༄༅།། ཙོག་ཡུན་རིང་ན་ཀླད་པའི་ཁྲག་རྒྱུན་ཇེ་ཉུང་དུ་འགྲོ་བ།

རྩོམ་སྒྲིག་པ།ཡོང་ཁུངས།མཚོ་སྔོན་བོད་ཡིག་གསར་འགྱུར། སྤེལ་དུས། 10-09


        ཙོག་ཡུན་རིང་ན་ལུས་པོའི་བདེ་ཐང་ལ་གནོད་པ་ཀུན་གྱིས་ཤེས་པ་སྟེ།ཙོག་ཡུན་རིང་ན་ལུས་པོའི་ལྗིད་ཚད་ཇེ་མཐོར་འགྲོ་བར་མ་ཟད།ད་རུང་སྒལ་བ་ན་ཞིང་རྐང་པོའི་ནད་དང་དབང་རྩའི་མ་ལག་གི་ནད་མང་པོ་འབྱུང་སྲིད།ཨ་མེ་རི་ཁའི《གསོ་རིག་འཕྲལ་འདོན་ཚགས་པར》སྟེང་ཉེ་ཆར་བཀོད་པ་ལྟར་ན།དབྱིན་ཇིའི་ལི་ཝུའུ་ཕུའུ་ཡོ་ཧན་མོར་སི་སློབ་ཆེན་གྱི་ཞིབ་འཇུག་པས་ཙོག་ཡུན་རིང་ན་ཀླད་པའི་ཁྲག་གི་བཞུར་ཚད་ཀྱང་ཇེ་ཉུང་དུ་འགྲོ་བཞིན་པའི་གནས་ཚུལ་ཤེས་པ་རེད།
        ཞིབ་འཇུག་པས་ཚོད་ལྟར་ཞུགས་མཁན་རྣམས་ཉིན་རེར་དུས་ཚོད4ཡི་རིང་ཙོག་དགོས་པའི་ལས་ཀར་ཞུགས་སུ་བཅུག་རྗེས།དེ་དག་ལ་ཚོད་ལྟ་ཐེངས་གསུམ་ལ་བྱས།ཚོད་ལྟ་དང་པོའི་ཁྲོད་དུ།ཚོད་ལྟར་ཞུགས་མཁན་རྣམས་གཅིན་གཏོང་བའི་སྐབས་ཁོ་ནར་མ་གཏོགས་ཡུན་རིང་པོར་ཙོག་ནས་ལས་ཀར་ཞུགས་དགོས་པ་དང་།ཚོད་ལྟ་གཉིས་པའི་ཁྲོད།ཁོ་ཚོ་སྐར་མ30རེ་ཡི་ནང་དུ་ཐེངས་གཅིག་ལ་ཡར་ལངས་ཏེ་སྐར་མ་གཉིས་རིང་འཆམ་འཆམ་ལ་འགྲོ་རུ་བཅུག ཚོད་ལྟ་གསུམ་པའི་ཁྲོད།ཁོ་ཚོ་དུས་ཚོད་གཉིས་རིང་ཙོག་རྗེས།ཡར་ལངས་ནས་སྐར་མ8རིང་འཆམ་འཆམ་བྱེད་དུ་བཅུག་པ་རེད།ཚོད་ལྟ་རེ་རེའི་ཁྲོད་དུ་ཚོད་ལྟར་ཞུགས་མཁན་ལ་ཚད་འདས་སྒྲ་རླབས་ཀྱིས་བརྟག་དཔྱད་དང་ཀླད་པའི་ཁྲག་རྒྱུག་ལ་ཚད་འཇལ་བྱས་པ་ན།ཚོད་ལྟ་ཐེངས་གསུམ་ཁྲོད་ཀྱི་ཚོད་ལྟར་ཞུགས་མཁན་ཡོངས་རྫོགས་ཀྱི་ཀླད་པའི་ཁྲག་གི་རྒྱུག་ཚད་ཇེ་དམའ་རུ་སོང་ཡོད་མོད།འོན་ཀྱང་འཆམ་འཆམ་དུ་འགྲོ་བ་དེས་ཁྲག་གི་རྒྱུག་ཚད་སླར་གསོ་བྱེད་ཐུབ་ཀྱིན་ཡོད་པས།ཆེས་བཟང་ན་སྐར་མ30ཡི་ནང་དུ་ཡར་ལངས་ནས་སྐར་མ་གཉིས་ལ་འཆམ་འཆམ་དུ་སོང་ན་བཟང་ངོ་། །


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1