གཙོ་ངོས།>> རྩོམ་རིག>>དཔྱད་རྩོམ།

བྱམས་པ་ཚུལ་ཁྲིམས། རྩོམ་སྒྲིག་པ།ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ། སྤེལ་དུས། ༢༠༡༨ལོའི་ཟླ་བ་༡༡ཚེས་༡༣ཉིན།

༄༅།། 《གཞིས་བྱེས་ལྷན་འཛོམས》ཀྱི་ཁྱད་ཆོས་འགའ་ཞིག་གླེང་བ།

བྱམས་པ་ཚུལ་ཁྲིམས།
          ཁོ་བོས་འདིར་གླེང་བར་བྱ་བ་ནི་བོད་ཀྱི་དེང་རབས་རྩོམ་རིག་དཔེ་ཚོགས་ལས་བརྩམས་སྒྲུང་ཆེད་སྒྲིག《གཞིས་བྱེས་ལྷན་འཛོམས》ཀྱི་བརྩམས་བྱ་ངོ་སྤྲོད་དང་དེ་དག་གི་གཙོ་བོའི་ཁྱད་ཆོས་འགར་དཔྱད་བརྗོད་བྱ་རྒྱུ་ཡིན།  
དང་པོ། 《གཞིས་བྱེས་ལྷན་འཛོམས》ཀྱི་བརྩམ་བྱ་ངོ་སྤྲོད།   
          《གཞིས་བྱེས་ལྷན་འཛོམས》ནང་བདམས་སྒྲིག་བྱས་པའི་བརྩམས་བྱ་ནི་ཏང་གི་སྐབས་བཅུ་གཅིག་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་འཚོགས་ཚུན་ནས1992ལོའི་བར་བོད་ཁམས་ཡོངས་ཀྱི་བོད་ཡིག་དུས་དེབ《སྦྲང་ཆར》དང་། 《བོད་ཀྱི་རྩོམ་རིག་སྒྱུ་རྩལ》དེ་མིན་ཚགས་པར་དང་དུས་དེབ་ཐོག་སྤེལ་བའི་སྒྲུང་གཏམ་མམ་བརྩམས་སྒྲུང་ལེགས་པ་ཁག་འདེམས་སྒྲུག་བྱས་པ་ཡིན་ཞིང་། དེའི་ནང་བོད་ཀྱི་སྤྱི་ཚོགས་ཁོར་ཡུག་དང་རང་བྱུང་ཁོར་ཡུག་གི་ཕྱོགས་སྣ་ཚོགས་རྩོམ་གྱི་རྒྱབ་ལྗོངས་སུ་བྱས་ཏེ་རྩོམ་པ་པོ་སོ་སོའི་མཛེས་དཔྱོད་ཀྱི་ལྟ་ཚུལ་དང་། འཚོ་བའི་ངོས་འཛིན། སྤྱི་ཚོགས་ཀྱི་འགན་འཁྲིའི་འདུ་ཤེས་བཅས་གསོན་ཉམས་དོད་ཅིང་གཟུགས་བརྙན་འབུར་ཐོན་གྱི་སྒོ་ནས་མཚོན་ཡོད་ཅིང་། དེར་ཁྱོན་རྩོམ་པ་པོ་བཅུ་དྲུག་གི་བརྩམས་བྱ་བཅུ་བདུན་བཀོད་ཡོད། བརྩམས་བྱ་དེ་དག་གི་མི་སྣའི་གཤོང་ཚད་ལ་ཆ་བཞག་ན་བོད་ཀྱི་སྤྱི་ཚོགས་ཀྱི་རིམ་པ་ཁག་གི་མི་སྣ་ཧ་ལམ་མི་ཚང་བ་མེད་པ་ཚུད་ཡོད་པ་སྟེ་ཞིང་པ་དང་། འབྲོག་པ། སེར་མོ་བ། རྒྱལ་ཁབ་ཀྱི་ལས་བྱེད་པ། སློབ་ཕྲུག   དེ་བཞིན་བུ་རྫི་བ་དང་དཔོན་པོ་སོགས་ཕྱོགས་སྣ་ཚོགས་དང་། ཁོར་ཡུག་ལ་ཆ་བཞག་ན་རྩྭ་ཐང་ནས་ཞིང་ཐང་དང་། གངས་རི་ནས་གཤོང་ས། རི་གྲོང་ནས་གྲོང་ཁྱེར་བཅས་ཚང་ཡོད་ལ་བསམ་གཞིགས་བྱ་ཡུལ་གྱི་གཤོང་ཚད་ལ་ཆ་མཚོན་ན་མི་སྣའི་དབར་གྱི་སྒེར་ངོས་ཀྱི་འགལ་འབྲེལ་དང་སྤྱི་ཚོགས་ཀྱི་དོན་རྐྱེན་ནམ་གནད་དོན་ལ་བཟུང་བའི་ལྟ་སྟངས། སྲོལ་རྒྱུན་རིག་གནས་དང་དེང་རབས་རིག་གནས་ལ་བཟུང་བའི་རྣམ་འགྱུར་སོགས་དངོས་ཤུགས་གང་རུང་དང་ཡུལ་དུས་གང་ཐད་ནས་གསལ་མཚོན་བྱས་ཡོད། ད་དུང་གསལ་བཤད་བྱེད་དགོས་པ་ཞིག་ལ《གཞིས་བྱེས་ལྷན་འཛོམས》ཀྱི་རྩོམ་པ་པོའི་ནང་ཁ་ཅིག་བོད་ཀྱི་སྲོལ་རྒྱུན་རིག་གནས་དང་བོད་མིའི་གཤིས་རྒྱུད་ལ་རྒྱུད་མངའ་ཆེ་ཞིང་འབྲེལ་འདྲིས་ཟབ་པ་དང་ཡང་ཁ་ཅིག་དེ་འདྲའི་གནས་ལ་དེ་ཙམ་གྱིས་རྒྱུས་མངའ་དང་འབྲེལ་འདྲིས་མེད་རུང་དེང་རབས་རིག་གནས་སམ་རྒྱ་ནག་དང་ཕྱི་རྒྱལ་གྱི་རིག་གནས་ལ་ཅུང་གཏིང་ཟབ་པའི་ཉམས་ཞིབ་ཡོད་པ་དང་། དེ་བཞིན་རྩོམ་པ་པོའི་སྤྱི་ཚོགས་ཀྱི་ལས་རིགས་མི་གཅིག་པ་དང་། ཉམས་མྱོང་མི་གཅིག་པ། ལོ་ནའི་ཆེ་ཆུང་མི་གཅིག་པ་སོགས་ཀྱི་ཁྱད་ཆོས་ལྡན་ཡོད། དེ་འདྲའི་ཁྱད་ཆོས་དེ་རྩོམ་པ་པོ་གཅིག་གི་ངོས་ནས་བཤད་ན་སྐྱོན་དུ་འགྲོ་མོད་ཀྱང་དུས་རབས་སམ་དུས་ཚོད་ཧྲིལ་པོ་གཅིག(ལོ་བཅུ་དེ་ཆ་ཚང་བའི་ཧྲིལ་པོ་གཅིག་ཏུ་རྩིས)གི་བརྩམས་བྱའི་ངོས་ནས་བཤད་ན་དེས་ཕན་ཚུན་གྱི་ཞན་ཆ་གསབ་ཅིང་དུས་རབས་དེ་རང་གི་རྩོམ་རིག་གི་ཁྱད་ཆོས་མངོན་ལ་རང་ངོས་ཀྱི་རིན་ཐང་ཡང་རྟོགས་ཐུབ་པ་ཡིན།   
          དེས་ན《གཞིས་བྱེས་ལྷན་འཛོམས》ནང་བདམས་སྒྲིག་བྱས་པའི་བརྩམས་སྒྲུང་དེ་དག་གིས་དུས་རབས་ངེས་ཅན་ཞིག་གི་བོད་ཀྱི་རྩོམ་རིག་གི་འཕེལ་རྒྱས་དང་ཉམས་འགྱུར་མངོན་ཐུབ་པ་མ་ཟད། དེ་ནི་བོད་ཀྱི་དེང་རབས་བརྩམས་སྒྲུང་གི་རིན་ཐང་མཚོན་བྱེད་ཀྱི་ལམ་ཚད་རྡོ་རིང་ཞིག་དང་བོད་ཀྱི་དེང་རབས་འཚོ་བ་མཚོན་བྱེད་ཀྱི་མེ་ལོང་ཞིག་ཀྱང་ཡིན།   
          བརྩམས་བྱ་དེ་དག་འགྲེམས་སྤེལ་བྱས་ནས་ལོ་ཁ་ཤས་འདས་ཟིན་པས་སྔ་ས་ནས་སྐྱོན་ཡོན་བརྗོད་དགོས་པ་ཡིན་མོད། འོན་ཀྱང་རང་རེའི་བོད་ཀྱི་རྩོམ་རིག་དཔྱད་བརྗོད་པའི་དཔུང་ཁག་ད་དུང་སྟོབས་ཞན་པས་བརྩམས་སྒྲུང་འདེམས་སྒྲིག་བྱས་པ་དེར་ཕྱོགས་ཡོངས་ཀྱི་དཔྱད་བརྗོད་བྱེད་མཁན་བྱུང་མེད་པར་རྗེས་ལུས་སུ་ཡོད། དེར་བརྟེན་ཁོ་བོར་དཔྱད་བརྗོད་ཀྱི་སྤོབས་པ་མི་ལྡན་ཡང་ད་རེས་རང་ཉིད་ཀྱི་མྱོང་ཚོར་འགའ་ཞིག་མ་བརྗོད་ཐབས་མེད་བྱུང་བ་དེ་ནི་སོ་ཕག་འཕངས་ནས་གཡང་ཊི་འདྲེན་པའི་དཔེ་ལྟར་ཕྱིན་ཆད་དེའི་ཐད་དེ་བས་གནད་ལ་འཁེལ་ཞིང་ཡང་དག་པ་དང་ཕུན་སུམ་ཚོགས་པའི་དཔྱད་བརྗོད་ཀྱི་དར་སྲོལ་བཟང་པོ་ཞིག་གྲུབ་ཕྱིར་ཡིན་ནོ།   
གཉིས་པ། 《གཞིས་བྱེས་ལྷན་འཛོམས》ཀྱི་ཁྱད་ཆོས།  
          འདི་ནི་ཁོ་བོས་གླེང་བར་བྱ་བའི་ནང་དོན་གཙོ་བོ་དེ་ཡིན་ཞིང་། འདིའི་ནང་ཁོ་བོས《གཞིས་བྱེས་ལྷན་འཛོམས》ཀྱི་བརྩམས་བའི་དམིགས་བསལ་རང་བཞིན་དང་མཚོན་བྱེད་ཀྱི་རང་བཞིན་དག་ལ་ཕྱོགས་བསྡུས་ཀྱིས་དབྱེ་ཞིབ་བྱ་རྒྱུ་དེ་ཡིན།   
          གཅིག རང་གཤིས་ཀྱིས་ཕྱུག་པའི་མི་སྣའི་གཟུགས་བརྙན།   
          བརྩམས་སྒྲུང་ཞིག་གི་ངོས་ནས་བཤད་ན་མི་སྣའི་གཟུགས་བརྙན་ལེགས་གྲུབ་ཇི་ལྟར་བྱུང་མིན་དང་ལྷག་པར་དུ་རང་གཤིས་དང་ལྡན་ཞིང་གསོན་ཉམས་ལྡན་པའི་མི་སྣའི་གཟུགས་བརྙན་བཟོ་སྐྲུན་བྱེད་ཐུབ་མིན་ནི་བརྩམས་སྒྲུང་གང་དེ་ལེགས་པར་གྲུབ་མིན་གྱི་འགག་རྩའི་གནད་དོན་དེ་ཡིན། 《གཞིས་བྱེས་ལྷན་འཛོམས》ཀྱི་རྩོམ་པ་པོ་མང་ཆེ་བར་དེའི་ཐད་གྲུབ་འབྲས་ངེས་ཅན་ཞིག་ཐོབ་འདུག དེའང་ཚེ་རིང་དོན་གྲུབ་ཀྱིས་བྲིས་པའི《Dསྡེ་པའི་ཀླན་ཀ》ཞེས་པ་དེར་མཚོན་ན་མ་གཞི་བརྩམས་སྒྲུང་དེ་ཐུང་ངུ་ཞིག་ཡིན་རུང་དེའི་ནང་སྒྲུང་གི་གཞི་ཁྱོན་གྱི་ཚད་བཀག་མེད་པར་བསོད་སྐྱོབས་ཞེས་པའི་མི་སྣ་དེའི་གཟུགས་བརྙན་འབུར་དུ་མངོན་ཐུབ་ཡོད། དེའང“རྟག་ཏུ་སྣ་ར་རུམ་དུ་བཅུག་ཅིང་དུས་ཚོད་བྱུང་བ་དང་སེན་མོའི་ནང་སྣ་ཐ་ཅུང་ཙམ་བླུགས་ཏེ་ཧུམ་ཨ”ཞེས་རྩོམ་པ་པོས་ཡང་སྐོར་བསྐྱར་སྐོར་ངང་བྲིས་པས་ཁོའི་རྒྱུན་ལྡན་འཚོ་བའི་ཁྲོད་ཀྱི་བྱེད་སྟངས་མཚོན་པ་དང་དེ་བཞིན“ཡོད་མེད་ཀྱི་དབྱེ་བ་ཤིན་ཏུ་འབྱེད་དཀའ་བའི་སྣ་ཁུང་གཉིས་ཀྱི་ནང་ལ་འགའ་རྔུབ་རྗེས”ཞེས་པ་དང་“ཨ་ཁུ་བཟོད་པས་‘བསོད་སྐྱོབས་སྣ་ཆད་’ཅེས་ཁེར་ལབ་བྱས་པ་དང”ཞེས་སོགས་བྲིས་པ་ལས་ཁོའི་ཕྱིའི་རྣམ་པ་ཙམ་མཚོན་པ་མ་ཟད་དེས་རྩོམ་ཡིག་གི་བརྗོད་སྙིང་དང་འབྲེལ་ནས་མང་ཚོགས་ཀྱི་འདོད་བློ་ལས་རྒྱབ་ཀྱིས་ཕྱོགས་པའི་དཔོན་པོ་དེ་མཐར་མང་ཚོགས་ཀྱིས་ཕྱིར་འབུད་བྱེད་པའི་གནས་ལུགས་མཚོན་པར་ཞབས་འདེགས་ཞུས་ཤིང་ཡང《བརྩེ་དུང་གི་རྦ་རླབས》ཞེས་པའི་ནང་གི་ཧྲུའུ་ཅི་མཁར་བྱམས་ལ་ཆ་བཞག་ན་ཁོ་མ་གཞི་རང་ཆེ་རང་རློམ་དང་ངོ་དགའ་སྤྲེལ་ལད་ལ་དགའ་བའི་དཔོན་ཆུང་ཞིག་ཡིན་རུང“སྐབས་རེར་ཁོ་ཤེས་ཡོན་ཅན་དང་ཤེས་ཡོན་ལ་དད་པ་སྐྱེས་པ་དང་དད་པ་སྐྱེས་པའི་སྐབས་སུ་ཁོ་ངང་རྒྱུད་འཇམ་ཞིང་རང་བཞིན་ཞི་ཞིང་དུལ་བར་འགྱུར་བ་སྟེ་རང་ལས་ཡོན་ཏན་ཆེ་བའི་བློ་བཟང་དང་ཕུན་ཚོགས་ལའང་གནས་ཚུལ་གྲོས་བསྡུར་བྱེད་པ་ཡིན་ལ”རང་གི་རིག་གནས་ཆུ་ཚད་དམའ་པོ་ཡིན་པ་དང་སྐབས་འདིར་སྔར་དང་མི་འདྲ་བར་ཤེས་ཡོན་དགོས་པ་ཤེས་པས“དེ་རིང་ནས་བཟུང་ནང་སྔ་ལངས་དང་དགོང་ཕྱི་ཉལ་བྱས་ནས་སློབ་སྦྱོང་ཞིག་བྱེད་དགོས། ང་རང་ད་དུང་ཕོ་ལོ་བཞི་བཅུའི་ནང་གི་དར་མ་ཞིག་ཡིན་པས་སྐྱོན་ཆེན་པོ་རང་མི་འདུག་སྙམ”པའི་བློ་སྟོབས་སྐྱེས་པ་སོགས་ནས་ཧྲུའུ་ཅི་མཁར་བྱམས་མ་གཞི་རྩོམ་ཡིག་ཁྲོད་ལྡོག་ཕྱོགས་མི་སྣའི་གོ་གནས་བཟུང་ཡོད་རུང་རྩོམ་ཡིག་ཁ་ཤས་ཁྲོད་ཀྱི་མི་སྣ་ལྟར་སྐྱོན་ནམ་ཡོན་ཏན་ཕྱོགས་རེ་བས་གྲུབ་ཅིང་འཚོ་བའི་ངོ་རིས་ངོ་མ་དང་ཁ་བྲལ་བའི་མི་སྣ་དེ་དག་ལྟར་མ་ཡིན་པར་དགེ་སྐྱོན་རྟེན་འབྲེལ་དུ་གྲུབ་པ་ཞིག་ཡིན་པ་དེས་ང་ཚོས་འཚོ་བའི་ཁྲོད་དུ་ཡོད་པའི་མི་གསོན་པོ་ཞིག་མཐོང་ཐུབ་པ་མ་ཟད། སྒྱུ་རྩལ་ཁྲོད་ཀྱི་མི་སྣ་གསོན་རྗེན་ཞིག་ཀྱང་མཐོང་ཐུབ་པ་ཡིན།  ཧྲུའུ་ཅི་མཁར་བྱམས་ལ་ཡོན་ཏན་གྱི་ཆ་ཕྲན་བུ་དང་ཡར་བསྐྱེད་ཀྱི་བསམ་པ་ཅུང་ཟད་ཡོད་པ་བྲིས་པ་དེས་མི་སྣ་དེ་དེ་བས་གཟུགས་སྣང་དོད་པ་དང་རང་གཤིས་དང་ལྡན་པའི་ལྡོག་ཕྱོགས་ཀྱི་མི་སྣ་ཞིག་ཏུ་བསྐྲུན་ཐུབ་པ་བྱུང་ཡོད།  དེ་བཞིན《བརྩེ་དུང་གི་རྦ་རླབས》ཞེས་པའི་ནང་གི་བློ་བཟང་དང་དཔལ་ལྡན་ཡང་ལེགས་གྲུབ་བྱུང་བའི་མི་སྣ་གཉིས་ཡིན་ཞིང་། བློ་བཟང་ནི་རྩོམ་ཡིག་དེའི་ཁྲོད་ཀྱི་གཙོ་བོའི་མི་སྣ་ཞིག་ཡིན་ཞིང་ཁོ་ཐོག་མ་སློབ་གྲྭ་ཐོན་སྐབས་ལས་དོན་སྒྲུབ་སེམས་ཆེ་ཞིང་། “ཁ་ཁོག་མེད་ལ་སྤོབས་པ་ཆེ་བ། རང་མཐོང་ཆེ་ཞིང་བག་ཡོད་ལྡན་པའི་གཞོན་ནུ་ཞིག”ཡིན་པ་མ་ཟད། ཁོའི་དེ་ལྟའི་སེམས་ཁམས་དང་གཤིས་ཀ་དེ་ཐད་ཀར་སྤྱི་ཚོགས་འཛུགས་སྐྲུན་གྱི་བྱ་གཞག་ནང་འཁྱེར་ནས་ལས་ཀ་བྱས་ཤིང་སྤྱི་ཚོགས་ཀྱིས་དེ་ལྟར་བསྒྲུབ་ཏུ་མ་བཅུག་པས། ཁོའི་ཚུལ་མིན་གྱི་དངོས་ཡོད་རྣམ་པར་འགྱུར་ལྡོག་གཏོང་འདོད་ཀྱི་བློ་སེམས་དྭངས་མ་དེ་མེད་པར་གྱུར་ཅིང་། མཐར་ཁོ་ཁོར་ཡུག་གི་བཀག་རྒྱའི་འོག་མགོ་བོ་སྒུར་མཁན་གྱི་མི་སྣ་ཞིག་ཏུ་གྲུབ་ཡོད། དེ་ལས་ལྡོག་སྟེ་དཔལ་ལྡན་ལ་ཆ་བཞག་ན་ཁོ་ནི་མཐོ་སྒང་གི་དེང་རབས་གཞོན་ནུའི་ཚབ་བྱེད་མི་སྣ་ཞིག་ཡིན་ཞིང་། ཁོའི་ཕྱིའི་གཟུགས་བརྙན་ནས་ནང་གི་སེམས་ཁམས་དང་། ཕྱིའི་བྱ་བྱེད་ནས་ནང་གི་གཤིས་ཀ་བཅས་གསལ་བར་བཀོད་པ་དེས་གཅིག་ནས་དེང་རབས་མཐོ་སྒང་གཞོན་ནུའི་སྙིང་སྟོབས་དང་ལ་རྒྱ་གསལ་མཚོན་བྱས་ཡོད་ལ། གཉིས་ནས་མཐོ་སྒང་གཞོན་ནུའི་མོས་པ་དང་ཕུགས་རེ་ཡང་མཚོན་པའི་གཟུགས་བརྙན་ཞིག་ཏུ་གསར་སྐྲུན་བྱས་ཡོད། 《ར་ལོའི》ནང་གི་ར་ལོ་ཞེས་པའི་མི་སྣ་དེའི་གཟུགས་བརྙན་ནི་ཁྱད་ཆོས་ངེས་ཅན་ལྡན་པ་ཞིག་ཏུ་བསྐྲུན་ཅིང་།  དེའང་ར་ལོ་ནི་མི་ངན་པ་ཞིག་མ་ཡིན་ཏེ་ཁོས་རྐུ་འཕྲོག་དང་མི་བསད་རྟ་ཁྱེར་སོགས་བྱེད་མི་མྱོང་ཞིང་། ཐ་ན“དེང་སྐབས་ཟ་མ་ཟོས་རྗེས་རིན་པ་མི་སྤྲོད་པའི་གཞོན་ནུ་མང་ན་ཡང་ར་ལོ་དེའི་གྲས་སུ་གཏན་ནས་མི་གཏོགས་པ་མ་ཟད། ཐེངས་ཤིག་ཁོ་ལ་སྒོར་བཞི་སྟོང་ཪྙེད་པའང་མ་གསང་མ་སྦས་པར་བདག་པོར་སྤྲད་སོང”ཞེས་པ་ལྟར་རང་བཀྲེས་ལྟོགས་ཀྱིས་ཤིན་ཏུ་མནར་ནའང་ཚུལ་མིན་གྱི་ཟས་ཟ་བར་མི་བྱེད་པའི་རང་གཤིས་མངོན་པར་བྱས་པ་དེས་ཀློག་མཁན་གྱིས་ཁོ་ལ་ཡ་ང་སྙིང་རྗེ་སྐྱེ་བར་བྱེད་ལ་ཡང་ཁོ་མི་བཟང་པོ་ཞིག་ཀྱང་མ་ཡིན་ཏེ་མིག་མདུན་གྱི་དགའ་བདེ་ཁོ་ནར་ཆགས་པ་ལས་འཇིག་རྟེན་གྱི་དཀའ་བ་སྤྱོད་འདོད་མེད་པའི་སྒྱིད་ལུག་དང་རྣམ་གཡེང་གིས་དུས་འདའ་བར་བྱེད་མཁན་མི་སྣ་ཞིག་ཡིན་པའང་གསལ་རྟོགས་ཡོང་བ་བྱས་པ་རེད། སྟབས་ལེགས་པ་ཞིག་ལ་ཁོ་ལ་བུ་མོ་ཞིག་ཕྲད་ནས་ཁོའི་གཟུགས་བརྙན་ལ་འགྱུར་བ་བྱུང་བ་བཅས་ར་ལོའི་གཟུགས་བརྙན་གྱི་འགྱུར་བ་དེ་ནི་རྩོམ་ཡིག་གི་བརྗོད་བྱ་ཧྲིལ་པོའི་འགྱུར་བ་ཞིག་ཀྱང་ཡིན། དེ་བཞིན《རིགས་རུས》ནང་གི་ཀུན་བཟང་ལྷ་མོའི་རང་གཤིས་དང《ལྷ་གཡག》ནང་གི་སྲོལ་ཡིག་རྒན་གཞོན་གྱི་རང་གཤིས《ཨ་ཤེལ་བདེ་ཆེན་མཚོ་མོ》ནང་གི་བདེ་ཆེན་མཚོ་མོའི་རང་གཤིས་སོགས་ཀྱང་མི་སྣའི་རང་གཤིས་སུ་ལེགས་གྲུབ་བྱུང་ཡོད།  མདོར་ན་རྩོམ་པ་པོ་རྣམས་ཀྱིས་གསར་སྐྲུན་བྱས་པའི་མི་སྣ་དེ་དག་ལ་གཅིག་ནས་མི་རིགས་ཤིག་གི་མཛེས་དཔྱོད་ཀྱི་རིན་ཐང་མངོན་པར་བྱས་ཡོད་ལ་གཉིས་ནས་དུས་རབས་ཀྱི་རང་བཞིན་ཡང་ལྡན་པར་བྱས་ཡོད།   
          གཉིས། བརྩེ་དུང་གི་ཕུང་པོ་ལས་གྲུབ་པའི་གཏམ་རྒྱུད།   
          ཆི་ཁེ་ཧྥུས“སྐྱེ་བོ་གང་ཞིག་རང་ཉིད་ཀྱི་བརྩམས་སྒྲུང་དང་མཉམ་དུ་ངུ་ཞིང་འཁུན་པ་དང་རང་ཉིད་ཀྱི་མི་སྣ་གཙོ་བོ་དང་མཉམ་དུ་མྱ་ངན་བྱེད་ཀྱང་ཆོག་མོད། འོན་ཀྱང་ངའི་བསམ་པར་དེ་ཡང་ཀློག་པ་པོས་དེ་འདྲ་ཞིག་ཡིན་པ་ཤེས་མི་ཐུབ་པ་ཞིག་བྱེད་དགོས་ཏེ་ག་ཚོད་ཀྱིས་རྣམ་འགྱུར་དྲང་པོར་བསྟན་ཐུབ་ན་བརྩམས་སྒྲུང་གི་ནུས་ཤུགས་ཀྱང་དེ་ཙམ་གྱིས་སྟོབས་དང་ལྡན་པར་འགྱུར”ཞེས་གསུངས་པར་ལྟར་རྩོམ་པ་པོས་རྩོམ་ཡིག་འདི་དག་གི་ནང་དངོས་ཤུགས་གང་ཐད་ནས་རང་ཉིད་ཀྱི་ཆགས་སྡང་རྣམ་འགྱུར་མངོན་པར་བྱས་ཡོད། བོད་ཀྱི་སྤྱི་ཚོགས་ནང(ལྷག་པར་དུ་ཞིང་འབྲོག་ཁུལ)དེང་རབས་ཀྱི་བསམ་པའི་ཤན་ཞུགས་དེ་ཙམ་མེད་པར་ལྷན་སྐྱེས་ཀྱིས་གྲུབ་པའི་གདོད་མའི་བརྩེ་དུང་དག་ནི་མཐོ་སྒང་གི་ཡུལ་གྲུ་ཀུན་ལ་ཁྱབ་ཅིང་རྩོམ་པ་པོ་རྣམས་ཀྱིས་ཀྱང་དེ་འདྲའི་བརྩེ་དུང་གི་ཁོར་ཡུག་དེ་རྩོམ་རིག་གསར་རྩོམ་གྱི་གཞི་རྩར་བྱས་ཤིང་། ཡུལ་ཅན་རང་ཉིད་ནས་བཤད་ནའང་དེ་འདྲའི་ཁོར་ཡུག་དེར་རྒྱུས་འདྲིས་དང་། བག་ཆགས། ཡང་ན་ཁོར་ཡུག་དེ་དང་མཉམ་དུ་འདྲེས་ནས་ཡོད་པས་དོན་དུ་བརྩམས་སྒྲུང་དག་ལ་བརྩེ་དུང་གིས་ཕྱུག་པ་དང་དེ་དག་གིས་བརྩེ་དུང་ལ་ཚད་མཐོའི་བསྔགས་བརྗོད་བྱེད་དགོས་པའི་རྒྱུ་མཚན་རང་གྲུབ་ལྟ་བུར་སྣང་།   
རྩོམ་ཡིག《ར་ལོ》ཞེས་པ་དེར་ཆ་མཚོན་ན་རྩོམ་ཡིག་དེའི་མཐར་བཏུགས་ཀྱི་སྙིང་པོ་ནི་མིའི་བརྩེ་དུང་ལ་བསྔགས་པ་བརྗོད་པ་ཞིག་ཡིན་ཞིང་། དེའང་མི་དང་མིའི་དབར་གྱི་བརྩེ་དུང་དང་བརྩེ་སེམས་མ་ཡིན་པ་ལས་མི་ངོ་མ་ཞིག་གྲུབ་མིན་མངོན་པར་བྱས་ཡོད། རྩོམ་པ་པོས་རྩོམ་ཡིག་དེའི་ནང་ར་ལོ་ཞེས་པ་དེ་དང་ཐོག་འཇིག་རྟེན་གྱི་དགའ་བདེ་ཁོ་ནར་ཆགས་པ་ལས་འཇིག་རྟེན་གྱི་དཀའ་བ་མི་སྤྱོད་མཁན་གྱི་སྒྱིད་ལུག་ཅན་དང་ལེ་ལོ་ཅན་ཞིག་ཏུ་བྲིས་ཤིང་།   འོ་ན་ར་ལོ“དེ་འདྲའི་རྫོགས་རྒྱུ་མེད་པའི་བསྣབས་བླུགས་མཁན་ཞིག”དང་སྒྱིད་ལུག་དང་ལེ་ལོ་ཅན་དུ་འགྱུར་དགོས་དོན་གང་ཡིན་ཞེ་ན།   
དེའང་དེའི་སྔོན་ལ་ཁོ་པ་ཉིད་བརྩེ་དུང་གིས་བཟུང་མ་མྱོང་བས་འཇིག་རྟེན་འདིའི་སྟེང་བྱུང་བ་ནས་བཟུང་ཕ་མ་གཉིས་ཀའི་བརྩེ་དུང་གིས་བཟུང་མ་མྱོང་ལ་སློབ་གྲྭར་འགྲོ་བའི་སྐབས་དགེ་རྒན་དང་སློབ་མའི་བརྩེ་དུང་གིས་ཀྱང་བསྐྱངས་མ་མྱོང་བ་མ་ཟད། ནར་སོན་ནས་ཀྱང་མི་གཞན་གྱིས་ཁོ་བེད་སྤྱོད་གཏོང་བ་ལས་ཁོ་ལ་རྣམ་དག་གི་བརྩེ་དུང་སྟོན་མཁན་བྱུང་མ་མྱོང་བས་དེ་དག་གིས་ཁོ་མི་ཁྱད་མཚར་པོ་ཞིག་དང་། ཡ་ང་བའི་ཡུལ། མདོག་མི་མཛེས་ལ་མི་ཚེའི་འཚོ་སྟངས་མི་ཤེས་མཁན་གྱི་གཞོན་པ་ཞིག་ཏུ་གྱུར། དོན་དུ་ཁོ་པར་དེ་འདྲའི་བརྩེ་དུང་ཐོབ་མ་མྱོང་བ་ལ་བརྟེན་ནས་མི་གྲལ་ལ་མ་ཚུད་པའམ་མི་ཆ་ཚང་བ་ཞིག་ཏུ་གྲུབ་མེད། རྩོམ་ཡིག་ནང་སྟབས་ལེགས་པ་ཞིག་ལ་ཁོ་པར་སྟེས་དབང་གིས་ཁོ་དང་ལས་དབང་འདྲ་བའི་བུད་མེད་ཅིག་ཕྲད་པས་དེར་ཁོ་བརྩེ་དུང་ངོ་མ་ཆགས། “བརྩེ་དུང་འདི་ནི་ཁོས་བུད་མེད་སྔོན་མ་གཉིས་ལ་རྩ་བ་ནས་ཆགས་མ་མྱོང་བ་ཞིག་རེད”ལ་དོན་དངོས་ཐོག་ཁོའི་ངོས་ནས་བཤད་ན་བརྩེ་དུང་གི་ཚོར་བ་ངོ་མ་ཞིག་ད་བར་མྱངས་མྱོང་མེད། སྟབས་ལེགས་པའི་སྟེས་དབང་ངམ“བརྩེ་དུང”གི་རྐྱེན་པས“ར་ལོ་དངོས་གནས་མི་གཞན་ཞིག་ཏུ་འགྱུར་བ་བྱུང་བ་དང་ཐ་ན་ཁོའི་སྣ་མདོའི་བསྣབས་དེའང་ལྡབ་འགྱུར་གྱིས་ཇེ་ཉུང་དུ་སོང་བ་རེད”དེ་ནས་འགོ་ཚུགས་ཏེ་ར་ལོའི་འཚོ་བར་འགྱུར་བ་སོང་ཡོད་ལ་ཁོའི་གཤིས་ཀ་དང་གཟུགས་བརྙན་ལའང་འགྱུར་བ་སོང་བ་བཅས་བརྩེ་དུང་གིས་ར་ལོ་འཇིག་རྟེན་པའི་མི་ངོ་མ་ཞིག་ཏུ་བསྐྲུན་པ་མ་ཟད། མིའི་རིགས་ཀྱང་བརྩེ་དུང་གིས་བསྐྲུན་པའི་གནས་ལུགས་མཚོན་ཡོད། དེ་བཞིན《ལྷ་གཡག》ནང་གི“ཕ”དང་སྲོལ་ཡིག་རྒན་གཞོན་དབར་གྱི་བརྩེ་དུང་དང《གཞིས་བྱེས་ལྷན་འཛོམས》ནང་གི་ཨ་ཡེ་རྡོ་རྗེ་སྐྱིད་དང་ཡུལ་གྱར་དུ་ཕྱིན་པའི་བུའི་དབར། ཕ་གཞི་ཚོ་པའི་མི་རྣམས་དང་ཡིག་སྐྱེལ་བ་ཕ་བུ་གཉིས་བར་གྱི་བརྩེ་དུང་བཅས་ནི་གངས་རིས་བསྐོར་བའི་ཞིང་ཁམས་འདིའི་མིའི་སེམས་རྒྱུད་བབས་ཆགས་ཤིང་རྣམ་དག་བཅོས་མིན་གྱི་བརྩེ་སེམས་ཤིག་ཡིན་པར་བསྔགས་བརྗོད་བྱས་པ་ཡིན།   
          གསུམ། སྲོལ་རྒྱུན་རིག་གནས་ལ་བཟུང་བའི་བསམ་གཞིགས།   
          སྲོལ་རྒྱུན་རིག་གནས་ཞེས་པ་ཤིན་ཏུ་ནས་རྒྱ་ཆེ་བའི་ཐ་སྙད་ཅིག་ཡིན་མོད། འདིར་བརྗོད་པ་ནི《གཞིས་བྱེས་ལྷན་འཛོམས》 ནང་རྩོམ་པ་པོ་མང་པོ་ཞིག་གིས་བོད་ཀྱི་སྲོལ་རྒྱུན་གོམས་སྲོལ་དང་། བསམ་གཞིགས་བྱེད་སྟངས། འཇིག་རྟེན་ལྟ་ཚུལ་སོགས་ལ་དོ་སྣང་དང་རང་ངོས་ཀྱི་འདོད་བློ་གླེང་འདུག་པ་དེ་དག་གཞིར་བཞག་གིས་དབྱེ་ཞིབ་བྱ་རྒྱུ་དེ་ཡིན། སྤྱིར་སྲོལ་རྒྱུན་རིག་གནས་ཞེས་པ་དེ་ཐོག་མ་གྲུབ་པ་ནས་བར་དུ་འཕེལ་རྒྱས་དང་མཐར་འཇིག་པ་སོགས་ཀྱི་རང་ངོས་ཀྱི་བརྒྱུད་རིམ་ཞིག་ཡོད་པས་དེ་ནི་མི་རེ་གཉིས་ཀྱི་འདོད་བློས་གཏན་འཁེལ་དང་ཐག་གཅོད་བྱེད་ཐུབ་པ་ཞིག་མ་ཡིན་པ་ནི་ཀུན་གྱིས་ཤེས་གསལ་རེད། འོན་ཀྱང་དེང་རབས་པའི་མི་ཞིག་དང་ཡང་སྒོས་རྩོམ་པ་པོ་ཞིག་གི་ངོས་ནས་བཤད་ན་དེ་དག་ལ་བསམ་གཞིགས་དང་རང་གི་འདོད་ཚུལ་སྟོན་རྒྱུ་ནི་འོས་འགན་ཡིན་ལ་ཆོས་ཉིད་དང་མཐུན་པ་ཞིག་ཀྱང་ཡིན། དེས་ན་རིག་གནས་ལ་བསམ་གཞིགས་བྱེད་པ་དེ་དུས་རབས་གསར་པའི་བརྩམས་སྒྲུང་ཁྲོད་གོ་གནས་ངེས་ཅན་ཞིག་བཟུང་ཡོད་ལ་ཁོ་བོའི་བསམ་པར་མ་འོངས་པའི་དུས་རབས་ངེས་ཅན་ཞིག་ནང་ད་དུང་མུ་མཐུད་རྩོད་གཞི་དང་། གླེང་བརྗོད་བྱ་གཞི། བསམ་གཞིགས་ཀྱི་ཡུལ་བཅས་སུ་གྲུབ་ནས་གནས་སྲིད་སྙམ། དེ་ལྟར་བརྩམས་སྒྲུང་གསར་པའི་བརྩམས་ཆོས་ཁྲོད་དེ་མཚུངས་འདོད་ཚུལ་སྣ་ཚོགས་པ་འདུག་སྟེ་དཔེར་ན་གཡང་མཚོ་སྐྱིད་ཀྱིས་བྲིས་པའི《རྩྭ་ཐང་གི་ཉིན་ཐོ》ལ་ཆ་མཚོན་ན་དེ་ནི་བཙན་ཤེད་གཉེན་སྒྲིག་གི་སྲོལ་ལུགས་ལ་དགག་པ་བརྒྱབ་པ་ཞིག་ཡིན་ལ། བརྩམས་བྱ་དེའི་རིགས་བོད་ཀྱི་དེང་རབས་རྩོམ་ཡིག་ནང་མཐོང་རྒྱུ་ཤིན་ཏུ་མང་ལ་དེ་ནི་བོད་ཀྱི་སྤྱི་ཚོགས་འཚོ་བའི་ཁྲོད་གནས་དང་གནས་མུས་ཡིན་པའི་གོམས་སྲོལ་ཞིག་ཡིན། (འོན་ཀྱང་དེ་ནི་བོད་ཀྱི་དམིགས་བསལ་ཡུལ་གོམས་ཤིག་མིན) བརྩམ་བྱ་དེ་རྣམ་པའི་ཐོག“གསེར་བཟང་ཐང”དུ་བྱུང་བའི་བྱ་བ་ཞིག་ཉིན་ཐོའི་ཚུལ་དུ་བྲིས་ཤིང་དེར་ཪྙོག་འཛིང་ཆེ་བའི་བྱུང་རིམ་མེད་པར་ཁུངས་སྣེ་གཅིག་དང་རྩོམ་ཡིག་ཁྲོད་ཀྱི་མི་སྣའི་ལབ་གླེང་ཁོ་ནས་སྲོལ་རྒྱུན་རིག་གནས་ཀྱི་སྣང་ཚུལ་ཞིག་མཚོན་པར་བྱས་ཡོད། དེའི་ནང་ལབ་གླེང་གི་ཡུལ་ནི“སྒྲོལ་དཀར”ཡིན་མོད། འོན་ཀྱང་སྒྲོལ་དཀར་རང་ངོས་ཀྱིས་བཙན་བཤེད་གཉེན་སྒྲིག་གི་དོན་དེར་ཐད་ཀར་རྩོད་གླེང་དང་ཁ་གཏད་དུ་ལངས་པའི་རྣམ་འགྱུར་བསྟན་མེད་ལ་རྩོམ་པ་པོས་ཀྱང་དགེ་སྐྱོན་དང་ཡིན་མིན་གྱི་དཔྱད་པ་བྱས་མེད་ཅིང་། རྩོམ་ཡིག་ཁྲོད་ཀྱི་མི་སྣའི་ལབ་གླེང་ཁོ་ནའི་ཁྲོད་ནས་དོན་འདི་འདྲ་ཞིག་བསྟན་པ་སྟེ། དེ་ཡང་རྩྭ་ཐང་སྟེང་དུ་ཡུན་རིང་གི་སྲོལ་རྒྱུན་བག་ཆགས་ཀྱི་དབང་གིས་རང་གི་བུ་ཕྲུག་དེ“མོ་དཔེ་རྩིས་གསུམ”ལ་བརྟེན་ནས་ལས་དབང་གཏན་འཁེལ་དང་བུ་ཕྲུག་རང་ངོས་ཀྱི་མ་མཐའི་རང་དབང་འཕྲོག་བཅོམ་དང་དེས་མི་གཤིས་ལ་གནོད་སྐྱོན་ཚབས་ཆེན་བཏང་ཡོད་པ་དེ་རེད། དེ་ལྟ་སྟེ། ཕ་ནོར་འབུམ་གྱིས“དྲིས་ཀྱང་མ་དྲིས་རུང་། འཐད་ཀྱང་མི་འཐད་རུང་སྟེར་དགོས། གཉེན་ཚང་དེ་གཅིག་ནས་ངའི་མནའ་ཆེད་ཡིན། གཉིས་ནས་ངའི་དབུལ་གྲོགས་ཡིན། གསུམ་ནས་ང་ལ་བླ་མའི་ལུང་བསྟན་ཡོད” ཅེས་ཧ་ལམ་སེམས་མེད་ཀྱི་བེམ་པོ་བརྗེ་རེས་བྱེད་པ་དང་འདྲ་བ་ལས་མི་གཤིས་ལ་མ་མཐའི་དབང་ཆ་ཙམ་སྤྲད་མེད་པར་བྲིས་ཤིང་། བུ་མོ་རང་གིས་ཕ་ལ་ཁ་ལན་ཚིག་གཅིག་ཀྱང་སློག་པ་མ་བྲིས་པར་ཨ་ནེ་དང་ཨ་ཁུའི་གཏམ་གླེང་བརྒྱུད་ཁོ་མོར་ཡ་ངའི་སྐྱོ་འབྲས་ཡོང་རྒྱུའི་ལྐོག་བརྡ་ཞིག་བསྟན་ཡོད་ལ་ཁོ་མོའི་འཐབ་རྩོད་དམ་གྱེན་ལོག་གི་རྣམ་འགྱུར་མཚོན་བྱེད་ནི“རེ་ཐག་ཆད་པའི་མིག་མདངས་དང་ཞམ་ཞམ་དུ་ལྷུང་བའི་མཆི་མ་འབའ་ཞིག་ཡིན”ལ་དེ་ལས་ཀྱང་ཉེན་ཁ་ཆེ་བ་ཞིག་ནི“ལྦ་ཁུང་ལ་དུ་བ་བརྒྱབ་ན། སྲོག་འབུལ་དུ་སྒོ་ཁར་ཐོན་ཡོང་ཟེར་བ་ལྟར”ལས་མ་འདས། ཁོ་མོའི་ངོས་ནས་བཤད་ན་མ་མཐའི་སྐད་ཆ་ཤོད་པའི་དབང་ཆའང་མེད། མོས་སེམས་ནང་གི་སྐད་ཆ་དག་དུད་འགྲོ་ཐུལ་མ་ཞིག་ལ་བརྗོད་བསམས་ཀྱང་དུད་འགྲོ་དེས་ཀྱང“བསུན་སྣང་གི་འཕྲ་ཞིག་བརྒྱབ”ནས་མོའི་སྐད་ཆ་ཉན་པར་མི་འདོད་པ་དེས་ཐ་ན་དུད་འགྲོས་ཀྱང་བཪྙས་བཅོས་བྱེད་པ་བཅས་མདོར་ན་རྩོམ་ཡིག་དེའི་ནང་ནུ་བོ་ཚེ་དབང་གིས་བཤད་པའི“སེམས་ཁུར”གྱེ་སྐད་ཆའམ་ཨ་མ་འཛོམས་སྐྱིད་ཀྱིས་བཤད་པའི“སྙིང་ཉེ་བའི”གཏམ་སོགས་གང་ཡིན་རུང་ཚང་མ་སྒྲོལ་དཀར་གྱིས་མཚོན་པའི་རྩྭ་ཐང་དེའི་སྟེང་གི“གྲངས་མེད་བག་གསར་གྱི”བརྩེ་དུང་གི་རང་དབང་བཅོམ་མཁན་ཁོ་ན་ཡིན། དེས་ན་བརྩམས་བྱ་དེའི་རྩོམ་སྟངས་ཀྱི་ཁྱད་ཆོས་དང་ནང་དོན་གྱི་མངོན་སྟངས་བཅས་ཕྱོགས་ཡོངས་ནས་སྤྱིར་བཏང་གི་བཙན་བཤེད་གཉེན་སྒྲིག་ལ་ངོ་རྒོལ་བྱས་པ་ཙམ་མ་ཡིན་པར་སྲོལ་རྒྱུན་གྱི་གོམས་གཤིས་ངན་པའི་ཞགས་པ་དེས་མིའི་རང་གཤིས་དག་ཡོངས་སུ་བཅིངས་ནས་སྒྲོལ་དཀར་གྱིས་མཚོན་པའི་རྩྭ་ཐང་སྟེང་གི་བུད་མེད་རྣམས་ལ་སྡུག་བསྔལ་ཚད་མེད་སྦྱིན་པར་བྱས་པ་མཚོན་པས་རྩོམ་ཡིག་དེའི་བརྗོད་སྙིང་གཏིང་ཟབ་པ་དང་སྤྱི་ཚོགས་ཀྱི་འབྲས་བུ་ཐོན་ཐུབ་པ་ཞིག་ཡིན།   
          གཞན་ཡང་བོད་དབུས་གཙང་ཁུལ་དུ་ལོ་ངོ་དུ་མའི་ནང་འཇགས་པའི་སྲོལ་རྒྱུན་ངན་པ་ཞིག་ཡོད་པ་ནི“མགར་བཤན”རིགས་ངན་པའམ་དམན་པར་ལྟ་བ་དེ་ཡིན། དེ་ནི་དུས་རབས་གསར་པའི་བརྩམས་སྒྲུང་ནང་རྟག་ཏུ་མཐོང་བའི་ནང་དོན་ཞིག་ཡིན་ལ། བོད་ཀྱི་དེང་རབས་འཚོ་བའི་ཁྲོད་དུའང་གནས་བཞིན་པ་ཞིག་ཡིན་པས་རྩོམ་པ་པོ་མཚམས་གཅོད་ཀྱིས་བྲིས་པའི《རིགས་རུས》ཞེས་པ་དེས་དེ་འདྲའི་སྲོལ་རྒྱུན་ངན་པར་ཁ་བརྡུང་བཏང་ནས་མིའི་དབར་གྱི་འདྲ་མཉམ་མིན་པ་དང་དེ་ལས་བྱུང་བའི་མཐའ་འབྲས་ལ་སྙིང་རྗེ་དང་གདུང་སེམས་མཉམ་སྐྱེ་བྱས་ཡོད།   
《རིགས་རུས》ཞེས་པ་དེའི་ནང་རྩོམ་པ་པོས་ཐབས་མཁས་ཀྱི་སྒྲིག་གཞིའི་བཀོད་པར་བརྟེན་ནས“རིགས་རུས་ངན་པའི”མི་རབས་གསུམ་གྱི་སྟེང་དུ་བྱུང་བའི་སྡུག་བསྔལ་རྒྱས་འདྲེན་བྱས་ཡོད། དེ་ཡང་གཙོ་བོའི་མི་སྣ་ཨ་ཅག་ཀུན་བཟང་ལྷ་མོའི་མི་ཚེ་གང་གི་དཀའ་ངལ་གཙོ་བོར་བརྗོད་ནས་ཁོང་གི་ཕ་མ་དང་། ཕ་མེས། དེ་བཞིན་མི་རབས་ཕྱི་མ་བཅས་ཀྱི་ལས་དབང་དེ་ལྡོག་འཇུག་གི་འབྲི་ཐབས་ལ་བརྟེན་ནས་སྔ་རྗེས་སུ་རྒྱུད་འདེད་ཀྱི་དྲན་གསོ་ཐེངས་གསུམ་བྱས་ཡོད། དང་ཐོག་ཨ་ཅག་ཀུན་བཟང་ལྷ་མོ་བྱིས་པའི་དུས་ཀྱི་མཐོང་ཆུང་མྱོང་ལུགས་དང་། དེ་རྗེས་ཆེར་ལོངས་རྗེས་གྲོང་པ་ཁྱིམ་མཚེས་ཀྱིས་རང་ཉིད་ལ་མཐོང་ཆུང་མྱོང་ལུགས།  ཕ་མེས་ཀྱིས་མཐོང་ཆུང་མྱོང་བའི་སྐོར་བྲིས་ནས་མགར་བའི་རིགས་དམན་པར་འཛིན་པའི་བག་ཆགས་ངན་པ་དེ་གཅིག་ནས་ལོ་རྒྱུས་སྟེང་གི་བྱ་དངོས་ཞིག་ཡིན་པ་དང་། གཉིས་ནས་མི་རབས་སྔ་མ་གང་གི་དུས་ལའང་དོན་དེ་ཡང་སྙིང་ཇི་འདྲ་ཡིན་མིན་གསལ་བཤད་བྱེད་མཁན་བྱུང་མེད་ལ་དེ་ལ་བསམ་གཞིགས་བྱེད་མཁན་བྱུང་མེད་པར་ཕ་ཚ་བུ་བརྒྱུད་ཚང་མས་རང་གི་ལས་དབང་ལ་རྦད་དེ་ཡིད་ཆེས་མི་བྱེད་ཀ་མེད་བྱུང་བ། དུས་རབས་གསར་པའི་ནང་བུ་བསོད་ནམས་ཚེ་རིང་གིས་དོན་དེར་བསམ་གཞིགས་ལེགས་པར་བྱས་པ་བཅས་ནི་རྩོམ་ཡིག་དེའི་བརྗོད་བྱའི་སྙིང་པོ་ཡིན་ལ་དེ་ནི་དུས་རབས་གསར་པའི་གཞོན་ནུས་སྲོལ་རྒྱུན་གྱི་ཡང་མ་དག་པའི་རིག་གནས་ལ་བཏོན་པའི་བསམ་གཞིགས་ཤིག་ཀྱང་ཡིན། དེ་ལྟར་དུས་རབས་གསར་པའི་ཚབ་བྱེད་མི་སྣ་བསོད་ནམས་ཚེ་རིང་གིས“ཚན་རིག་དང་རྨོངས་དད། རྙིང་པ་དང་གསར་པ། ཡར་ཐོན་དང་རྗེས་ལུས། གསར་གཏོད་དང་བག་ཁུམས”བཅས་ལ“ད་དུང་བསམ་གཞིགས་དང་དབྱེ་ཞིབ་ལེགས་པར་གཏོང་དགོས་པའི”བསམ་གཞིགས་བྱེད་འགོ་བརྩམས་ཤིང་། དེས་མི་རྣམས་ལ་དེ་འདྲའི་སྲོལ་རྒྱུན་དེས་ཤེས་རིག་དང་ལྡན་པའི་གནའ་བོའི་མི་རིགས་ལ་བསམ་པའི་རྨ་རྗེས་བཞག་པ་དང་དེར་བསམ་གཞིགས་བྱ་རྒྱུའི་སྐུལ་མ་བཏང་བ་དང་འབྲེལ་ཁ་རྡུང་ཡང་བཏང་བ་རེད།   
གལ་སྲིད་ང་ཚོས་གོང་དུ་བཤད་པའི《རྩྭ་ཐང་གི་ཉིན་ཐོ》དང《རིགས་རུས》གཉིས་ཀྱིས་བོད་ཀྱི་ཡུལ་གོམས་རིག་གནས་ལ་དག་ཐེར་དང་བསམ་གཞིགས་བྱས་པ་ཡིན་ཟེར་ན་བཀྲ་ཤིས་ཟླ་བས་བརྩམས་པའི《བོད་ལྗོངས་-རྒྱུན་བུའི་མདུད་པ་ལ་བརྒྱུད་པའི་རྣམ་ཤེས》ཞེས་པ་དེས་བོད་མིའི་རྣམ་ཤེས་སམ་སེམས་ཁམས་ཀྱི་སྙིང་པོར་བསམ་གཞིགས་བྱས་པ་རེད་ཅེས་ལོས་བཤད་ཆོག མི་རིགས་ཤིག་གི་རྣམ་ཤེས་སམ་སེམས་ཁམས་དེ་རྩོམ་པ་པོ་ཞིག་གི་འདོད་བློས་བཅོས་སུ་རུང་བ་ཞིག་མ་ཡིན་མོད། འོན་ཀྱང་རྩོམ་པ་པོས་བློ་ཁོག་ཆེན་པོས་དོན་དེར་བསམ་གཞིགས་དང་ཡང་ན་ཟུར་ཟ་བཅས་བྱེད་ཕོད་པ་ནི་རྩོམ་པ་པོས་དུས་རབས་ལ་འགན་ཁུར་བའི་རྟགས་མཚན་ཞིག་ཡིན།   
          དེ་ཡང་བརྩམས་སྒྲུང་དེའི་ནང“རྟོག་སྣང་དང་དངོས་དོན”སྤེལ་མར་བྱས་ནས་དངོས་དོན(འཚོ་བ)ཐོག་སྲོལ་རྒྱུན་རིག་གནས་ཀྱིས་བསྐྲུན་པའི་བོད་པའི་སེམས་ཁམས་ལ་འདང་རྒྱག་དང་འབྲེལ་མཐོང་དུ་མེད་པའི་བོད་པའི་སེམས་ཁམས་དེ་མཐོང་རྒྱུ་ཡོད་པའི་འཚོ་བའི་ཁྲོད་ཀྱི་མི་སྣ་གཉིས་ཀྱི་གཟུགས་སུ་བཀོད་ནས(མ་གཞི་བརྩམས་སྒྲུང་ཁྲོད་ཀྱི་མི་སྣ་ཡིན་མོད་ཀྱང་སྣང་ངོར་འཚོ་བ་དངོས་སམ་བོད་མིའི་སེམས་ཁམས་མཚོན་བྱེད་ཀྱི་མི་སྣར་ངོས་བཟུང་དགོས)སྲོལ་རྒྱུན་རིག་གནས་ཀྱིས་འཚོལ་བཞིན་པའི་འཇིག་རྟེན་ལས་འདས་པའམ་ཐར་ལམ་འཚོལ་བའི་སེམས་ཁམས་ལ་ཟུར་ཟ་དང་རྟོག་སྣང་ངམ་བརྩམས་སྒྲུང་གི་རྣམ་པའི་ཐོག་ནས(དོན་དུ་དེ་གཉིས་གོང་གསལ་མི་སྣ་དེ་གཉིས་རང་ཡིན་མོད། འོན་ཀྱང་སྣང་ངོར་བརྩམས་སྒྲུང་གི་མི་སྣའི་ཚུལ་དུ་ངོས་བཟུང་དགོས)རྩོམ་ཡིག་ཁྲོད་ཀྱི་མི་སྣས་འཇིག་རྟེན་གྱི་འཚོ་བར་ཞེན་ཆགས་དང་ད་ཡོད་ཀྱི་འཚོ་བར་རོལ་ན་སྙམ་པའི་རྩོམ་པ་པོའི་འདུན་པ་མཚོན་པར་བྱས་ཡོད། རྩོམ་ཡིག་ནང“ཉི་མ་ཐོག་མཐའ་བར་གསུམ་ལ་ཤར་ནས་ནུབ་ཏུ་རྒྱུ་ཞིང་འཇིག་རྟེན་སྔར་བཞིན་རང་གི་ཆོས་ཉིད་ལྟར་དུ་གནས་ཤིང་འགུལ་བསྐྱོད་བྱེད་བཞིན་འདུག   ཉིན་མཚན་བསྣོལ་མར་འབྱུང་བཞིན་ཡོད་ནའང་ངའི་ཆུ་ཚོད་ཀྱི་མདའ་རྩེའི་ཟླ་ཚེས་གཟའ་སྐར་གྱི་ཉིན་ཐོ་རྣམས་རེ་རེ་བཞིན་ལྡོག་ནས་འགྲོ་བ་དེས་ངའི་སྣང་བ་འཁྲུལ་བཅུག”ཅེས་སྤྱི་ཚོགས་མདུན་དུ་འགྲོ་བཞིན་ཡོད་ནའང་བོད་པའི་སེམས་ཁམས་སམ་ཕུགས་རེ་དེ་ད་ཡོད་སྤྱི་ཚོགས་ལས་ལྡོག་སྟེ་འགྲོ་བའི་དོན་ཚུར་སྣང་བྱས་པ་བཅས་མདོར་ན་བོད་རིགས་ཀྱི་འཚོ་བའི་ཁྲོད་ཀྱི་རྗེས་ལུས་དང་། རྨོངས་པ། དེ་བཞིན་བོད་མིའི་འཁྲུལ་སྣང་གི་ཤེས་པ་དང་དངོས་ཡོད་དང་མ་མཐུན་པའི་འདུ་ཤེས་འཛིན་སྟངས་བཅས་སྒྱུ་རྩལ་གྱི་ཐབས་ལམ་ལ་བརྟེན་ནས་ཀློག་པ་པོའི་མིག་ལམ་ལ་བཤམས་ཡོད་པས་དེ་ལ་སྒྱུ་རྩལ་གྱི་རིན་ཐང་ངེས་ཅན་ལྡན་ཡོད། འོན་ཀྱང་གལ་སྲིད་བརྗོད་བྱ་དེ་དག་སྒྱུ་རྩལ་ཙམ་མ་ཡིན་པར་བོད་མིའི་སེམས་ཁམས་དབྱེ་ཞིབ་བྱ་གཞི་ཞིག་དང་འཚོ་ཐབས་ཀྱི་རིན་ཐང་ལ་དཔྱད་དཔོག་བྱས་པའི་བརྩམ་བྱ་གཅིག་ཏུ་བཞག་ནས་བལྟས་ཚེ་ད་དུང་དཔྱད་གླེང་དང་བརྡར་ཤ་ངེས་ཅན་གཅོད་པའི་དགོས་པའང་ཆེན་པོ་ལྡན་ཡོད།   
          ང་ཚོས《བོད་ལྗོངས-རྒྱུན་བུའི་མདུད་པ་ལ་བརྒྱུས་པའི་རྣམ་ཤེས》ཞེས་པ་དེ་རྟོག་སྣང་དངོས་ཡོད་རིང་ལུགས་ཀྱི་རྩོམ་ཐབས་སྤྱད་ནས་བོད་མིའི་རྣམ་ཤེས་ལ་དྲི་རྟགས་བཀོད་པ་ཞིག་ཡིན་ཟེར་ན་རྡོ་རྗེ་རྒྱལ་མཚན་གྱིས་བྲིས་པའི《གྲོང་བརྡལ་ཆུང་བར་བྱུང་བའི་དོན་ཕྲན》ཞེས་པ་དེ་ནི་དངོས་ཡོད་རིང་ལུགས་ཀྱི་གསར་རྩོམ་བྱ་ཐབས་སྤྱད་ནས་བོད་མིའི་འདུ་ཤེས་འཛིན་སྟངས་ལ་བསམ་གཞིགས་བྱས་པ་ཞིག་ཡིན་ཞེས་བརྗོད་ཆོག   
          བརྩམས་སྒྲུང་དེའི་ནང་སངས་རྒྱས་བཀྲ་ཤིས་ཀྱིས་བྱས་པ་རྗེས་དྲན་བྱས་པའི་རྣམ་པའི་ཐོག་ནས་སངས་རྒྱས་བཀྲ་ཤིས་དང་ཇོ་མོའི་དབར་ཐོག་མའི་འབྲེལ་འདྲིས་དང་བར་གྱི་བརྩེ་དུང་། མཐའ་མའི་ཁ་གྱེས་དང་ཞེན་ཆགས་བཅས་ཀྱི་བྱུང་རིམ་གཞིར་བཟུང་ནས་རྒྱས་འདྲེན་བྱས་ཡོད། བརྩམས་སྒྲུང་དེ་ནི་སྤྱིར་བཏང་གི་ཕོ་མོའི་བརྩེ་སེམས་མཚོན་པའི་བརྩམ་བྱ་ཙམ་མ་ཡིན་ལ་ལས་དབང་ལ་བར་ཆད་བྱུང་བའི་ཕོ་མོའི་འབྲེལ་བ་མཚོན་པ་ཞིག་ཀྱང་མ་ཡིན་པར་དེ་ནི་བོད་ཀྱི་སྲོལ་རྒྱུན་རིག་གནས་དང་དེང་རབས་བསམ་བློའི་འདུ་ཤེས་འཛིན་སྟངས་བར་གྱི་ཁ་གཏད་དུ་ལངས་པའི་འགལ་ཟླ་གསལ་མཚོན་བྱས་པ་ཞིག་ཡིན། དེའང་ཁ་བ་རི་པའི་ཡུལ་གྲུ་འདིའི་སྟེང་སངས་རྒྱས་ཆོས་ལུགས་དར་བ་ནས་བཟུང་དང་ལྷག་པར་དུ་རབ་བྱུང་གི་སྡེ་ཚུགས་པ་ནས་བཟུང་གྲྭ་བཙུན་ནི་བོད་བརྒྱུད་སངས་རྒྱས་ཆོས་ལུགས་ཀྱི་གྲུབ་ཆ་གལ་ཆེན་ཞིག་ཡིན་ཞིང་། དེ་དག་རྒྱ་ཆེ་བའི་བོད་རིགས་མི་དམངས་ཀྱི་སེམས་ཁམས་སུ་གཟི་བརྗིད་ཀྱི་རང་བཞིན་དང་ལྐོག་གྱུར་གྱི་རང་བཞིན་ལྡན་ལ་སངས་རྒྱས་ཆོས་ལུགས་ཀྱི་གཞུང་ལུགས་ནས་བཤད་ནའང་གྲྭ་བཙུན་ནི་སངས་རྒྱས་ཀྱི་བསྟན་པ་འཛིན་སྐྱོང་སྤེལ་གསུམ་བྱེད་མཁན་ཞིག་ཡིན་པས་དཀོན་མཆོག་གསུམ་གྱི་ཡ་གྱལ་ཡང་ཡིན། རྩོམ་ཡིག་ནང་རྩོམ་པ་པོས་འདུ་ཤེས་འཛིན་སྟངས་དེར་བློ་ཁོག་ཆེན་པོས་ཁ་གཏད་དུ་ལངས་ནས་ངོ་རྒོལ་བྱས་ཡོད། གལ་སྲིད་རྩོམ་པ་པོར་ཡ་ལན་སྤྲོད་མཁན་ཞིག་བྱུང་ཚེ(དོན་དུ་དེ་ནི་ཏན་ཏན་ཡོད་ངེས་པ་ཞིག་རེད)དེར་ཇི་ལྟར་ལན་སྤྲོད་དགོས་སམ་སྙམ་ན་རྩོམ་ཡིག་ནང“ཕྱི་དྲོ་ཞིག་ལ་ང་རང་ཇོ་མོའི་སྒར་ལ་ཕྱོགས་ཏེ་འགྲོ་བཞིན་པའི་སྒང་ལ་མི་གཟུགས་རིང་གསུམ་གྱིས་བཀག་བྱུང་་་་་་མི་གཤིས་དང་བྲལ་བའི་དུད་འགྲོ་ཞེས་ང་ལ་སྡིགས་མོ་བྱེད་བཞིན་བསྐོར་ནས་གཅར་རྡུང་བྱས” ཞེས་དང་དེ་དག་ལ་ཡ་ལན་མ་སྤྲད་པ་དེར་ཁོ་རང“ད་ལྟའི་བར་དུ་ཡ་མཚན་སྐྱེས” ཡོད་ལ“ཁོ་ཚོ་སྙིང་རེ་རྗེ་སྙམ་ནས་གནས་དེར་ལངས་ཏེ་གཅར་རྡུང་བྱེད་དུ་བཅུག”ཅེས་པ་འདི་ལྟའི་འགལ་ཟླ་དང་གླེང་བརྗོད་ནི་རྩོམ་དེའི་འགག་གནད་ཡིན། དེས་ན་སྒྱུ་རྩལ་གྱི་ཐབས་ལམ་ལ་བརྟེན་ནས་དེ་ལྟའི་འདུ་ཤེས་འཛིན་སྟངས་ལ“སྙིང་རྗེས”ཟིན་པ་མ་ཟད། ཁོར་ཡུག་གི་བཀག་རྒྱ་ཇི་ལྟར་ཡོད་རུང་དེ་ལས་རྣམ་པར་རྒྱལ་ཏེ་མཐར་ཇོ་མོ་དང་སངས་རྒྱས་བཀྲ་ཤིས་གཉིས་མོས་ཐོག་ཕྲུ་གུ་ཡིད་དུ་འོང་བ་ཞིག་བཙས་པ་དེ་ནི་རྩོམ་པ་པོའི་བསམ་ཕྱོགས་མཐར་ཐུག་དེ་ཡིན་ལ་སྲོལ་རྒྱུན་འདུ་ཤེས་འཛིན་སྟངས་ལ་དགྲ་ཟླར་ལངས་པའི་མཚོན་བྱེད་ཅིག་ཀྱང་ཡིན།   
          དེས་ན་ང་ཚོས་གོང་དུ་བཤད་པ་ལྟར་སྲོལ་རྒྱུན་རིག་གནས་ལ་བསམ་གཞིགས་དང་དེར་འཛིན་པའི་ལྟ་ཚུལ་རྩོམ་གྱི་བརྗོད་བྱར་བྱས་པ་དེ་དུས་རབས་གསར་པའི་རྩོམ་གྱི་གཙོ་བོའི་ཁྱད་ཆོས་ཤིག་ཏུ་མངོན་པས་དེར་ང་ཚོས་སྲོལ་རྒྱུན་རིག་གནས་ལ་འཛིན་པའི་རྣམ་འགྱུར་ཏེ་སྙིགས་དོར་བཅུད་ལེན་གྱིས་ཡང་དག་པའི་རྣམ་འགྱུར་ཐོག་ནས་དཔྱད་བརྗོད་བྱེད་དགོས་པ་འདུག   
          《གཞིས་བྱེས་ལྷན་འཛོམས》ནང་གོང་གསལ་གྱི་མངོན་ཚུལ་ཁྱད་ཆོས་ཕུད་ད་དུང་བོད་ཀྱི་སྤྱི་ཚོགས་ཧྲིལ་པོའི་མི་མངོན་པའི་ཆ་སྣ་ཚོགས་དང་བསམ་གཞིགས་སྣ་ཚོགས་ཚུད་ཡོད། དོན་ཡོད་ཀྱིས་བྲིས་པའི“ཕ་རྒན་འདས་རྗེས”ཞེས་པའི་བརྩམས་སྒྲུང་དེར་ཆ་མཚོན་ན་དེ་ནི་བརྩམས་སྒྲུང་ཆེས་ཐུང་གྲས་ཤིག་ཡིན་ཞིང་། དེའི་གཙོ་བོའི་ཁྱད་ཆོས་ནི་གཏམ་གླེང་གཙོ་བོར་བྱས་པའི་ཐོག་མི་རྣམས་ལ་ཧང་སངས་པའི་མཐའ་འབྲས་སམ་ཚོར་སྣང་སྦྱིན་པར་བྱས་པ་དེ་ཡིན། དེའང་ཧྥ་རན་སིའི་བརྩམས་སྒྲུང་སྨྲ་བ་མཁས་ཅན་མོ་པོ་སང་གི《མགུལ་རྒྱན》ཞེས་པ་དང་འདྲ་བར་ཚིག་འབྲུ་ཉུང་ཞིང་དོན་ཟབ་པའི་ཐོག་མི་རྣམས་ལ་སླར་ཡང་ལྟ་འདོད་ཀྱི་ཚོར་སྣང་སྦྱིན་ཡོད། བརྩམས་སྒྲུང་དེའི་ནང་གི་ཨ་ནེ་སྒྲོལ་བྷེ་ལྟ་བུ་རྟག་པར་སྲང་ལམ་དུ་གང་བྱུང་གིས་རྫུན་གཏམ་བཟོ་མཁན་གྲས་ཀྱི་སྐྱེ་བོར་ཟུར་ཟ་བྱས་པ་དང་། ཡང་ཕ་རྒན་འདས་པ་དེ་ཁྱིམ་ཚང་གི་ཆག་སྒོ་ཡིན་ཁུལ་བྱེད་པ་ལས་མི་གསོན་པོ་མེད་ཚེ་གཉེན་ཉེ་དུའི་འདུ་ཤེས་ཀྱང་བརླག་པར་བྱེད་པའི་འཇིག་རྟེན་མིའི་རང་གཤིས་ངན་པ་ཐེར་འདོན་དང་འབྲེལ་དགག་པ་བརྒྱབ་ཡོད། དེས་ན་བརྩམས་སྒྲུང་དེར་སྤྱི་ཚོགས་སློབ་གསོའི་ནུས་པ་ངེས་ཅན་ལྡན་པ་ཙམ་མ་ཟད། མི་གཤིས་ཀྱི་ངོ་བོའི་མི་མངོན་པའི་སྐྱོན་མཚང་ཡང་སྟོན་ཡོད།   
དེ་བཞིན་སྦྱང་ཚེར་གྱིས་བྲིས་པའི《ལ་རྒྱ》ཞེས་པ་དེ་ནི་དེང་རབས་གཞོན་ནུ་མི་ཉུང་བ་ཞིག་གི་མཚོན་བྱེད་གསོན་པོ་ཞིག་ཡིན། རྩོམ་ཡིག་དེའི་ནང་མི་སྣ་ABCགསུམ་གྱི་གླེང་བརྗོད་བརྒྱུད་དེ་དེང་སྐབས་སྤྱི་ཚོགས་དང་ལྷག་པར་དུ་ཤེས་ཡོན་ཅན་གྱི་ཁྲོད་དུ་ཁ་ནས་བརྒྱ་བཤད་སྟོང་བཤད་བྱེད་པ་ལས་རང་ཉིད་ཆང་རག་གི་རྒྱ་མཚོའི་ནང་རོལ་ནས་མི་རིགས་ཀྱི་མདུན་ལམ་དང་འཕེལ་རྒྱས་ལ་སྣང་འཇོག་གཏན་ནས་མི་བྱེད་པའི་སྣང་ཚུལ་ལ་ཟུར་ཟ་བྱས་ཡོད།  ABCགསུམ་གྱིས་ལོ་རྒྱུས་ནས་ཆབ་སྲིད་དང་། རྩོམ་རིག་ནས་དཔལ་འབྱོར། གནའ་ནས་དེང་བར་བཅས་ཧ་ལམ་མ་ཁྱབ་པ་མེད་པར་ཤོད་ཅིང་། བསམ་བློར་བཅིངས་འགྲོལ་དང་ལྟ་བ་གསར་བརྗེ་བྱེད་དགོས་ཞེས་ཤོད་ལ་བོད་ལའང་ཧྲ་ཧྲེ་པི་ཡ་དང་ཀོ་མོ་རོ། ལུའུ་ཤུན་ལྟ་བུའི་རླབས་ཆེན་གྱི་རྩོམ་རིག་གི་གདོང་ལེན་པ་དགོས་ཞེས་བཤད་ཀྱང་ཁོ་ཚོ་རང་ཉིད་ནི་ཆང་རག་གི་རྒྱ་མཚོའི་ནང་དུ་ར་རོ་བཞིན་དུ་གནས།   ཁོ་ཚོས་ཁ་ནས“ལ་རྒྱ”ཤོད་ཀྱང་ཁོ་ཚོ་རང་ཉིད་ནི་བཟི་རྒྱུ་འབའ་ཞིག་ལས་མ་འདས་པའི་སྣང་ཚུལ་ལ་རྩོམ་པ་པོས་ཟུར་ཟ་དང་ཉེན་བརྡ་སྤྲད་པ་དེ་ནི་རྩོམ་དེའི་རིན་ཐང་ཡིན།   
          གོང་གསལ་དག་ནི《གཞིས་བྱེས་ལྷན་འཛོམས》ཀྱི་བརྩམས་བྱ་ཁག་གི་དགེ་མཚན་གྱེ་ཆ་ལ་གླེང་བརྗོད་རགས་ཙམ་ཞིག་བྱས་པ་ཡིན།   
གསུམ་པ། བརྩམ་བྱའི་ཞན་ཆར་དཔྱད་པ།   
          འཇིག་རྟེན་གྱི་བྱ་དངོས་ཡོད་དོ་ཅོག་དགེ་སྐྱོན་གྱི་རྟེན་འབྲེལ་ལས་གྲུབ་པ་ཤ་སྟག་ཡིན་ན་ལྟོས་མེད་ཀྱི་བདེན་པ་ཞིག་ནི་ཅི་ལ་འོང་། བོད་ཀྱི་དེང་རབས་རྩོམ་རིག་གསར་རྩོམ་དང་ཡང་སྒོས་སུ་བརྩམས་སྒྲུང་གསར་རྩོམ་གྱི་ངོས་ནས་བཤད་ན་འགོ་ཚུགས་མ་ཐག་ཡིན་པ་དང་།  རྩོམ་པ་པོའི་སྟོབས་ཤུགས་ཞན་པ། མཐོང་ཆེན་བྱེད་མཁན་ཉུང་བ་སོགས་ཀྱི་སྐྱོན་མི་ཉུང་བ་ཞིག་ཡོད། དེ་བཞིན《གཞིས་བྱེས་ལྷན་འཛོམས》ཀྱི་རྩོམ་ཡིག་ཕྱོགས་བསྡུས་དེ་ཡང་ཆ་ཚང་བའི་བདེན་པ་དང་སྐྱོན་བྲལ་གྱི་ཕུང་པོ་ཞིག་ག་ལ་ཡིན། དེས་ན་གཤམ་དུ་ཁོ་བོས་བརྩམ་བྱ་དེའི་ནང་སྣང་ཆུང་དུ་སོང་བའི་གནད་འགའ་ཞིག་གླེང་བར་བྱ་སྟེ། ཕུལ་བྱུང་གི་བརྩམ་བྱ་ཞིག་ཡིན་ན་དེས་མི་རིགས་ཤིག་གི་བློ་སྟོབས་བསྐྱེད་ཐུབ་པ་དང་སྤྱི་ཚོགས་གོང་དུ་འཕེལ་བར་སྐུལ་འདེད་ཀྱི་ནུས་པ་འདོན་ཐུབ། རྩོམ་པ་པོའི་ངོས་ནས་བཤད་ནའང་ངེས་པར་དུ་དུས་རབས་ལ་རྒྱང་བལྟ་བྱེད་ཐུབ་པ་དང་མི་ལ་སྐུལ་སློང་བྱེད་ཐུབ་པའི་ཀུན་སློང་ཞིག་དགོས།  གོང་གསལ་བརྩམས་ཆོས་འགའ་ཞིག་གིས་དེའི་ཐད་ནུས་པ་དེ་ཙམ་ཐོན་མེད་པ་སྟེ་ནང་དོན་ལ་མཚོན་ན《ལ་རྒྱ》ཞེས་པའི་བརྩམ་བྱ་དེ་ནི་བོད་ཀྱི་དེང་རབས་གཞོན་ནུ་མང་པོ་ཞིག་གི་མ་རབས་ཀྱི་བསམ་བློའི་མངོན་ཚུལ་མཚོན་པ་ཞིག་ཡིན་པས། རྩོམ་པ་པོས་ངེས་པར་དུ་དུས་རབས་ཀྱི་མདུན་དུ་ལངས་ནས་དེ་དག་ལ་བློ་སྟོབས་སྐྱེ་བ་དང་རེ་བ་འཆར་བ་བྱེད་དགོས་པ་ཞིག་ཡིན། འོན་ཀྱང་རྩོམ་དེའི་མཇུག་ཏུ“འདི་ནི་གནམ་གཤིས་ཀྱི་དྲོ་གྲང་སྙོམས་ཤིང་བསིལ་འཇམ་རླུང་བུ་དལ་བུར་ལྡང་བའི་ཉིན་ཞིག་གི་ཕྱི་དྲོ་སྟེ་ABCགསུམ་སླར་ཡང་མཁར་གྲོང་ཆུང་བའི་བཞི་མདོའི་སྲང་ལམ་དུ་འབྱོར་བྱུང”ཞེས་རྩོམ་མཇུག་བསྡུས་ཡོད། རྩོམ་མཇུག་དེའི་ཐོག་ནས་ནང་དོན་འདི་འདྲ་ཞིག་མཐོང་ཐུབ་པ་སྟེ་ABCཡིས་མཚོན་པའི་བོད་ཀྱི་དེང་རབས་གཞོན་ནུ་དག་ནམ་ཡང་དེ་ལྟར་འཚོ་བ་སྐྱེལ་བ་དང་དེ་ལྟར་དུས་འདའ་བར་བྱེད་པ་དེ་ཡིན།  དེ་ནི་རྩོམ་པ་པོའི་ངོས་ནས་བཤད་ན་དེ་བས་དགོངས་པ་ལེགས་པོ་ཞིག་བཞེས་དགོས་པ་སྟེ།  འོ་ན་ང་ཚོའི་མི་རིགས་འདིར་ད་ནས་བཟུང་རེ་བ་མེད་དམ། འཚོ་བ་དེ་ལྟ་བུར་རོལ་རྒྱུ་དེ་དུས་རབས་འདི་ཙམ་མ་ཟད་དུས་རབས་ཕྱི་མའི་བོད་རིགས་གཞོན་ནུའི་འཚོ་ཐབས་སུ་ངེས་སམ།  དེ་བཞིན《ལྕགས་གླང》ཞེས་པའི་ནང་བྲིས་པའི་ཕུན་ཚོགས་ནི་དོན་དུ་དུས་རབས་དམིགས་བསལ་ཅན་གྱི་འོག་ཐོན་པའི་མི་ཞིག་ཡིན་ཞིང་། རྩོམ་པ་པོས་གྲོང་སྟོད་ཁང་གསར་ལ་བྱུང་བའི་ཆག་སྒོ་མང་པོ་ཞིག་གི་རྒྱུ་ཕུན་ཚོགས་ཀྱི་སྟེང་དུ་གཡོགས་ཡོད་པས་དེ་ནི་དེང་རབས་རྩོམ་པ་པོ་ཞིག་གི་ངོས་ནས་བཤད་ན་བློ་ཕམ་དགོས་པ་ཞིག་རེད། དེ་ཡང་ཚོང་ཟོག་དཔལ་འབྱོར་གྱི་དུས་ཚོད་འདི་འདྲའི་ནང་ཕུན་ཚོགས་ཀྱི་རང་གཤིས་དང་བསམ་བློ་ཡོངས་སུ་དང་ལེན་བྱེད་མི་དགོས་ཀྱང་ཁོའི་བསམ་བློའི་ཕྱོགས་གཅིག་ལ་ངེས་པར་དུ་གདེང་འཇོག་བྱེད་དགོས་པ་སྟེ་ཁོའི་ལྕགས་གླང་ཉོ་འདོད་ཀྱི་བློ་དང་གྲོང་ཁྱེར་ནང་འཇུག་འདོད་ཀྱི་བསམ་པ་སོགས་ཡིན།  གལ་ཏེ་ཕུན་ཚོགས་ཀྱི་བསམ་བློ་ལྟར་ལྡན་པའི་མི་ཞིག་ད་ལྟའི་འཚོ་བའི་ནང་མ་ཐོན་ཚེ་ནམ་ཡང་ཕུན་ཚོགས་ཀྱི་ཕ་དང་འདྲ་བར་དལ་དལ་ལྷོད་ལྷོད་ཡོད་ཀྱང་ཕ་ཚ་བུ་རྒྱུད་ཚང་མ་དབུལ་ཞིང་རྨོངས་པའི་འཚོ་བ་སྐྱེལ་རྒྱུ་དེ་ལས་མ་འདས་པས་དེ་ནི་ང་ཚོའི་མི་རིགས་ཀྱི་ཕུགས་རེ་མ་ཡིན་ལ་རྩོམ་པ་པོ་ཞིག་གི་ཕུགས་རེ་ནི་དེ་བས་ག་ལ་ཡིན་སྲིད།   
          ཁོར་ཡུག་གིས་མི་གསར་སྐྲུན་བྱས་ཤིང་དུས་རབས་ཀྱིས་མིའི་རང་གཤིས་ཀྱང་བསྐྲུན་པ་ནི་དོན་དངོས་ཡིན། འོན་ཀྱང《རིགས་རུས》ཞེས་པའི་ནང་གི་མཚམས་གཅོད་སྦལ་ལེབ་ལ་ཆ་མཚོན་ན་སྐབས་དེའི་དུས་རབས་ཀྱི་མོའི་རང་གཤིས་བསྐྲུན་པ་མི་འགལ་ཡང་རྩོམ་པ་པོས་བུད་མེད་དེའི་སྒེར་ངོས་ཀྱི་བྱ་བ་དང་སྤྱོད་པ་བྲིས་པ་ཤིན་ཏུ་ནས་ཐལ་དྲགས་པའི་སྐྱོན་ལྷག་པ་དང་།  ཀུན་བཟང་ལྷ་མོ་ནི་དུས་རབས་གཉིས་ཀྱི་སྡུག་བསྔལ་མྱོང་མཁན་ཞིག་ཡིན་མོད་ཀྱང་རྩོམ་པ་པོས་མོའི་སྡུག་བསྔལ་གྱི་རྒྱུ་ངོ་མ་དེ་བཙལ་འཚོལ་བྱས་མེད་པ་བཅས་ལས་རྩོམ་ཡིག་ཧྲིལ་པོའི་རིན་ཐང་ལ་སྐྱོན་བྱུང་ཡོད།   
མི་རིགས་གང་ཞིག་གི་རྩོམ་པ་པོ་ཡིན་རུང་རྩོམ་པ་པོ་དེས་ངེས་པར་དུ་མི་རིགས་དེའི་སེམས་ཁམས་ཀྱི་སྙིང་བཅུད་ངོ་མ་དེ་ཤེས་རྟོགས་བྱུང་ཡོད་མེད་དང་། མི་རིགས་དེའི་རིག་གནས་ཀྱི་སྙིང་བཅུད་ངོ་མ་དེར་རྒྱུས་འདྲིས་ཡོད་མེད་དེ་ནི་རྩོམ་པ་པོ་དེ་ཉིད་མི་རིགས་དེའི་དབུས་སུ་སྙན་གྲགས་འབྱུང་མིན་དང་མི་རིགས་དེའི་ཀློག་མཁན་གྱིས་དང་ལེན་བྱེད་མིན་གྱི་འགག་གནད་ཅིག་ཡིན། 《བོད་ལྗོངས-རྒྱུན་བུའི་མདུད་པ་ལ་བརྒྱུད་པའི་རྣམ་ཤེས》ཞེས་པ་དང་། 《གྲོང་བརྡལ་ཆུང་བར་བྱུང་བའི་དོན་ཕྲན》ཞེས་པ་གཉིས་ལ་མཚོན་ན་བོད་མིའི་རིག་གནས་ཀྱི་སྙིང་བཅུད་དང་བོད་མིའི་སེམས་ཁམས་ཀྱི་སྙིང་པོ་སོགས་ལ་ད་དུང་རྟོག་འཇུག་དེ་ཙམ་ཐུབ་མེད་པའི་ཞན་ཆ་ལྡན་པ་སོགས་དཔེ་མཚོན་ཙམ་བསྟན་པ་ཡིན། །

39.7K

ཐག་རག་ཡིག་བསྒྱུར་མ་ལག

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས།蜀ICP备14009601号-1