མཐོ་སློབ་སློབ་ཐོན་སློབ་མའི་རང་རྟེན་གསར་གཏོད་ལས་གཏོད་སྐུལ་འདེད་ཧུར་ཐག་གཏོང་དགོས།

རྩོམ་སྒྲིག་པ།ཡོང་ཁུངས།ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ། སྤེལ་དུས། 10-08


        མཐོ་སློབ་སློབ་ཐོན་སློབ་མའི་རང་རྟེན་གསར་གཏོད་ལས་གཏོད་ལ་སྐུལ་འདེད་གཏོང་རྒྱུ་དེ་གསར་གཏོད་ཀྱི་སྙིང་སྟོབས་སྐྱེད་སྲིང་དང་རང་ངོས་ཀྱི་རིན་ཐང་མངོན་འགྱུར་ལ་ཕན་པ་ཡོད་པ་མ་ཟད། ད་དུང་གསར་གཏོད་པའི་ཕུགས་འདུན་མངོན་འགྱུར་ཐུབ་པ་དང་དུས་མཚུངས། ལས་ཞུགས་ལས་གནས་དེ་བས་མང་བ་གཏོད་ཐུབ་པས་ཚད་གཞི་ངེས་ཅན་ཞིག་གི་ཐོག་ནས་ཉིན་བཞིན་ཛ་དྲག་ཏུ་འགྲོ་བའི་ལས་ཞུགས་ཀྱི་གནོན་ཤུགས་ཞི་ལྷོད་དུ་གཏོང་ཐུབ། མཐོ་སློབ་སློབ་ཐོན་སློབ་མའི་རང་རྟེན་གསར་གཏོད་དང་ལས་ཞུགས་ལ་སྐུལ་འདེད་གཏོང་རྒྱུའི་སྐོར་ལ་སྨྱུག་འཛིན་པར་ངོས་འཛིན་གཉིས་ཡོད་པ་གཤམ་གསལ་ཏེ།
        གཅིག་ནས་མཐོ་རིམ་སློབ་གྲྭའི་གསར་གཏོད་ལས་གཏོད་ཀྱི་སློབ་གསོའི་ལས་དོན་ལ་སྐུལ་འདེད་ཤུགས་ཆེན་གཏོང་དགོས། མཐོ་རིམ་སློབ་གྲྭར་གསར་གཏོད་ལས་གཏོད་སློབ་གསོར་སྐུལ་འདེད་ཤུགས་ཆེན་བཏང་ནས་མཐོ་རིམ་སློབ་གསོ་ཚན་རིག་དང་མཐུན་པའི་སྒོ་ནས་གོང་འཕེལ་འགྲོ་རྒྱུར་སྐུལ་འདེད་གཏོང་བ་དང་། སློབ་གསོ་སློབ་ཁྲིད་སྒྱུར་བཅོས་ཟབ་ཏུ་གཏོང་བ། ཤེས་ལྡན་མི་སྣ་གསོ་སྐྱོང་གི་སྤུས་ཚད་མཐོ་རུ་གཏོང་བ་བཅས་བྱས་ནས་སློབ་མའི་སྤྱི་ཚོགས་ཀྱི་འགན་འཁྲི་འཁུར་སེམས་དང་། གསར་གཏོད་ཀྱི་སྙིང་སྟོབས། ལས་གཏོད་ཀྱི་འདུ་ཤེས། ལས་ཞུགས་ཀྱི་འཇོན་ཐང་བཅས་ལ་ཤུགས་སྣོན་རྒྱག་དགོས། གསར་གཏོད་ལས་གཏོད་ཀྱི་ལག་ལེན་བྱེད་སྒོ་གཏིང་ཟབ་སྤེལ་ནས་མཐོ་རིམ་སློབ་གྲྭས་གསར་གཏོད་ལས་གཏོད་ཀྱི་འགྲན་བསྡུར་ཆེན་པོ་དང་འཆད་ཁྲིད་གཉེར་བ་སོགས་ཀྱི་བྱ་ཐབས་སྣ་མང་བརྒྱུད། སློབ་མའི་གསར་གཏོད་ལས་གཏོད་ཀྱི་ཤེས་བྱ་དང་ཉམས་མྱོང་ཕུན་སུམ་ཚོགས་སུ་གཏོང་བ་དང་འབྲེལ། སློབ་མའི་གསར་གཏོད་ཀྱི་སྙིང་སྟོབས་འཕེལ་བ་དང་ལས་གཏོད་ཀྱི་འཇོན་ཐང་ཆེ་རུ་གཏོང་དགོས།
        གཉིས་ནས་སློབ་གྲྭ་ཆེ་མོ་བའི་རང་རྟེན་ལས་གཏོད་ལ་རོགས་སྐྱོར་བྱེད་པའི་སྲིད་ཇུས་སྔར་བས་དོན་འཁྱོལ་དང་འཐུས་སྒོ་ཚང་དུ་བཏང་ནས་ལས་གཏོད་ཀྱི་་མཛུབ་ཁྲིད་དང་ལས་དོན་གྱི་ཞབས་འདེགས་ལ་ཤུགས་སྣོན་རྒྱག་དགོས། ལས་གཏོད་ལ་རོགས་སྐྱོར་གྱི་སྲིད་ཇུས་དོན་འཁྱོལ་ཏན་ཏིག་བྱས་ནས་མཐོ་སློབ་སློབ་ཐོན་སློབ་མས་ཁེ་ལས་ཐོག་མར་གཉེར་སྐབས་ལས་རིགས་ཀྱི་ཁྱད་ཆོས་གཞིར་བཟུང་། མ་དངུལ་དང་མི་སྣ་སོགས་ཀྱི་འཇུག་འཐུས་ཚད་གཞི་བཀོད་སྒྲིག་ལུགས་མཐུན་བྱེད་པ་དང་འབྲེལ། ཐོ་འགོད་མ་དངུལ་དུས་དབྱེ་དམིགས་སར་འབྱོར་བར་བྱེད་དགོས། མཐོ་སློབ་སློབ་ཐོན་སློབ་མས་བཅའ་ཁྲིམས་དང་ཁྲིམས་སྲོལ་གཏན་འབེབས་ཀྱི་ཆ་རྐྱེན་དང་། གོ་རིམ། གན་རྒྱའི་ཁ་ཆད་བཅས་གཞིར་བཟུང་། ཁྱིམ་ཚང་གི་སྡོད་གནས་དང་། བོགས་གཏོང་ཁང་པ། གནས་སྐབས་ཚོང་སྤྱོད་ཁང་པ་སོགས་ལས་གཏོད་གཉེར་སྐྱོང་བྱ་ཡུལ་དུ་བརྩིས་ནས་མཐོ་སློབ་སློབ་ཐོན་སློབ་མའི་ལས་གཏོད་ལ་རོགས་སྐྱོར་བྱེད་དགོས།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1