མདངས་ཀྱིས་ཕྱུག་པའི་ཞིང་ལས་འཕེལ་རྒྱས་ཀྱི་ལེའུ་གསར་བ།

འོད་གསལ་མཚོས་བསྒྱུར། རྩོམ་སྒྲིག་པ།ཡོང་ཁུངས།ངེད་དྲ་བ། སྤེལ་དུས། 10-26


འཛམ་ཐང་རྫོང་བཙུགས་ནས་ལོ་ངོ60འཁོར་བའི་ཞིང་ལས་ཐོན་ལས་སྒྲིག་གཞི་ལེགས་སྒྲིག་བྱུང་བའི་སྐོར་གྱི་གནས་ཚུལ་ཟུར་བཀོད།
        ལོ་ངོ60རིང་གི་དུས་ཚོད་སྐད་ཅིག་ཙམ་འདས་པ་དང་། ལོ་ངོ60རིང་ལའང་འཕོ་འགྱུར་ཧ་ཅང་ཆེན་པོ་བྱུང་། ལོ་ངོ60རིང་ལ་ཕྱི་མིག་བལྟས་ན། ཀྲུང་གོའི་གུང་ཁྲན་ཏང་གི་འགོ་ཁྲིད་འོག འཛམ་ཐང་མི་རིགས་ཁག་གི་མང་ཚོགས་རྣམས་དཔའ་འཛངས་རྟུལ་ཕོད་ཀྱིས་མདུན་དུ་བསྐྱོད་པ་དང་། འགྲན་སློང་དང་འབད་ཐབས་ཁྲོད་ཚན་རིག་དང་མཐུན་པའི་འཕེལ་རྒྱས་ཡོང་བར་རྒྱུན་འཁྱོངས་བྱས་ཏེ། སྔོན་ཆད་དབུལ་ཕོངས་རྗེས་ལུས་ཀྱི་རྫོང་མཁར་ཆུང་ཆུང་འདི་ད་ལྟ་འབྱོར་ཕྱུག་ལྡན་ལ། དར་རྒྱས་འཆམ་མཐུན་ལྡན་པ་དང་ཡངས་ཤིང་རྒྱ་ཆེ་བའི་བགྲོད་ལམ་དུ་བསྐྱོད་བཞིན་ཡོད།
        ལོ་ངོ60རིང་དུ། ལོ་ལྔའི་འཆར་གཞི་བཅུ་གཉིས་དང་བསྒྱུར་བཅོས་སྒོ་འབྱེད་བྱས་པ་བརྒྱུད། རྒྱལ་ཁབ་དང་ཞིང་ཆེན། ཁུལ་གྱིས་རྒྱབ་སྐྱོར་ཆེན་པོ་གནང་བ་དང་། ཏང་གི་མི་རིགས་ས་ཁོངས་སྲིད་ཇུས་དང་ལོ་མང་བོར་ཀྲུང་དབྱང་ཨང་དང་བོ་ཞེས་པའི་ཞིང་ལས་དང་གྲོང་གསེབ་ལས་དོན་གྱི་ཆེད་དོན་ཡིག་ཆའི་ཁྲིད་སྟོན་འོག འཛམ་ཐང་ཞིང་ལས་ལ་འགྱུར་ལྡོག་ཆེན་པོ་བྱུང་བ་དང་། འོད་སྟོང་འབར་བའི་གྲུབ་འབྲས་ཐོབ་ཅིང་འགོམ་བརྒལ་རང་བཞིན་གྱི་འཕེལ་རྒྱས་མངོན་འགྱུར་བྱུང་།
        དཔྱིད་ཀའི་མེ་ཏོག་བཞད་ཅིང་སྟོན་ཁའི་འབྲས་བུ་སྨིན་པ་ལྟར། དེ་རིང་གི་གྲོང་གསེབ་ལ་སྐྱེ་སྟོབས་ཀྱི་དཔལ་འབར་བ་དང་ཆབས་ཅིག འཛམ་ཐང་གི་ཞིང་ལས་འཕེལ་རྒྱས་ལ་ཚ་རླབས་འཕྱུར་བ་དང་། ལོ་རྒྱུས་ཀྱི་འཕེལ་རིམ་གསར་བའི་ཁྲོད་དུ་དེང་རབས་ཞིང་ལས་ཀྱི་ཕྱོགས་སུ་གོམ་པ་ཆེན་པོས་བསྐྱོད་བཞིན་ཡོད་དེ། འཛམ་ཐང་གི་མངའ་ཁོངས་ལ་རྒྱ་ཁྱོན་སྤྱི་ལེ་གྲུ་བཞི་མ6863ཡོད་པ་དང་། བེད་སྤྱོད་ཆོག་པའི་རྨོ་ཞིང་གི་རྒྱ་ཁྱོན་ལ་མུའུ་ཁྲི3.8དང་། རྩྭ་ཐང་གི་རྒྱ་ཁྱོན་ལ་མུའུ་ཁྲི628.03ཡོད། རྫོང་ཡོངས་ལ་བསྡོམས་པའི་མི་གྲངས་ཁྲི4.4ཡོད་པ་དང་། དེའི་ནང་ཞིང་བ་མི་ཁྲི3.8ཡོད། རྒྱལ་ཁབ་ཀྱི་དབུལ་སྐྱོར་གཙོ་གནད་རྫོང་ཡིན་ལ་ཁུལ་ཡོངས་སུ་དབུལ་སྒྲོལ་འབྱོར་འབྲིང་དུ་བསྐྱོད་པའི་ལས་འགན་ཆེས་ལྗིད་བའི་རྫོང་ཞིག་ཀྱང་ཡིན།
        བཅིངས་འགྲོལ་མ་བྱས་གོང་དུ། འཛམ་ཐང་རྫོང་གི་ཞིང་ལས་ནི་སྒེར་ལ་དབང་བའི་ལམ་ལུགས་ཀྱི་དཔལ་འབྱོར་ལ་གཏོགས་པ་དང་། ས་སྤྱོད་རྒྱལ་བོ་དང་དཔོན་པོ། དགོན་སྡེ་སོགས་ཀྱིས་ཐོན་སྐྱེད་རྒྱུ་ཆ་མང་ཆེ་བ་བཟུང་ནས། རྨོ་འདེབས་བཟང་བོ་མ་བྱས་པའི་དབང་གིས་ཞིང་ལས་ཐོན་སྐྱེད་ཀྱི་ཆུ་ཚད་ཧ་ཅང་དམའ་བ་དང་། རྫོང་ཡོངས་ཀྱི་ཞིང་ལས་ཐོན་རྫས་ནི་ལོ་རེར་མུའུ་རེར་རྒྱ་མ་བརྒྱ་ཙམ་ལས་མེད།
        《འཛམ་ཐང་རྫོང་གི་རྒྱལ་དམངས་དཔལ་འབྱོར་བསྡོམས་རྩིས་ཀྱི་དཔྱད་གཞིའི་ཡིག་རིགས་ཕྱོགས་བསྒྲིགས》ནང་བཀོད་པ་ལྟར་ན། 1949ལོར། འཛམ་ཐང་རྫོང་ཡོངས་སུ་དུད་ཚང3733ཡོད་པ་དང་མི་ཁྲི1.4934ཡོད། འབྲུ་རིགས་འདེབས་ཁྱོན་མུའུ་ཁྲི3.936ཡོད་པ་དང་མུའུ་རེའི་ཐོན་ཚད་རྒྱ་མ119ཡིན། སྤྱིའི་ཐོན་ཚད་སྤྱི་རྒྱ་ཁྲི234ཡིན། གཙོ་བོ་ནས་དང་སྲན་མ། གྲོ་དང་ཞོག་ཁོག མ་རྨོས་ལོ་ཏོག་སོགས་ཡོད། སྔོ་ཚལ་ཉུང་བའི་དབང་གིས་དཔལ་འབྱོར་གྱི་ཡོང་སྒོ་ཡོད་པའི་ལོ་ཏོག་ཅི་ཡང་མེད།
        1958ལོར་འཛམ་ཐང་རྫོང་བཙུགས་པ་དང་། ལོ་དེའི་ཟླ8པ་ནས་ཟླ12ཀྱི་ཟླ་མཇུག་བར་དུ།འཛམ་ཐང་ལ་དམངས་གཙོ་བཅོས་བསྒྱུར་བྱས་ནས་སྒེར་ལ་དབང་བའི་ལམ་ལུགས་ཀྱི་དཔལ་འབྱོར་ཉམས་རྒུད་དུ་ཕྱིན་པ་རེད།
1978ལོར། ཏང་གི་སྐབས་བཅུ་གཅིག་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་འཚོགས་རྗེས། གྲོང་གསེབ་བསྒྱུར་བཅོས་ལ་སྐུལ་འདེད་བཏང་བ་ལ་བསྟུན་ནས། འཛམ་ཐང་རྫོང་གིས་ཞིང་ལས་ཐོན་སྐྱེད་ཀྱི་ནུས་ཤུགས་ཇེ་ཆེར་བཏང་།
        ཉེ་བའི་ལོ་ཤས་རིང་། ལོ་ཏོག་གི་སོན་བཟང་ནང་འདྲེན་བྱས་པ་དང་རང་གིས་འདེབས་འཛུགས་བྱས་པ་བརྒྱུད། ཨ་ཆིན་ཨང6པ་དང་ཞོག་ཁོག་ཨང6པ། ཁྲོན་སྣུམ36སོགས་སྤུས་ལེགས་ཀྱི་ཞིང་ལས་ཐོན་རྫས་འཛམ་ཐང་དུ་ཡོད་པས། རྫོང་ཡོངས་ཀྱི་སོན་བཟང་ཁྱབ་གདལ་གཏོང་ཚད་བརྒྱ་ཆ70ཡན་ཟིན་ཡོད། ལོ་ངོ60རིང་དུ། རླབས་ཆེ་ཉམས་བརྗིད་ཀྱི་ཞིང་ལས་ཐོན་ལས་སྒྲིག་གཞི་བསྒྱུར་བཀོད་དེ་འཛམ་ཐང་ས་གཞི་ཆེ་མོར་སྤེལ་མགོ་ཚུགས་པ་དང་བསྟུན་ནས་གྲུབ་འབྲས་གཡུར་དུ་ཟ་བ་ཐོབ་ཡོད། རོང་འབྲོག་མང་ཚོགས་ཀྱི་ཞིང་ཕྱུགས་ལས་ལ་འཕེལ་རྒྱས་བྱུང་ཞིང་། མང་ཚོགས་ཁྲི4ཡིས་དངོས་སུ་འཛམ་ཐང་རྫོང་གི་ཞིང་ལས་ཐོན་ལས་སྒྲིག་གཞི་བསྒྱུར་བཀོད་ཀྱི་གྲུབ་འབྲས་དང་ཕན་པ་མྱོང་ཐུབ་བྱུང་།
        ད་ལྟ། འཛམ་ཐང་རྫོང་གི་གྲོང་རྡལ་དང་གྲོང་གསེབ་རེ་རེར་སྐྱོད་སྐབས། གང་ས་གང་དུ་ཞིང་ལས་ཐོན་ལས་སྒྲིག་གཞི་བསྒྱུར་བཀོད་ཐད་ལ་དབྱར་མཚོ་རྒྱས་པ་བཞིན་གྱི་གྲུབ་འབྲས་ཐོབ་ཡོད་པ་མཐོང་ཐུབ།
        ཀ་ཐོག་ཡུལ་ཚོ་ནི་འཛམ་ཐང་རྫོང་གི་དེང་རབས་ཁྱིམ་ཚང་རྩྭ་ར་དཔེ་སྟོན་འཛུགས་སྐྲུན་ཁུལ་ཞིག་ཡིན། དཔེ་སྟོན་ཁྱིམ་ཚང་ལ་ཕྱུགས་ར6ཡོད། རྒྱུས་ལོན་པ་ལྟར་ན། དཔེ་སྟོན་ཕྱུགས་རའི་ཁྱིམ་ཚང་རེར་ཀྲུང་དབྱང་གིས་སྒོར་ཁྲི5དང་འཛམ་ཐང་རྫོང་སྲིད་གཞུང་གིས་སྒོར་ཁྲི5ཡིས་རོགས་དངུལ་སྟེར་ནས། དྲོད་ཁང་དང་རྩྭ་ར་སོགས་བསྐྲུན་ཡོད།
        ན་ནིང། འཛམ་ཐང་རྫོང་ཡོངས་ཀྱི་ལོ་ཏོག་འདེབས་ཁྱོན་མུའུ28139ལ་སླེབས་པ་དང་།དེའི་ནང་འབྲུ་རིགས་འདེབས་ཁྱོན་མུའུ22340ཡོད་པ་དང་ཐོན་ཚད་ཏུན3097ཡོད། སྔོ་ཚལ་འདེབས་ཁྱོན་མུའུ3053ཡོད་པ་དང་ཐོན་ཚད་ཏུན4962ཡོད། རྫོང་ཡོངས་ལ་ལག་ཡོད་ཕྱུགས་གྲངས222048ཡོད་པ་དང་བཤས་ཁུངས་སུ54680བཏང་། ཤ་རིགས་ཀྱི་སྤྱིའི་ཐོན་ཚད་ཏུན5952ལ་བསླེབས་པ་དང་འོ་མའི་སྤྱིའི་ཐོན་ཚད་ཏུན10066ལ་བསླེབས།
        དུས་ཚོད་ཀྱིས་འཕེལ་རྒྱས་ཀྱི་མྱུར་ཚད་འཇལ་ཐུབ། ཞིང་ལས་ཐོན་ལས་སྒྲིག་གཞི་བསྒྱུར་བཀོད་བྱས་ནས། ཞིང་ཕྱུགས་གཉིས་ལ་འཕྲོད་པའི་འདེབས་འཛུགས་དང་གསོ་སྤེལ་འཆར་འགོད་ཅིག་གཏན་ལ་ཕབ་ཅིང་། ཐོན་ལས་གསར་བ་དང་ལས་རིགས་གསར་བ་སྐྱེད་སྲིང་དང་སྟོབས་ཆེར་བཏང་ནས། ལོ་ངོ60རིང་གི་འཕེལ་རྒྱས་ལ་ཕྱིར་མིག་བལྟས་ཚེ། འཛམ་ཐང་རྫོང་གིས་སྔོད་ཆད་སྲོལ་རྒྱུན་གྱི་ཞིང་ལས་དེ་ད་ལྟ་དེང་རབས་ཀྱི་ཞིང་ལས་ལ་བརྒལ་བའི་གོམ་པ་བརྟན་ཞིང་། ཞིང་ལས་སྒྲིག་གཞི་བསྒྱུར་བཀོད་ལ་ཡིད་དུ་འོང་བའི་འཕེལ་རྒྱས་ཀྱི་ཐིག་རིས་ཁྲ་མོ་ཞིག་བྲིས་སོ།།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1