ཀང་ཀྲུའུ་ཨའོ་ཟམ་ཆེན་དངོས་སུ་ཤར་གཏོང་ཐུབ་པ།

རྩོམ་སྒྲིག་པ།ཡོང་ཁུངས།བོད་ལྗོངས་ཉིན་རེའི་ཚགས་པར་ཁང་། སྤེལ་དུས། 10-25


ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་།  རྒྱལ་ཁབ་ཀྱི་ཀྲུའུ་ཞི།  ཀྲུང་དབྱང་དམག་ཨུའི་ཀྲུའུ་ཞི་ཞི་ཅིན་ཕིང་མཛད་སྒོར་ཕེབས་པ་མ་ཟད། ཟམ་ཆེན་དངོས་སུ་ཤར་གཏོང་ཐུབ་པའི་ཁྱབ་བསྒྲགས་གནང་བ་དང་སྦྲགས་ཟམ་ཆེན་ལ་གཟིགས་སྐོར་ཡང་གནང་བ།
        སྤྱི་ཟླ་10པའི་ཚེས་23ཉིན་གྱི་སྔ་དྲོར། ཀང་ཀྲུའུ་ཨའོ་ཟམ་ཆེན་ཤར་གཏོང་ཐུབ་པའི་མཛད་སྒོ་ཀོང་ཏུང་ཞིང་ཆེན་ཀྲུའུ་ཧའེ་གྲོང་ཁྱེར་དུ་འཚོགས་ཤིང་།  ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་།  རྒྱལ་ཁབ་ཀྱི་ཀྲུའུ་ཞི།  ཀྲུང་དབྱང་དམག་ཨུའི་ཀྲུའུ་ཞི་ཞི་ཅིན་ཕིང་མཛད་སྒོར་ཕེབས་པ་མ་ཟད། ཟམ་ཆེན་དངོས་སུ་ཤར་གཏོང་ཐུབ་པའི་ཁྱབ་བསྒྲགས་གནང་བ་དང་ཆབས་ཅིག ཟམ་ཆེན་ལ་གཟིགས་སྐོར་གནང་བ་དང་ཏང་ཀྲུང་དབྱང་གི་ཚབ་ཞུས་ནས་ཟམ་ཆེན་ཇུས་འགོད་དང་།  འཛུགས་སྐྲུན།  དོ་དམ་བཅས་གནང་མཁན་རྒྱ་ཆེའི་ལས་དོན་པར་སྙིང་དབུས་ནས་ཐུགས་རྗེ་ཆེ་ཞུས་པ་དང་ཟོལ་མེད་ཀྱི་འཚམས་འདྲི་ཡང་ཞུས་འདུག
        ཀང་ཀྲུའུ་ཨའོ་ཟམ་ཆེན་ལི་ཏིང་རྒྱ་མཚོ་བརྒལ་ནས། ཤར་ཤང་ཀང་དམིགས་བསལ་སྲིད་འཛིན་ཁུལ་དང་སྦྲེལ་བ་དང་། ནུབ་ཀོང་ཏུང་ཞིང་ཆེན་ཀྲུའུ་ཧའེ་གྲོང་ཁྱེར་དང་ཨའོ་མོན་དམིགས་བསལ་སྲིད་འཛིན་ཁུལ་དང་སྦྲེལ་ཡོད་ཅིང་། སྤྱིའི་རིང་ཚད་ལ་སྤྱི་ལེ་55ཡོད་པ་དང་“རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་”ཀྱི་འོག་ཀོང་ཏུང་དང་།  ཤང་ཀང་།  ཨའོ་མོན་བཅས་ས་ཁུལ་གསུམ་གྱིས་ཐེངས་དང་པོར་མཉམ་ལས་བྱས་ནས་བསྐྲུན་པའི་མཚོ་བརྒལ་འགྲིམ་འགྲུལ་གྱི་ལས་གྲྭ་ཆེ་གྲས་ཤིག་རེད།  ཟམ་ཆེན་ཤར་གཏོང་ཐུབ་པས་ཀོང་ཏུང་དང་།  ཤང་ཀང་།  ཨའོ་མོན་བཅས་ཀྱི་མཚོ་ཁུག་ཆེ་མོ་ཁུལ་བསྐྲུན་པར་སྐུལ་འདེད་གཏོང་རྒྱུའི་ངོས་ནས་བརྗོད་ན་དོན་སྙིང་གལ་ཆེན་ལྡན་ཡོད།
        ཆུ་ཚོད་10ཙམ་ལ་ཞི་ཅིན་ཕིང་ཀྲུའུ་ཞི་སྟེགས་བུར་ཕེབས་ནས་ཀང་ཀྲུའུ་ཨའོ་ཟམ་ཆེན་དངོས་སུ་ཤར་གཏོང་ཐུབ་པའི་ཁྱབ་བསྒྲགས་གནང་བས། ཚོགས་ར་ཡོངས་སུ་ཐལ་མོའི་རྡེབ་སྒྲས་ཁེངས། 
        མཛད་སྒོ་མཇུག་འགྲིལ་རྗེས་ཞི་ཅིན་ཕིང་སོགས་ཕེབས་ཏྲོར་བཞུགས་ཏེ། ཀྲུའུ་ཧའེ་འགག་སྒོའི་འགྲུལ་བཤེར་ཐོག་ཁང་ནས་ཀང་ཀྲུའུ་ཨའོ་ཟམ་ཆེན་ལ་གཟིགས་སྐོར་གནང་བར་ཕེབས་པ་རེད།

ཞི་ཅིན་ཕིང་ཀང་ཀྲུའུ་ཨའོ་ཟམ་ཆེན་གྱི་ཤར་མི་བཟོས་གླིང་ཕྲན་དུ་ཕེབས་ནས་ཟམ་ཆེན་ལ་གཟིགས་པ།
        ཤར་མི་བཟོས་གླིང་ཕྲན་ཀང་ཀྲུའུ་ཨའོ་ཟམ་ཆེན་གྱི་ཆུ་ཐོག་ཟམ་པ་དང་ཆུ་འོག་ཕུག་ལམ་གྱི་མཐུད་མཚམས་ལ་གནས་ཤིང་། ཟམ་ཆེན་འཛུགས་སྐྲུན་ཁྲོད་ཀྱི་འགག་གནད་ལས་གྲྭ་ཞིག་རེད།  ཞི་ཅིན་ཕིང་སོགས་ཕེབས་ཏྲོར་ཞུགས་ནས་དེ་གར་ཕེབས་པ་དང་། ནུབ་ངོས་ཀྱི་སྟེགས་བུར་འཛེགས་གནང་ཏེ། ཟམ་ཆེན་ལ་རྒྱང་གཟིགས་གནང་བ་མ་ཟད། ས་བཀྲ་དང་བཟོ་དབྱིབས་ལ་གཟིགས་ནས་ཟམ་ཆེན་འཛུགས་སྐྲུན་གྱི་གནས་ཚུལ་མཁྱེན་རྟོགས་ཞིབ་ཕྲ་གནང་བའི་ཁར། ཟམ་ཆེན་དོ་དམ་དང་འཛུགས་སྐྲུན་བྱེད་མཁན་འཐུས་མི་སོགས་ལ་མཇལ་འཕྲད་གནང་བ་དང་ཁོང་རྣམ་པར་ཕྱག་བཏང་ནས་བྱམས་བརྩེའི་བཀའ་མོལ་ཡང་གནང་ཞིང་།  ཁོང་གིས་ཀང་ཀྲུའུ་ཨའོ་ཟམ་ཆེན་ནི་རྒྱལ་ཁབ་ཀྱི་ལས་གྲྭ་དང་རྒྱལ་ཁབ་ཀྱི་བཟོ་སྐྲུན་གལ་ཆེན་ཞིག་རེད། ཟམ་ཆེན་ཇུས་འགོད་དང་།  འཛུགས་སྐྲུན།  སྐྱེལ་འདྲེན་ཉམས་གསོ་བཅས་ནང་ཞུགས་ཏེ། ཁྱེད་ཚོས་བློ་གྲོས་བཏོན་པ་དང་འཛམ་གླིང་རིམ་པའི་དཀའ་གནད་མང་པོ་ཁྱད་བསད་བྱས་ནས་འཛམ་གླིང་ཐོག་ཆེས་སྔོན་ཐོན་གྱི་དོ་དམ་ལག་རྩལ་དང་ཉམས་མྱོང་གཅིག་ཏུ་བསྡུས་སྟབས། སྤུས་འབོར་གཉིས་ལྡན་གྱིས་ལས་འགན་ལེགས་སྒྲུབ་བྱས་ཡོད།  ཁྱེད་ཚོར་ཐོབ་པའི་གྲུབ་འབྲས་ལ་ང་རང་སྤོབས་པ་སྐྱེ་གི་འདུག  རེ་བར་ཁྱེད་རྣམ་པས་སླར་ཡང་རྡོག་ཐོན་བྱས་ནས་གྲུབ་འབྲས་གསར་པ་རྩེ་གྲ་མུ་མཐུད་འཇོག་རྒྱུའི་རེ་བ་ཡོད་ཅེས་གསུངས་འདུག 
ཀང་ཀྲུའུ་ཨའོ་ཟམ་ཆེན་གྱི་ཤང་ཀང་ཁོངས་ཀྱི་ལམ་དུམ། 
        ཞི་ཅིན་ཕིང་གིས་ཁྱེད་ཚོས་ཀང་ཀྲུའུ་ཨའོ་ཟམ་ཆེན་བསྐྲུན་རིང་འཛམ་གླིང་གི་ཟིན་ཐོ་མང་པོ་བཏོད་པས་ཧ་ཅང་ཧ་ལས་དགོས་པ་ཞིག་རེད།  དེས་རི་བཤགས་ལམ་སྐྲུན་དང་ཆུ་ཐོག་ཟམ་སྐྲུན་གྱི་རྒྱལ་ཁབ་གཅིག་གི་འབད་འཐབ་སྙིང་སྟོབས་དང་།  རང་རྒྱལ་གྱི་ཕྱོགས་བསྡུས་རྒྱལ་སྟོབས། རང་བརྟེན་གསར་གཏོད་ནུས་པ་བཅས་མཚོན་ལ།  འཛམ་གླིང་གི་ཆུ་ཚད་རྩེ་གྲ་གཏོད་པའི་མི་རིགས་ཀྱི་བློ་སྟོབས་ཀྱང་མངོན་གྱི་ཡོད་ཅེས་གསུངས་འདུག  
        ཤེས་རྟོགས་བྱུང་བར་གཞིགས་ན།  2009ལོའི་ཟླ་12ཚེས་15ཉིན་ཀང་ཀྲུའུ་ཨའོ་ཟམ་ཆེན་བསྐྲུན་འགོ་ཚུགས་པ་དང་2017ལོའི་ཟླ་7ཚེས་7ཉིན་ལས་གྲྭ་ཨ་མ་ལེགས་གྲུབ་ཟིན་ནས་ཤར་གཏོང་ཐུབ་ཡོད།  ཟམ་ཆེན་ཇུས་འགོད་དང་།  བཟོ་སྐྲུན་ལག་རྩལ།  ཨར་རྒྱག་སྒྲིག་འཛུགས།  དོ་དམ་བྱེད་སྟངས་སོགས་ལ་གསར་གཏོད་རབ་དང་རིམ་པ་བྱས་པ་དེ་ཐོག་ནས་ཕུག་ལམ་དང་གླིང་ཕྲན་དུ་ཟམ་པ་ཇུས་འགོད་དང་། བཟོ་སྐྲུན། དོ་དམ་བཅས་ཀྱི་རང་རྒྱལ་གྱི་ཆུ་ཚད་འཛམ་གླིང་གི་མདུན་གྲལ་དུ་སླེབས་པ་མཚོན་གྱི་ཡོད།  ཟླ་10ཚེས་24ཉིན་གྱི་ཆུ་ཚོད་དགུ་པར་ཟམ་ཆེན་དངོས་སུ་ཤར་གཏོང་ཐུབ་འདུག


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1