགོས། སྤྱི་འགྲོས་སློབ་སྐབས་རྩིས་གཞི་རེ་རེ་བཞིན་དུ་མི་རྩི་བར། རྙོག་འཛིང་ཆེ་བའི་སྤྱི་འགྲོས་སྟབས་བདེ་རུ་བཏང་ནས་སློབ་མས་ངེས་བདེ་པོ་ཡོང་བར་བྱེད་དགོས། དེའི་དམིགས་ཡུལ་ནི་སློབ་མས་སྤྱི་འགྲོས་ཁོ་ནར་མགོ་འཁོར་ནས་མ་བསྡད་པར་རྩིས་རིག་ཤེས་བྱ་སྦྱོང་བའི་ཐབས་ཤེས་དང་བསམ་གཞིག་ནུས་པ་གསོ་སྐྱོང་བྱེད་པའི་ཆེད་དུ་ཡིན། སློབ་མས་རྩིས་རིག་གི་བསམ་གཞིག་ནུས་པར་བརྟེན་ནས་སློབ་སྦྱོང་དང་འཚོ་བའི་ནང་གི་གནད་དོན་ཐག་གཅོད་ཐུབ་ལ་རྩིས་རིག་གི་བསམ་གཞིག་ནུས་པ་དང་དོན་དངོས་འཚོ་བའི་བར་འབྲེལ་བ་དམ་ཟབ་ཡོད་པའང་ཁོངས་སུ་ཆུད་ཐུབ།

གཉིས་པ། སློབ་ཆུང་རྩིས་རིག་སློབ་ཁྲིད་ཀྱི་ཁོར་ཡུག་བཟང་པོ་བསྐྲུན་དགོས།
        སློབ་མ་རྣམས་བློ་རྩེ་གཅིག་སྒྲིམ་ངང་སློབ་སྦྱོང་ལ་འཇུག་ཆེད། སློབ་མར་སློབ་སྦྱོང་གི་ཁོར་ཡུག་དང་ཁ་དབུགས་བཟང་པོ་ཞིག་བསྐྲུན་དགོས། ཁོར་ཡུག་གིས་མིའི་གནས་སྟངས་ལ་ཤུགས་རྐྱེན་ཆེན་པོ་ཐེབས་ཐུབ་པས་ཁོར་ཡུག་བཟང་པོའི་ནང་སློབ་མས་བློ་རྩེ་གཅིག་སྒྲིམ་གྱིས་སློབ་སྦྱོང་བྱེད་ཐུབ། སློབ་ཚན་ཚད་གཞི་གསར་པའི་ཁོར་ཡུག་འོག སློབ་མ་ནི་སློབ་སྦྱོང་བྱེད་པ་པོ་དང་བདག་པོ་ཡིན་ཞིང་། དགེ་རྒན་ནི་སློབ་སྦྱོང་གི་བརྒྱུད་རིམ་ཁྲོད་ཀྱི་སློབ་སྟོན་པ་ཡིན་པས་སློབ་མས་སོ་སོའི་ཁ་འཐོར་རང་བཞིན་གྱི་བསམ་གཞིག་ནུས་པ་འདོན་སྤེལ་གང་ལེགས་བྱེད་དགོས་པ་དང་། སློབ་ཁྲིད་ནང་དགེ་རྒན་ལ་དྲི་བ་གསར་པ་འདོན་ཐུབ་པ་བྱས་ཏེ། དྲི་ལན་འདེབས་སྟངས་ཀྱི་བསམ་གཞིག་གསར་པ་དང་ཐབས་ཤེས་གསར་པ་གང་མང་མཁོ་འདོན་བྱས་ནས། སློབ་ཚན་ཐོག་སློབ་མ་ཡོངས་ཀྱི་ཧུར་བརྩོན་ནུས་པ་སྐུལ་སློང་དང་བསམ་བློའི་ནུས་པ་སྐྱེད་སྲིང་བྱེད་དགོས། སློབ་མ་ཚང་མར་དྲི་གཞི་རྩི་བའི་ཐབས་ལམ་མི་འདྲ་བ་རེ་ཡོད་པས་སློབ་མ་ཚོའི་ཚོར་འདུ་སྐྱེན་པའི་བསམ་གཞིག་དགོས་མཁོ་ཆེན་པོ་ཡོད། ཕྱོགས་མི་འདྲ་བའི་སྒོ་ནས་རྩིས་རིག་དྲི་གཞིར་དྲི་ལན་བཏབ་ཚེ། རིགས་མི་འདྲ་བའི་དྲི་ལན་འདེབས་ཐུབ། དགེ་རྒན་ནི་སློབ་སྟོན་པ་ཡིན་པས་སློབ་མའི་བསམ་གཞིག་ནུས་པར་ཁྲིད་སྟོན་ཧུར་ཐག་བྱེད་པ་དང་སློབ་མའི་བསམ་གཞིག་ནུས་པ་ཕྱོགས་ལྷུང་ཡིན་ཚེ་དགེ་རྒན་གྱིས་དུས་ཐོག་ཏུ་ཁྲིད་སྟོན་དང་ཡོ་བསྲང་བྱེད་དགོས། དགེ་རྒན་གྱིས་འཛིན་གྲྭའི་གྱང་ངོས་སུ་རྩིས་རིག་དང་འབྲེལ་བའི་གདམས་ངག་དཔེར་ན་རྩིས་རིག་ཁྲོད་ནས་ཐབས་ཤེས་དང་གོ་བ་གསར་པ་བླངས་ཐུབ་པ་བྱ་རྒྱུ་ནི་རྩིས་ཕྲེང་ཞིག་རྩི་ཐུབ་པ་ལས་གལ་ཆེའོ་སོགས་པ་བཀལ་དགོས། དབྱིབས་རྩིས་ཀྱི་སློབ་ཚན་ལ་དགེ་རྒན་གྱིས་དཔེ་དབྱིབས་བཏོན་ནས། སློབ་མ་ཚོར་ལག་ལེན་བྱེད་བཅུག་པ་ལས་བསམ་བློ་ཁོ་ན་གཏོང་བཅུག་རྒྱུ་མེད། ལངས་གཟུགས་ཀྱི་བསམ་གཞིག་ལ་བརྟེན་ནས་དགེ་རྒན་གྱི་ཁྲིད་པའི་དབྱིབས་རྩིས་ནང་དོན་ལ་གོ་བ་ལོན་པ་དང་ལག་ལེན་ཁྲོད་སློབ་སྦྱོང་བྱས་ཚེ་སློབ་མས་དབྱིབས་རྩིས་ཀྱི་ཤེས་བྱར་གོ་བ་གཏིང་ཟབ་ལོན་ཐུབ།

གསུམ་པ། སློབ་ཆུང་རྩིས་རིག་སློབ་ཁྲིད་སྐབས་ཁམས་དང་མོས་པར་བསྟུན་མཁས་བྱེད་དགོས།
        ཁམས་དང་མོས་པར་བསྟུན་པའི་བྱེད་ཐབས་སློབ་ཆུང་སློབ་གསོའི་ཁྲོད་སྤྱད་པས་སློབ་ཆུང་གི་རྨང་གཞིའི་སློབ་གསོར་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་ཡོད། ཁམས་དང་མོས་པར་བསྟུན་པའི་སློབ་ཁྲིད་བྱེད་ཐབས་ཀྱིས་སློབ་མ་རྩིས་རིག་ལ་དགའ་ཞེན་ཆེན་པོ་སླེབས་ཐུབ་པ་མ་ཟད་སོ་སོའི་བསམ་ཤེས་ཀྱི་ནུས་པ་དང་གསར་གཏོད་ཀྱི་ནུས་པ་འཕེལ་ཐུབ། སློབ་ཁྲིད་བྱེད་སྟངས་དེའི་ཁྲོད་དེང་རབས་ཀྱི་དགེ་སློབ་འབྲེལ་བ་གསལ་པོར་བཟོས་ཏེ། དགེ་རྒན་ལྟེ་བར་འཛིན་པའི་སྲོལ་རྒྱུན་ནས་སློབ་མ་ལྟེ་བར་འཛིན་པའི་དེང་རབས་ཀྱི་དགེ་སློབ་འབྲེལ་བར་འཕོ་འགྱུར་ཡོང་བ་བྱས་ཏེ། སློབ་མ་ཁམས་དང་མོས་པར་བསྟུན་པའི་སློབ་གསོར་རང་འགུལ་གྱིས་ཧུར་ཐག་ངང་ཞུགས་དགོས་པ་དང་། སློབ་ཁྲིད་གསར་པའི་བརྒྱུད་རིམ་ཁྲོད་དགེ་རྒན་གྱིས་སློབ་མ་དང་འབྲེལ་འདྲིས་བྱ་རྒྱུར་དོ་སྣང་དེ་བས་མང་བ་བྱེད་དགོས། སློབ་མའི་བསམ་བློའི་འཁྱེར་སོ་ཤེས་པ་བྱས་ནས་དགེ་སློབ་བར་གྱི་འབྲེལ་བ་བཟང་པོ་ཞིག་འཛུགས་པའི་ནུས་པ་རང་འགུལ་ངང་སྐྱེད་སྲིང་བྱེད་པ་དང་དུས་མཚུངས། ཁམས་དང་མོས་པར་བསྟུན་པའི་སློབ་གསོའི་བརྒྱུད་རིམ་ཁྲོད་སློབ་མས་བློ་རྩེ་གཅིག་སྒྲིམ་གྱིས་སློབ་ཚན་ཉན་ཏེ་རང་ཉིད་ནི་དྲི་གཞིའི་ཐ་དག་ལ་ལན་བཏབ་ཐུབ་མཁན་དེ་ཡིན་པར་ངོས་འཛིན་བྱེད་དགོས་ཤིང་། གལ་ཏེ། རང་ཉིད་ལ་གནད་དོན་དེ་དག་འཕྲད་ཚེ་ཇི་ལྟར་ཐག་གཅོད་བྱེད་པའི་ཐད་བསམ་གཞིག་བྱེད་དགོས། དགེ་རྒན་གྱིས་སློབ་མའི་བརྩེ་བ་གསོ་སྐྱོང་བྱེད་པར་མཐོང་ཆེན་བྱས་ཏེ། སློབ་ཆུང་རྩིས་རིག་སྦྱངས་འབྲས་ཡག་ཏུ་འགྲོ་བ་དང་དུས་མཚུངས་ཁྱོན་ཡོངས་ནས་གོང་འཕེལ་ཡོང་བ་བྱེད་དགོས། དགེ་རྒན་གྱིས་ཁམས་དང་མོས་པར་བསྟུན་པའི་དྲི་གཞི་བཀོད་སྒྲིག་བྱེད་སྐབས་འཛིན་གྲྭའི་སློབ་མ་སྒེར་གྱི་ཁྱད་ཆོས་གཞིར་བཟུང་གཏན་འཁེལ་བྱེད་པ་དང་། འཛིན་གྲྭ་ཡོངས་ཀྱི་རྒྱབ་ལྗོངས་དང་མཐུན་པ་བྱེད་རྒྱུ་རྨང་གཞིར་བཞག་དགོས། དེ་ལྟར་བྱུང་ཚེ་སློབ་མའི་ཧུར་བརྩོན་ནུས་པར་སྐུལ་འདེད་ཐེབས་ནས་ཚ་ཚ་འུ་འུར་གྱི་སློབ་ཁྲིད་ལ་ཞུགས་ཐུབ། ཚང་མས་མཉམ་དུ་ཧུར་བརྩོན་གྱིས་ཁམས་དང་མོས་པར་བསྟུན་པའི་སློབ་ཁྲིད་ནང་ཞུགས་ཚེ། སློབ་མའི་སེམས་ནུས་ཡོད་ཚད་འདོན་སྤེལ་བྱེད་ཐུབ།
        ཤེས་བྱ་རྩ་བར་འཛིན་པ་ནས་མི་རྩ་བར་འཛིན་པའི་ལོ་རྒྱུས་ཀྱི་འཕེལ་རིམ་ཁྲོད། སྐབས་འགར་དགེ་རྒན་གྱིས་ཤེས་བྱའི་གལ་ཆེན་རང་བཞིན་ནན་བཤད་ཚད་ལས་འདས་པ་བྱས་པ་ཙམ་ལས་སློབ་སྦྱོང་གི་ལག་ལེན་རང་བཞིན་ལ་ནན་བཤད་བྱ་རྒྱུ་མི་འདང་བའི་རྐྱེན་གྱིས་སློབ་མས་རྩིས་རིག་ལ་དགའ་ཞེན་མེད་པར་གྱུར་གྱི་ཡོད། སློབ་ཚན་ཚད་གཞི་གསར་པའི་སྒྱུར་བཅོས་བརྒྱུད་དགེ་སློབ་གཉིས་ཀས་རྩིས་རིག་གི་རིན་ཐང་དངོས་ལ་ངོས་འཛིན་ཡང་དག་བྱུང་ན། རྩིས་རིག་ལ་དེ་བས་གཏིང་ཟབ་པའི་སྒོ་ནས་ཞིབ་འཇུག་བྱེད་པའི་འདུན་པ་ཤུགས་ཆེར་འཕེར་ངེས་ལགས།
        མདོར་ན། སློབ་ཚན་ཚད་གཞི་གསར་པའི་སྒྱུར་བཅོས་འོག རྩིས་རིག་སློབ་སྦྱོང་གི་བརྒྱུད་རིམ་དེ་བས་འཐུས་སྒོ་ཚང་བ་དང་། དེ་བས་ཞིབ་ཕྲ་ཡོང་བར་གཅིག་ནས་དགེ་རྒན་གྱིས་ཕྱོགས་མང་པོའི་ཐད་ནས་སློབ་མའི་ནུས་པ་གསོ་སྐྱོང་བྱེད་དགོས་ཤིང་། བློ་ཁོག་ཆེན་པོས་སྲོལ་རྒྱུན་གྱི་རྩིས་རིག་སློབ་ཁྲིད་བྱེད་ཐབས་ལེགས་བཅོས་བྱེད་དགོས་ལ། འཚོལ་ཞིབ་ཀྱི་ཁྲོད་ནས་གནད་དོན་ཤེས་རྟོགས་ཐུབ་པ་དང་གནོད་དོན་དུས་ཐོག་ཏུ་ཡོ་བསྲང་ཐུབ་པ་བྱེད་དགོས། གཉིས་ནས་འཛིན་གྲྭའི་སློབ་མ་ཡོངས་ལ་འཚམས་པའི་སློབ་ཁྲིད་ཀྱི་འཆར་འགོད་བཟོ་བ་དང་ལྷག་པར་དུ་སློབ་མས་དགའ་ཞེན་ཡོད་པའི་སྒོ་ནས་སློབ་སྦྱོང་བྱེད་པ་དང་སློབ་སྦྱོང་གི་ཁྲོད་ནས་དགའ་ཞེན་སླེབས་པ་བྱེད་དགོས། གསུམ་ནས་སློབ་མ་གཙོ་བོར་འཛིན་རྒྱུ་མཐའ་འཁྱོངས་ཀྱིས་གསར་གཏོད་ཀྱི་རྣམ་པའི་ཐོག་ནས་སློབ་ཚན་ཚད་གཞི་གསར་པའི་སློབ་ཆུང་རྩིས་རིག་གི་སློབ་གསོ་སློབ་ཁྲིད་ལེགས་འགྲུབ་ཡོང་བ་བྱས་ཏེ་སློབ་མ་ཁྱོན་ཡོངས་ནས་གོང་འཕེལ་འགྲོ་བར་སྐུལ་འདེད་གཏོང་དགོས།

--    --

39.7K

ཐག་རག་ཡིག་བསྒྱུར་མ་ལག

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས།蜀ICP备14009601号-1