༄༅། །མཆིན་ནད་ལྡེམ་བུའི་འགོག་བཅོས་ཤེས་བྱ།

རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 09-10


  

            དེ་ཡང་བོད་ཀྱི་གསོ་རིག་གི་ནད་ཐོག་ལག་ལེན་སྟེང་མཐོང་བ་མང་ཞིང་བཅོས་དཀའ་བའི་མཆིན་ནད་བཅོ་བརྒྱད་དུ་བགྲང་བ་ལས་མཆིན་ནད་ལྡེམ་བུ་ཟེར་བ་ནི།མཆིན་ཚད་བྱུང་ནས་ཅུང་འགོར་ཡོད་པ་དང་།རང་ཉིད་ལ་གསལ་མི་གསལ་གྱི་ནད་རྟགས་ཅུང་ཡོད་པ།ཟས་སྤྱོད་ལུས་ཁམས་དང་མི་མཐུན་པ་བསྟེན་པ་ལས་བསླངས་པ་སོགས་ཀྱི་མཆིན་ཚད་རང་བཞིན་གྱི་འགོ་ནད་ཅིག་ཡིན།

            མཆིན་ནད་ལྡེམ་བུའི་སློང་རྐྱེན་ནི།རྒྱུན་དུ་ཆང་རག་མང་བོ་འཐུང་བ་དང་།ཟས་སྐོམ་ཚ་སྐྱུར་དང་སྣུམ་རིགས་བསྟེན་དྲག་པ།མཁྲིས་ནད་གསོ་བཅོས་མ་བྱས་པར་ཡུན་རིང་འགོར་བ། ཕོ་བར་དྭངས་མའི་ནུས་པ་ཤོར་བ། ལྷག་པར་དུ་ནད་འདི་ཡོད་པའི་ནད་པར་འབྲེལ་འདྲིས་བྱེད་སྐབས་གཙང་སྦྲར་དོ་སྣང་མ་བྱས་པ་སོགས་ཀྱིས་ནད་འདི་སློང་གིན་ཡོད།
            མཆིན་ནད་ལྡེམ་བུའི་ནད་རྟགས་ནི།མཆིན་པར་ན་ཟུག་ཡོད་པ་མི་ཚོར་བ་དང་།གཉིད་མི་ཁུག་པ།ལུས་ཁམས་ལྕི་ལ་ཐང་ཆད་པ། ཟས་ལ་དང་ག་མེད་པ།ཁྲག་ཤེད་མར་ཆག་པ།མགོ་ཡུ་འཁོར་བ།བཤལ་སྐྱུགས་བྱེད་པ།ཤ་མདོག་སྐྱ་སེར་དང་སྨུག་སྐྱའི་མདོག་མངོན་པ།ཟས་མི་འདོད་ཅིང་འཇུ་སྟོབས་ཆུང་བས་རིམ་གྱིས་ཁྲག་འབྲོས་ཤ་རུས་ཁད་ཀྱིས་སྐམ་པ་བཅས་ཀྱི་ནད་རྟགས་མངོན།ཁྱད་པར་གྱི་བརྟག་དཔྱད་ལས།འཕར་རྩ་རྒྱུ་བ་ཕྲ་ལ་བྱིས་ཞིང་ཀན་རྩ་གཉིས་ཅུང་གྲིམ་པ་དང་།དྲི་ཆུའི་མདོག་དམར་སེར་ཡིན་པ།མིག་སྤྲིན་ཅུང་སེར་བ།ལྕེ་མདོག་སྐྱ་སེར་ཆགས་པ་བཅས་ཡིན།
            མཆིན་ནད་ལྡེམ་བུ་སྔོན་འགོག་བྱེད་ཐབས་ནི།རྒྱུན་དུ་ཆང་རག་ཉུང་ཙམ་འཐུང་བ་དང་།ཚ་སྐྱུར་རིགས་ཉུང་ཉུང་ཟ་བ།ནད་འདི་བྱུང་བའི་ནད་པར་འབྲེལ་འདྲིས་ཉུང་ཙམ་བྱེད་པ། ཡོ་བྱད་དང་དཀར་ཡོལ་ཁ་ཟས་སོགས་མི་བསྲེས་པར་གཙང་སྦྲ་ལེགས་པོ་བྱེད་པ།ནད་པ་དེ་རིགས་ཀྱིས་བཀོལ་པའི་གཙགས་ཁབ་ལ་དུག་སེལ་གང་ལེགས་བཅས་བྱེད་དགོས། 
            གསོ་བཅོས་བྱེད་ཐབས་ནི།ཐོག་མར་ཉིན་འགར་ཨ་རུ་ཁྲུས་ཐང་གིས་གསུས་པ་བཤལ་ནས། མཆིན་མཁྲིས་དང་། ཕོ་ཡུལ་གྱི་དྭངས་མའི་སྙིགས་མ་མི་གཙང་བ་རྣམས་ཕྱིར་ཕུད་ན་ཕན་ལ། དེ་རྗེས་སྔ་དྲོར་གུར་གུམ་མཆོག་བདུན་ཚད་ལྡན་སྦྱར་བ་བསྟེན་པ་དང་།ཉིན་གུང་དུ་བོང་དཀར་བཅུ་གསུམ་སྟེང་དོམ་མཁྲིས་ཁ་ཚར་བཏབ་སྟེ་ཆུ་ཁོལ་གྱིས་འཐུང་ན་མཆིན་མཁྲིས་ཀྱི་གཉན་ཚད་འཇོམས་ལ། ཕྱི་དྲོ་བྲག་ཞུན་ལྔ་བ་ཚད་ལྡན་དང་ཡང་ན་ཟླ་ཤེལ་བདུད་རྩི་མ་ཚད་ལྡན་བསྟེན་པ་དང་། ཟས་ཀྱི་དང་ག་ཞན་པ་དང་། ཕོ་མཆིན་མི་བདེ་བ་ལ་ཞི་གསེར་བསྟེན་པ། ཡང་ན་རྐང་མཐིལ་ལག་མཐིལ་དུ་ཚ་བ་སྐྱེས་ན།དགུང་མོ་མ་ནུ་བཞི་ཐང་ལ་གཡུ་རྙིང་ཅུར་ནུས་རྟག་སྤྲོད་བྱས་ནས་བསྟེན་ན་བཟང་།ཞོར་དུ་ཉིན་གསུམ་རེའམ་ཉིན་གཉིས་རེར་གཡུ་རྙིང་ཉེར་ལྔ་དང་དབང་རིལ་ཉེར་ལྔ་རེས་མོས་ཀྱིས་བསྟེན་ན། མཆིན་དུག་འཇོམས་པར་ཕན།  སྤྱིར་ནད་འདི་བཅོ་དཀའ་བར་མ་ཟད།ནད་རྔ་མི་ལོན་པའི་ནད་སྡུག་པོ་ཞིག་ཡིན་ཞིང་།  གསོ་བཅོས་བྱས་པའི་ལག་ལེན་ཁྲོད་དུ་ནད་པ་ལ་ལར་ཕན་འབྲས་ཆེ་བ་དང་།ལ་ལར་ཕན་འབྲས་ཆུང་བ་ཞིག་ཡིན་སྟབས། ནད་པ་དག་གི་ནད་བབ་ལ་དཔགས་ཏེ་རླུང་མཁྲིས་བད་ཀན་གྱི་ནད་བབ་དང་བསྟུན་ནས་ཟས་སྤྱོད་མ་ལོག་པར་སྨན་པའི་ངག་བཞིན་གོང་གསལ་ལྟར་གསོ་བཅོས་དང་སྨན་སྦྱོར་སྤུས་ཚད་ལེགས་པོས་དུས་ལྟར་གསོ་བཅོས་བྱས་ན།ནད་གཞི་ཇེ་བཟང་དུ་འགྲོ་སྲིད།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1