༄༅།། མི་རིགས་མཐོ་རིམ་སློབ་གྲྭའི་བོད་ཡིག་དཔེ་ཆའི་དོ་དམ་བརྡ་འཕྲིན་ཅན་དུ་གཏོང་བའི་སྐོར་གླེང་བ།

བསོད་ནམས་འཚོ། རྩོམ་སྒྲིག་པ།ཡོང་ཁུངས།ཀྲུང་གོའི་བོད་རིག་པ། སྤེལ་དུས། 12-05


 བསོད་ནམས་འཚོ།
          ཤེས་བྱའི་དཔལ་འབྱོར་དར་བ་དང་བསྟུན་ནས།  ཐབས་རྩལ་གསར་པ་མགྱོགས་མྱུར་དུ་འཕེལ་བས་མི་རྣམས་ཀྱིས་བརྡ་འཕྲིན་གསར་བཟོ་དང་།  གསོག་འཇོག   བརྒྱུད་སྤེལ།   བེད་སྤྱོད་གཏོང་བའི་ཐབས་དང་རྣམ་པ་བསྒྱུར་བར་བྱས་ཤིང་།   འགྲོ་བ་མིའི་རིག་གནས་ཆགས་པའི་གཞི་དང་བརྒྱུད་སྒྲོག་གི་གཞི་གནས་ཡིན་པའི་དཔེ་མཛོད་ཁང་གི་སྲོལ་རྒྱུན་གྱི་རྣམ་པ་ཡང་གྲངས་རྟགས་ཅན་གྱི་ཕྱོགས་སུ་གྱུར་པ་ཡང་ལྡོག་ཏུ་མེད་པའི་ཆོས་ཉིད་ཅིག་དུ་འཁུམས།  མི་རིགས་མཐོ་རིམ་སློབ་གྲྭའི་དཔེ་མཛོད་ཁང་ཡང་གོང་གི་ཆོས་ཉིད་འདི་ལས་མ་འདས། གཤམ་དུ་ནུབ་བྱང་མི་རིགས་སློབ་ཆེན་གྱི་བོད་ཡིག་དཔེ་མཛོད་ཁང་གི་དཔེ་ཆའི་དོ་དམ་གྱི་ཉམས་མྱོང་དང་སྦྱར་ནས་དེའི་བརྡ་འཕྲིན་ཅན་གྱི་འཛུགས་སྐྲུན་སྐོར་གླེང་བར་བྱའོ། །        
གཅིག
          མཐོ་རིམ་སློབ་གྲྭའི་འཕེལ་རྒྱས་ཀྱི་དགོས་མཁོ་ཡིས་དཔེ་མཛོད་ཀྱི་ཡིག་ཆ་ཇི་ལྟར་བེད་སྤྱོད་ཚུལ་ལ་གནད་དོན་གསར་པ་བཏོན།  ཚན་རྩལ་གྱི་འཕེལ་རྒྱས་དང་བརྡ་འཕྲིན་ཐབས་རྩལ་བེད་སྤྱོད་བཏང་བ་དང་བསྟུན་ནས་བོད་ཡིག་དཔེ་ཆར་འཕྲུལ་ཆས་ཅན་གྱི་བདག་གཉེར་བྱ་ཐབས་ཀྱི་སྐོར་ཕྱིར་མངོན་པར་བྱས་པ་རེད།  
          བོད་ཡིག་དཔེ་ཆའི་བདག་གཉེར་གྱི་བྱ་བ་གཙོ་བོ་ནི་གནའ་དཔེ་འཚོལ་སྡུད་དང་ལེགས་སྒྲིག་བྱེད་པ་དེ་ཡིན་ལ།  ཏང་དང་སྲིད་གཞུང་གི་འགོ་ཁྲིད་ལ་བརྟེན་ནས་བྱ་བ་འདི་མྱུར་དུ་འཕེལ་རྒྱས་བྱུང་།  ད་ལྟ་ཞིང་ཆེན་དང་རྫོང་། རང་སྐྱོང་ལྗོངས་སོ་སོའི་རིམ་པ་མི་འདྲ་བའི་དཔེ་མཛོད་ཁང་དང་ཞིབ་འཇུག་ཁང་སོགས་ཀྱིས་མུ་མཐུད་དུ་བོད་ཀྱི་གནའ་ཡིག་འཚོལ་སྡུད་དང་ལེགས་སྒྲིག་བྱེད་བཞིན་པའི་རྨང་གཞིའི་སྟེང་རིམ་བཞིན་དུ་བོད་ཡིག་དཔེ་མཛོད་ཀྱི་དོ་དམ་ནི་ཚད་ལྡན་ཅན་དང་བརྡ་འཕྲིན་ཅན་དུ་འགྲོ་བཞིན་ཡོད།  
          1.བོད་ཡིག་དཔེ་མཛོད་བྱ་བའི་འཕེལ་རྒྱས་ལ་མི་རིགས་རིག་གནས་ཀྱི་ཉིང་བཅུད་གྱ་ནོམ་པ་ཞིག་འཇོམས་པ།   བོད་ཀྱི་སྤྱི་ཚོགས་ལ་ལོ་རྒྱུས་ཀྱི་དུས་སྐབས་མི་འདྲ་བ་རེ་རེར་ངོ་མཚར་བའི་དཔེ་ཆ་རྣམ་པ་མི་འདྲ་བ་མང་དུ་མཆིས་པ་ནི་དཔེར་ན།  ཆབ་དཔལ་རིག་གསུམ། ཆོས་ལུགས། མཚན་ཉིད་རིག་པ། སྐར་རྩིས་རིག་པ།  རྩོམ་རིག་སྒྱུ་རྩལ།  གསོ་བ་རིག་པ་བཅས་ཐད་ཀྱི་དཔེ་ཆ་མང་དུ་མཆིས་པ་ལྟར་རེད།  དེ་དག་ལ་རྩོམ་རིག་བརྩམས་ཆོས་ཀྱི་ཁྱད་ཆོས་ལྡན་པ་མ་ཟད། ལོ་རྒྱུས་ཀྱི་རིན་ཐང་མཐོ་བའི་ཁྱད་ཆོས་ཀྱང་ལྡན།   དེ་དང་མཉམ་དུ་མཚན་ཉིད་རིག་པའི་ལྟ་བ་ཡང་ལྡན་པ་རེད། དཔེར་ན། 1388ལོར་བརྩམས་པའི《རྒྱལ་རབས་གསལ་བའི་མེ་ལོང》ལྟ་བུ་ནི་རྩོམ་རིག་དང་། ལོ་རྒྱུས། ཆོས་ལུགས་མཉམ་འཛོམས་ཀྱི་བོད་རིགས་ཀྱི་ལོ་རྒྱུས་གནའ་དཔེ་རྩ་ཆེན་ཞིག་ཡིན་པ་ལྟ་བུ་དང་།    གཞན་ཡང་།  1323ལོར་བརྩམས་པའི《བུ་སྟོན་ཆོས་འབྱུང》དང་1358ལོར་བརྩམས་པའི《དེབ་སྔོན》སོགས་བོད་ཡིག་གི་དཔེ་ཆ་ཤིན་ཏུ་མང་པོ་མཆིས་པ་དེས་དཔེ་མཛོད་ཁང་གི་དོ་དམ་གྱི་བྱ་བ་ལ་ཚན་རིག་དང་ལྡན་པའི་ཁྱད་ཆོས་ལྡན་དགོས་པར་མ་ཟད།  དཔེ་མཛོད་ཁང་གི་དོ་དམ་ལ་ཚད་མཐོན་པོའི་དོ་དམ་བྱེད་ཚུལ་ཡང་ལྡན་དགོས་པ་ཞིག་ཏུ་བཏང་བ་རེད། དཔེ་མཛོད་ཁང་གི་བདག་གཉེར་མཁན་ཞིག་ཡིན་པའི་ཆ་ནས་སྔོན་ཐོན་ཅན་གྱི་དོ་དམ་བྱེད་ཐབས་བེད་སྤྱད་དེ་བོད་ཀྱི་དཔེ་ཆ་ཁག་ལ་རིགས་བགར་དང་། ལེགས་སྒྲིག་བཟང་པོ་བགྱིས་ཏེ་དེང་རབས་ཀྱི་མི་རྣམས་ལ་བོད་ཀྱི་རིག་གནས་ཀྱི་སྤྱི་ཚོགས་ནུས་པ་རྒྱུས་ལོན་དང་མིག་རྒྱ་བསྐྱེད་དུ་འཇུག་རྒྱུ་ནི་ཟློག་ཏུ་མེད་པའི་འོས་འགན་ཞིག་ཡིན།   
          མིག་སྔར།  ནུབ་བྱང་མི་རིགས་སློབ་གྲྭ་ཆེན་མོའི་དཔེ་མཛོད་ཁང་དུ་བདག་གཉེར་བྱས་ཡོད་པའི་དཔེ་ཆ་གྲངས་ཁྲི་139ལྷག་ཡོད་ཅིང་།  དེ་ལས་གྲངས་ཁྲི་8ལྷག་ནི་གྲངས་ཉུང་མི་རིགས་ཀྱི་དཔེ་ཆ་ཡིན།  རིན་ཐང་བྲལ་བའི་ལོ་རྒྱུས་དང་པར་གཞིའི་ཁྱད་ཆོས་ལྡན་པའི་བཀའ་འགྱུར་བསྡོམས་པས་པོ་ཏི་105དང་ཆོས་ཚན་སྟོང་ཕྲག་3000ལྷག་ཡོད།  དེ་དག་ཀྱང་གསེར་བྲིས་དང་དངུལ་བྲིས། སྣག་ཚ་བཅས་ཁ་དོག་གསུམ་ལྡན་གྱི་ལག་བྲིས་ཁོ་ན་ཡིན། གཞན་ཡང་། སློབ་གྲྭ་འདིའི་བོད་སྐད་ཡིག་སྡེ་ཁག་གི་དཔེ་མཛོད་ཁང་དུ་བོད་ཡིག་གི་དཔེ་ཆ་གྲངས་ཁྲི་གཅིག་ལྷག་དང་།  གནའ་ཡིག་དང་དེང་རབས་ཀྱི་དཔེ་ཆ་བོད་རྒྱ་ཡིག་བཅས་རིགས་ཆེན་པོ་གཉིས་ཡོད། གནའ་ཡིག་ནི་གཙོ་བོ་སི་ཁྲོན་སྡེ་དགེའི་དཔར་ཤིང་ལས་ཐོན་ཞིང་།  ནང་དོན་གྱི་ཆ་ནས་རྟོགས་བརྗོད་དང་། སྐད་ཡིག མཚན་ཉིད་རིག་པ། ལེགས་བཤད། གཏམ་རྒྱུད། སྐར་རྩིས། གསོ་བ་རིག་པ་བཅས་འདུས། དེ་དག་ལས་ཀྱང་རིན་ཐང་བྲལ་བའི་བཀའ་བསྟན་འགྱུར་གཉིས་ཀྱི་དཔེ་ཆ་མང་དུ་མཆིས། གཞན་ད་དུང《ཙོང་ཁ་པའི་གསུང་འབུམ》《ས་སྐྱ་རྣམ་ལྔའི་གསུང་འབུམ་ཁ་ཚང》 《འཇུ་མི་ཕམ་རྒྱ་མཚོའི་གསུང་འབུམ》 《ཅོ་ནེ་གྲགས་པ་བཤད་སྒྲུབ་ཀྱི་གསུང་འབུམ》བཅས་མང་དུ་མཆིས་པ་དེ་རིགས་ལ་སྔོག་འདོན་གྱི་རིན་ཐང་ཤིན་ཏུ་ཆེ།  
          2.བོད་ཡིག་དཔེ་མཛོད་ཀྱི་དོ་དམ། མིག་སྔར།  ནུབ་བྱང་མི་རིགས་སློབ་ཆེན་གྱི་བོད་ཡིག་དཔེ་མཛོད་ཁང་གི་དོ་དམ་འཕེལ་རྒྱས་ལ་ཁོར་ཡུག་དང་།  དཔེ་མཛོད་རང་སྟེང་གི་ཞན་ཆའི་དབང་གིས་གོང་བཀོད་ཀྱི་དཔེ་ཆ་རྣམས་ཆེད་ལས་མཁས་པ་སྐོར་ཞིག་དང་སློབ་མ་འགའ་རེར་བལྟ་རུ་འཇུག་པ་ཙམ་ལས།  སྤྱི་ཚོགས་སུ་ཕྱོགས་དཀའ་ཞིང་། དཔེ་ཆའི་འཁོར་རྒྱུགས་ཀྱི་ཚད་ཀྱང་དམའ་བས་འཕེལ་རྒྱས་སུ་འགྲོ་དཀའ།  གནའ་དཔེ་སྐོར་ཞིག་ལ་ཆེད་ལས་མཁས་པ་འགའི་འབད་བརྩོན་ལས་ལེགས་སྒྲིག་དང་དཔེ་སྐྲུན་བྱས་པ་མ་ཟད།  ཡིག་རིགས་གཞན་དུ་བསྒྱུར་ཡོད་པ་མཐོང་ནའང་དཔྱད་གཞིའི་རིན་ཐང་མཐོ་བའི་གནའ་དཔེ་མང་པོ་ཞིག་མིའི་ཤུགས་དང་། དངོས་ཤུགས་མ་འདང་བར་སྔར་བཞིན་དཔེ་མཛོད་དུ་ལུས་ཡོད། ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་གིས་བོད་ཡིག་གི《བཀའ་བསྟན་འགྱུར་དཔེ་སྡུར་མ》པར་དུ་བསྐྲུན་བཞིན་པ་འདིས་ཏང་དང་རྒྱལ་ཁབ་ཀྱིས་བོད་རིག་པའི་བྱ་བ་ལ་གཙིགས་ཆེན་བྱེད་པ་མཐོང་ཐུབ་པར་མ་ཟད།  མཁས་པ་དང་ཆེད་ལས་སྐོར་ཞིག་ལ་གནའ་དཔེ་ལེགས་སྒྲིག་བྱེད་པའི་སྐུལ་མ་དང་ཡིད་ཆེས་ཀྱང་བསྩལ།  ཤེས་རིག་དཔལ་འབྱོར་ཅན་གཙོ་བོ་ཡིན་པའི་ལོ་རྒྱུས་ཀྱི་དུས་སྐབས་གསར་བར་དཔེ་ཆའི་རིགས་ཇི་ལྟར་རྒྱ་ཆེར་གཏོང་བ་དང་།  ཤེས་བྱའི་རིམ་པ་མི་འདྲ་བའི་གནའ་དཔེ་མི་འདྲ་བ་བསྡུས་ཏེ།   ཆུ་ཚད་མི་འདྲ་བའི་ཀློག་པ་པོའི་འདོད་བློ་ཚིམ་པར་བྱས་ནས།  བོད་མི་རིགས་ཀྱི་རིག་གནས་མྱུར་དུ་བརྡ་འཕྲིན་དུས་རབས་དང་བསྟུན་ཐབས་ཀྱིས་མི་རིགས་མཐོ་རིམ་སློབ་གྲྭ་འདི་ཚན་ཁག་མི་འདྲ་བ་དང་།  རིག་གནས་ཀྱི་རིམ་པ་མི་འདྲ་བ།  ཚན་ཁག་མང་པོ་སྣ་འཛོམས་ཡིན་པའི་དཔེ་མཛོད་ཆེན་པོའི་བརྡ་འཕྲིན་གྱི་འབྱུང་ཁུངས་ཤིག་ཏུ་གཏོང་རྒྱུ་ནི་དཔེ་མཛོད་ཁང་གི་དོ་དམ་མཁན་གྱིས་བསམ་བློ་གཏོང་དགོས་པའི་གནད་དོན་གཙོ་བོ་ཞིག་ཡིན་ལ།  དཔེ་སྐྲུན་ཁང་མང་པོའི་སྣེ་ཁྲིད་ལ་བརྟེན་ནས་བོད་ཀྱི་གནའ་དཔེ་མང་པོ་པར་སྐྲུན་བྱས་ནས་སྤྱི་ཚོགས་ལ་ཞབས་འདེགས་བཟང་པོ་ཞིག་བསྒྲུབ་རྒྱུ་ཡང་ཤིན་ཏུ་གལ་ཆེ་བར་མཐོང་།       
གཉིས།
          མི་རིགས་མཐོ་རིམ་སློབ་ཆེན་དུ་རྩིས་འཁོར་དྲ་རྒྱའི་ལག་རྩལ་གྱི་བཀོད་སྤྱོད་ཐོག་མར་དར་བཞིན་པའི་སྐབས་འདིར།  རྩིས་འཁོར་ཡིག་ཆ་དོ་དམ་གྱི་མཉེན་ཆས་ཀྱིས་དྲ་རྒྱ་ཅན་གྱི་དོ་དམ་རྣམ་པ་མངོན་འགྱུར་བྱས་ཏེ།  ཡིག་ཆའི་དོ་དམ་གྱི་གྲངས་མཛོད་བསྒྲིག་རྒྱུ་ནི་ཤིན་ཏུ་གལ་ཆེ།  རྩིས་འཁོར་བེད་སྤྱོད་ཐབས་ལ་ཡང་དཔེ་རིས་བཅར་འདྲི་དང་། དཀར་ཆག་བསྡུ་སྒྲིག  དཔེ་ཁང་དང་དཔེ་ཁང་བར་གྱི་གཡོར་རེས།  ཚགས་ཡིག་འཚོལ་བ།  གློག་རྡུལ་དཔེ་ཆའི་བརྡ་འཕྲིན་ལ་ཞབས་ཞུ། དྲ་སྦྲེལ་གྱི་ཞབས་ཞུ་དང་བེད་སྤྱོད། གྲངས་རྟགས་ཅན་གྱི་དཔེ་མཛོད་ཁང་བཅས་འདུས་པ་ཡིན།  ཐབས་འདི་དག་ལ་བརྟེན་ནས་ཐང་ག་དང་ལྡེབས་བྲིས་རྩ་ཆེན་རྣམས་ལ་དེང་རབས་ཅན་གྱི་དོ་དམ་བྱེད་ལུགས་སྤྱོད་རྒྱུ་ནི་འགན་ཁུར་ལྕི་ལ།  དུས་རབས་ཀྱི་དགོས་མཁོ་ཞིག་ཀྱང་ཡིན་པས་འདིར་དེའི་སྐོར་གྱི་བསམ་ཚུལ་འགའ་གླེང་བ་ལ།  
          1.དོ་དམ་བྱེད་སའི་ཁོར་ཡུག་ཇེ་ལེགས་སུ་གཏོང་བ།  བརྡ་འཕྲིན་ཅན་ལ་རྨང་གཞིའི་བྱེད་ཆས་ལེགས་པོར་གཏོང་རྒྱུ་གལ་ཆེ།  དེ་ལ་ཡང་གཞུང་སྒྲུབ་ཀྱི་ཆ་རྐྱེན། དོ་དམ་པའི་དངོས་པོའི་ལོངས་སྤྱོད་ཀྱི་ཁོར་ཡུག་དང་སློབ་སྦྱོང་བྱེད་ཡུལ་སོགས་དང་།  ཡུལ་དང་སྒྲིག་གཞི།  ནུས་པ་གསུམ་བཅས་བར་གྱི་ལེགས་སྒྲིག་ནས་ལས་གཉེར་དང་འཚོལ་སྡུད་དུ་བཀོལ་བའི་རྩིས་འཁོར་སོགས་དེང་རབས་ཅན་གྱི་ཅ་ལག་དང་།  སྲ་ཆས་ཀྱི་སྒྲིག་སྦྱོར(硬件配制)དང་དྲ་རྒྱའི་སྒོ་ལམ་གསར་འཛུགས་བྱ་རྒྱུ་དེ་ཡིན་ནོ། །  
          2.གྲངས་རྟགས་ཅན་གྱི་བརྡ་འཕྲིན་དོ་དམ་འཛུགས་པ།  གཅིག་ནས་སྲོལ་རྒྱུན་གྱི་དཔེ་ཆ་སྣ་རིང་སྣ་ཐུང་ལེགས་སྒྲིག་བྱེད་ཞོར་དུ་དཔེ་མཛོད་ཁང་དུ་ཡོད་པའི་དཔེ་ཆ་དང་དུས་དེབ་རྣམས་རྩིས་འཁོར་དུ་ཕབ་ནས་མཉེན་ཆས་དང་འོད་སྡེར་དུ་འཇུག་དགོས།  དེ་ལྟར་བྱས་ན་དཔེ་ཆ་དང་ཡིག་ཆ་རྩ་ཆེན་སྲུང་སྐྱོབ་དང་། དཔེ་ཆ་འཇོག་ས་ཇེ་ཆུང་དང་བརྡ་འཕྲིན་གྱི་སྐྱེལ་གཏོང་དང་། བསྡུ་གསོག་དང་ལེགས་སྒྲིག འཚོལ་ཐབས།བརྡ་འཕྲིན་གྱི་ཐོན་ཁུངས་མཐོར་འདེགས་བཅས་ལ་ཕན་པ་དང་། གཉིས་ནས་རྒྱལ་ཁབ་ཕྱི་ནང་གི་དཔེ་ཆ་དང་གློག་རྡུལ་གྱི་དཔེ་ཆ། འོད་སྡེར། མཉེན་ཆས་རྣམས་མྱུར་བར་ཉོས་ནས་དཔེ་མཛོད་ཁང་ཇེ་ཕྱུག་ཏུ་གཏོང་དགོས། གསུམ་ནས་གྲངས་རྩིས་ཀྱི་མཛོད(数据库)ཁྱད་ཆོས་ཅན་བཙུགས་ནས་བོད་ཡིག་གི་དཔེ་ཆ་དང་ཆེད་ལས་རིགས།  དུས་རབས་ཀྱི་ཁྱད་ཆོས་མཚོན་པ་ཅན་རྣམས་རིགས་སུ་བགར་ཏེ་ཀློག་པ་པོ་རྣམས་ལ་བལྟ་བདེ་བ་དང་།  དོན་བཅུད་འཛོམས་པ་ཞིག་ཏུ་གཏོང་དགོས།  
          3.གྲངས་རྟགས་དཔེ་མཛོད་ཁང་ཁྱད་ཆོས་ཅན་ཇི་ལྟར་འཛུགས་པའི་ཐབས་ལམ།  ཐོག་མར་སྔར་ཡོད་ཀྱི་དཔེ་ཆ་ཁྱད་ཆོས་ལྡན་པའི་རྨང་གཞིའི་སྟེང་ནས་གྲངས་རྟགས་ཅན་དུ་བསྒྱུར་བ་དང་།  དྲ་རྒྱ་ལ་བརྟེན་ནས་ཐོན་ཁོངས་ཁྱད་ཆོས་ཅན་རྣམས་གསོག་བསྡུ་དང་།    དཔེ་མཛོད་ཁང་ཕན་ཚུན་བར་རིན་ཐང་ལྡན་པའི་གྲངས་རྩིས་འོད་སྡེར་སྣ་ཚོགས་གཡོར་རེས་དང་གཏོང་ལེན་གྱིས་རང་ཉིད་ཀྱི་གྲངས་རྟགས་ཐོན་ཁུངས་ཇེ་ཕྱུག་ཏུ་གཏོང་དགོས།   
          4.དོ་དམ་བྱེད་ཚུལ་མི་གཤིས་ཅན་ཏུ་གཏོང་བ།   ཐོག་མར་དོ་དམ་གྱི་ཆ་ནས་རང་འགུལ་ཅན་དང་།  དྲ་རྒྱ་ཅན། གྲངས་རྩིས་ཅན་དུ་གཏོང་བ་གཙོ་བོར་བཟུང་ནས། ལས་གཉེར་གྱི་རྒྱ་བསྐྱེད་པ་དང་། གསར་རྩོམ་གྱི་འདུ་ཤེས་ལྡན་པ།  སྲོལ་རྒྱུན་གྱི་ཐབས་ཇེ་བཟང་དུ་གཏོང་བ། བསྡུ་སྒྲིག་དང་འཁོར་རྒྱུགས། འདྲི་གཅོད། ཐབས་རྩལ།  གྲངས་རྩིས་ཅན་བཅས་ཀྱི་ཚན་ཁག་ཀྱང་འཛུགས་དགོས།   དྲ་རྒྱའི་ཐོག་ནས་བསྡུ་སྒྲིག་དང་།   སྐྱེལ་བསྐུར། གཡོར་བརྗེ། དཀར་ཆག་སྒྲིག་པ་བཅས་ཀྱིས་དཔེ་ཆ་བལྟ་ཀློག་གི་ཁོར་ཡུག་རྒྱ་ཆེར་བཏང་སྟེ་དོ་དམ་མི་གཤིས་ཅན་དུ་བསྒྱུར་ནས་ཀློག་པ་པོ་ལ་དཔེ་ཆ་གཡོར་བདེ་བ།  བལྟ་བྱེད་བདེ་བ་ཞིག་ཏུ་བཟོ་དགོས་པ་མ་ཟད།  ཀློག་པ་པོའི་དགོས་མཁོ་ཚིམ་པའི་ཁོར་ཡུག་ཅིག་དང་དཔེ་ཆའི་བརྡ་འཕྲིན་འཛོམས་པོ་ཞིག་ལྡན་དུ་འཇུག་པ་བཅས་བྱས་ནས་དཔེ་ཆ་བལྟ་མཁན་ལ་བརྡ་འཕྲིན་གྱི་ཐོན་ཁོངས་མ་ཚང་བ་མེད་པའི་ཆ་རྐྱེན་བསྐྲུན་དགོས།  གཉིས་ནས་མི་ལ་བརྩི་འཇོག་དང་རྒྱུས་ལོན།  སེམས་ཁུར་བྱེད་པའི་དོ་དམ་གྱི་ལྟ་བ་ཆགས་སུ་བཅུག་ནས།   ལམ་ལུགས་དང་གོ་གནས་ཀྱི་སྒྲིག་འཛུགས།  ལས་གཉེར་བྱེད་ཚུལ་བཅས་ཀྱི་ཕྱོགས་ནས་དཔེ་ཁང་གི་ལས་གཉེར་བ་ལ་དམིགས་དགོས། དེ་ཡང་དགའ་རྟགས་སྟེར་བའི་ལམ་གྱིས་མིའི་བརྩོན་སེམས་བསྐྱེད་དུ་འཇུག་པ་དང་། མི་སྒེར་ལ་ཟབ་སྦྱོང་གི་གོ་སྐབས་སྟེར་བ། དཔེ་ཁང་དང་དཔེ་ཁང་བར་བསམ་བློ་བརྗེ་རེས་བྱེད་པར་མངགས་གཏོང་གིས་“ལས་ཀའི་ཁོར་ཡུག་བཟང་པོ་ནི་ལས་ཀའི་དགོས་མཁོ་དང་ལག་རྩལ་གྱི་དགོས་མཁོ།  མིའི་དགོས་མཁོ་བར་ཆ་མཉམ་པ་ཞིག་ཡིན་དགོས”ཞེས་དང་།  “ལེགས་བསྒྱུར་གྱི་གོ་རིམ་དུ་མིའི་བྲོ་བ་འབུར་ཐོན་གྱི་ལྟ་བ་བོར་མི་འོས”ཞེས་པ་ལྟ་བུ་ཞིག་ཏུ་གཏོང་དགོས།  དོ་དམ་གྱི་ཁྲོད་དུ་མིའི་དབང་ཁྲིད་ཀྱི་གོ་གནས་བཙུགས་ནས། ཡོན་ཏན་ཅན་གྱི་མི་ནི་ལས་ཀའི་རྨང་རྡོ་ལྟ་བུ་ཡིན་ལ། མིའི་ཡོན་ཏན་སྔོག་འདོན་གྱིས་མིའི་སྤྲོ་བ་བསྐྱེད་དུ་བཅུག་ཚེ་ནུས་ལྡན་གྱི་འགྲན་རྩོད་ལེགས་ལམ་ཞིག་ད་གཟོད་ཐོན་པ་ཡིན་ནོ།།    
          5.འཆར་གཞི་ལྡན་པའི་སྒོ་ནས་སློབ་གསོ་མུ་མཐུད་དུ་བྱེད་པ། དུས་ངེས་གཏན་དུ་དཔེ་ཆ་དོ་དམ་མཁན་ལ་རྩིས་འཁོར་བེད་སྤྱོད་ཀྱི་ནུས་པ་དང་།  དྲ་རྒྱ་ཅན་གྱི་ཤེས་བྱ་མཐོར་འདེགས་བྱས་ཏེ།  སྔོན་ཐོན་གྱི་དོ་དམ་བྱེད་ལུགས་ལ་སློབ་སྦྱོང་དང་། རང་སྟེང་གི་དོ་དམ་ནུས་པ་མཐོར་འདེགས་བྱས་ཚེ།  ད་གཟོད་དེང་རབས་ཅན་གྱི་དོ་དམ་གྱི་ལམ་དུ་བགྲོད་ཐུབ་ལ།  བོད་ཡིག་གི་དཔེ་ཆ་དང་བརྡ་འཕྲིན་གྱི་ཤེས་བྱ་སྣ་འདྲེན་དང་བརྡ་འཕྲིན་ཞབས་འདེགས་ཀྱི་ནུས་པ་འདོན་པར་ཕན་ཞིང་།  བོད་མི་རིགས་ཀྱི་དཔེ་ཆའི་རྒྱུ་ཆ་ལ་བདག་གཉེར་བྱེད་པའི་བྱ་བ་ཡང་ཇེ་ལེགས་སུ་འགྲོ་ཐུབ་བོ། །  
          6.ད་ལྟ་བེད་སྤྱོད་བྱེད་བཞིན་པའི་བོད་ཡིག་གི་བརྡ་འཕྲིན་ཐག་གཅོད་པའི་མཉེན་ཆས་ཀྱིས་བོད་ཀྱི་སྐད་དང་ཡི་གེ་རྩིས་འཁོར་དུ་རྒྱ་ཆེར་བེད་སྤྱོད་གཏོང་བར་སྟབས་བདེ་རུ་བཏང་བ་དང་། བོད་སྐད་ཡིག་དྲ་རྒྱར་འགྲོ་བའི་གེགས་ཀྱང་སེལ་བ་རེད།  དེ་བས་མི་རིགས་རིག་གནས་ཚན་རྩལ་གྱི་ཁྱབ་ཁུངས་སུ་རྒྱ་ཆེར་བེད་སྤྱོད་པ་ལ་སྒོ་ལམ་ཕྱེ་ནས་བོད་མི་རིགས་ཀྱི་དཔེ་ཆའི་བྱ་བའི་འཕེལ་རྒྱས་ལ་མཐུན་རྐྱེན་བཟང་པོ་ཞིག་ཀྱང་བསྐྲུན་པ་རེད།  དེང་རབས་ཅན་གྱི་ཐབས་རྩལ་གྱིས་བོད་ཀྱི་རིག་གནས་ཇི་ལྟར་བྱས་ན་དེང་རབས་ཤེས་རིག་གི་ཆ་ཤས་སུ་འགྲོ་བ་དང་།  རྒྱ་བསྐྱེད་པ་ནི་དཔེ་ཆ་དོ་དམ་མཁན་གྱི་ལོ་རྒྱུས་ཀྱི་འོས་འགན་ཡིན་ལ།   བོད་ཀྱི་རིག་གནས་ལ་ཐུགས་ཁུར་གནང་མཁན་རྣམས་ཀྱི་རེ་འདོད་ཀྱང་ཡིན་ནོ། །
གསུམ།
          དཔེ་ཆ་དོ་དམ་གྱི་བྱ་བ་འཕེལ་རྒྱས་སུ་འགྲོ་བ་ནི་སྤྱི་ཚོགས་ཀྱི་དགོས་མཁོ་ཡིན་ལ།  སྤྱི་ཚོགས་ཤེས་རིག་གི་ཕྱོགས་སུ་བསྐྱོད་པ་དང་སྔོན་ཐོན་དུ་འགྲོ་བའི་སྐས་ལྟ་བུ་ཡང་ཡིན།  ནུབ་རྒྱུད་གསར་སྤེལ་ལ་ཚན་རྩལ་གྱི་སློབ་གསོའི་བྱ་བ་ཤིན་ཏུ་མཁོ་ཆེ་ལ།  མི་རིགས་སློབ་གསོའི་བྱ་བ་དང་།  ཚན་རྩལ་རིག་གནས་ཀྱི་རྒྱུ་སྤུས་མཐོར་འདེགས་སུ་བཏང་ན།    ད་གཟོད་གསར་འཛུགས་ཀྱི་བྱ་བ་སྤེལ་ཐུབ།  
          1.བོད་ཡིག་དཔེ་ཆའི་འཕེལ་རྒྱས་ནི་བོད་ཡུལ་གྱི་སྤྱི་ཚོགས་འཕེལ་རྒྱས་ལ་འབྲེལ་བ་ཞིག་ཡིན། བོད་ཡིག་དཔེ་ཆ་བདག་གཉེར་མཁན་ཡོན་ཏན་ཅན་སྐོར་ཞིག་བསྐྱེད་བསྲིངས་དང་།  བརྡ་འཕྲིན་དོ་དམ་གྱི་ལམ་དུ་བསྐྱོད་རྒྱུ་ནི་འཕེལ་རྒྱས་ཀྱི་རྩ་བ་ཡིན།  མི་རིགས་སློབ་ཆེན་གྱི་བོད་ཡིག་དཔེ་ཆའི་དོ་དམ་བྱེད་པ་ལ།  དོ་དམ་མཁན་གྱིས་མི་རིགས་ཀྱི་རིག་གནས་རྒྱུས་ལོན་དགོས་པ་མ་ཟད། ཤེས་བྱ་གསར་པ་དང་། བསམ་བློ་གསར་པ།  དེ་འབྲེལ་གྱི་ཤེས་བྱའི་གནས་རྣམས་ཀྱང་ལེགས་པར་མཁྱེན་དགོས།  དེར་མ་ཟད་བོད་མི་རིགས་ཀྱི་རིག་གནས་དང་བསམ་བློ་འཕེལ་རྒྱས་ཀྱི་རྣམ་པ་གསར་པ་ཞིག་བཙུགས་ནས་དུས་ཀྱི་རྗེས་སུ་ཆོད་པ་བྱས་ཏེ།    ཚན་རིག་ཤེས་བྱ་དང་སྤྱི་ཚོགས་ལག་ལེན་ཟུང་འབྲེལ་གྱིས་བོད་མི་རིགས་ཀྱི་དཔེ་ཆའི་བྱ་བ་དར་རྒྱས་དང་།   བོད་ཡིག་དཔེ་ཆའི་ནུས་པ་འདོན་པར་ཤུགས་བསྐྱེད་དགོས།  
          2.རང་རྒྱལ་WTOལ་ཞུགས་རྗེས། བོད་ཡིག་དཔེ་ཆའི་དོ་དམ་དཀའ་ཁག་གསར་པ་ལ་ཐུག་པ་ནི།  སྲོལ་རྒྱུན་གྱི་རིག་གནས་དེ་ཁྱབ་རྒྱ་ཅན་གྱི་རིགས་དང་འགྲུལ་རིང་བརྡ་འཕྲིན་འཚོལ་བར་བསྒྱུར་རྒྱུ་དེའོ། །  རྩིས་འཁོར་གྱིས་ནུས་པ་མཐོ་ཞིང་།  གསར་སྐྲུན་ལྡན་པའི་ཁྱད་ཆོས་ཅན་གྱི་བརྡ་འཕྲིན་ཚད་ལྡན་དུ་བཏང་སྟེ་སྤྱི་ཚོགས་ཀྱི་རིམ་པ་སོ་སོར་བསྐྱེལ་ནས་མི་རྣམས་ལ་བརྡ་འཕྲིན་སྣ་ཚོགས་པ་མཁོ་སྤྲོད་བྱས་ཏེ།  ཀློག་པ་པོའི་འདོད་བློ་ཆིམ་པར་བྱེད་ཀྱིན་ཡོད། དཔེ་ཁང་དང་དཔེ་ཁང་བར་དུ་དཔེ་ཆ་གཡོར་བརྗེ་དང་འཚོལ་བ་ལ་ཐོག་མར་སྲོལ་རྒྱུན་གྱི་དོ་དམ་བྱེད་ལུགས་བསྒྱུར་ཏེ།  སྔོན་ཐོན་ཅན་གྱི་ཐབས་རྩལ་གྱིས་ཀློག་པ་པོ་ལ་བརྡ་འཕྲིན་སྣ་ཚོགས་མཁོ་སྤྲོད་ཀྱིས་ཐོན་ཁུངས་ལ་ལོངས་མཉམ་སྤྱོད་བྱེད་པར་བརྩོན་དགོས།  དེ་ལྟ་བས་ན་བོད་ཡིག་དཔེ་ཆའི་བརྡ་འཕྲིན་ཅན་དུ་གཏོང་རྒྱུ་ནི་ཁ་ཚ་དགོས་གཏུགས་སུ་གྱུར་ཡོད།  
          3.མི་རིགས་ཀྱི་དེ་ཁོ་ན་ནི་ད་གཟོད་འཛམ་གླིང་གི་དེ་ཁོ་ན་ཡིན་པས།  བོད་ཡིག་དཔེ་ཆའི་བརྡ་འཕྲིན་ཅན་གྱི་དོ་དམ་ལ་མི་རིགས་ཀྱི་ཁྱད་ཆོས་ལྡན་དགོས་པ་མ་ཟད།  ད་ལྟ་བེད་སྤྱོད་བཞིན་པའི་དོ་དམ་གྱི་ཁྱད་ཆོས་ཀྱང་ལྡན་པར་བྱས་ཏེ་སྲོལ་རྒྱུན་གྱི་བསམ་བློ་ལ་བརྟེན་ཏེ་ནུབ་རྒྱུད་སྤྱི་ཚོགས་ཀྱི་དཔལ་འབྱོར་འཕེལ་རྒྱས་ལ་བརྡ་འཕྲིན་གྱི་ཞབས་འདེགས་དང་ལམ་སྟོན་བཟང་པོ་བགྱི་དགོས་པར་མ་ཟད།  ཀློག་པ་པོས་ཤེས་བྱའི་ཉིང་བཅུད་འཐོབ་པ་ལ་བརྟེན་ནས་བོད་ཡིག་དཔེ་ཆའི་བརྡ་འཕྲིན་ཅན་གྱི་དོ་དམ་མངོན་འགྱུར་དང་།   རྒྱལ་སྤྱིའི་དྲ་རྒྱའི་ནུས་པ་འདོན་པར་ཤུགས་བསྐྱེད་དགོས་པ་དེ་ཡིན།    
དཔྱད་གཞིའི་ཡིག་ཆ།   
① 《དེབ་སྔོན》 གཞོན་ནུ་བློ་གྲོས་ཀྱིས་བརྩམས། གོ་ཧི་ཆིན་གྱིས་བསྒྱུར། བོད་ལྗོངས་མི་རིགས་དཔེ་སྐྲུན་ཁང་།1985  3   
②《ཀྲུང་གོའི་ལོ་རྒྱུས་ཀྱི་དཔེ་ཆ་རིག་པ》 ཞའེ་ཡིས་ཅའེ་དང་བང་ཅི་ཀོང་གིས་གཙོ་སྒྲིག་བྱས། མི་རིགས་དཔེ་སྐྲུན་ཁང་།1999.  9   
③《དཔེ་མཛོད་ཁང་གི་བརྡ་འཕྲིན་ལག་རྩལ་གྱི་བྱ་བ》ཧྲིན་ཏེ་ཧྥེ་ཡིས་གཙོ་སྒྲིག་བྱས།  པེ་ཅིན་དཔེ་མཛོད་ཁང་གི་དཔེ་སྐྲུན་ཁང་། 2000.10   
④《དཔེ་མཛོད་ཁང་གི་དོ་དམ་གྱི་བྱ་བ》 ཕན་ཀིན་ཧྲིན་གྱིས་གཙོ་སྒྲིག་བྱས། པེ་ཅིན་དཔེ་མཛོད་ཁང་གི་དཔེ་སྐྲུན་ཁང་།2001. 7   
⑤《དཔེ་མཛོད་ཁང་གི་བྱ་བ་སྤྱི་བཤད》 ཁྲིན་ཡ་ནན་གྱིས་གཙོ་སྒྲིག་བྱས། པེ་ཅིན་དཔེ་མཛོད་ཁང་གི་དཔེ་སྐྲུན་ཁང་།2002.  2   
⑥《དཔེ་ཆ་དང་ཡིག་ཚགས》 2002རིག་དཔྱད་ཆེད་དེབ།   
⑦《ཀྲུང་གོའི་ནུབ་རྒྱུད་ཀྱི་མི་རིགས་རིག་གནས་ཞིབ་འཇུག2003ལོའི་སྡེ་ཚན》 བང་ཅི་ཀོང་གིས་གཙོ་སྒྲིག་བྱས།  པེ་ཅིན་མི་རིགས་དཔེ་སྐྲུན་ཁང་། 2003.1   
⑧《ཞིན་ཧྭ་རིག་འདུས》]999.8དུས་ཐེངས་10   
⑨《དཔེ་མཛོད་ཁང་མི་གཤིས་ཅན་གྱི་དོ་དམ་གྱི་ལག་ལེན་ཞིབ་འཇུག》 《དཔེ་མཛོད་ཁང་གི་དུས་དེབ》སྟེང་འཁོད་པ། ཀྲང་ཧོང་གིས་བརྩམས། 2003.8   
⑩《མཐོ་རིམ་སློབ་གྲྭའི་རྣམ་པ་དང་དེང་རབས་མཐོ་རིམ་སློབ་གྲྭའི་དཔེ་མཛོད་ཁང་འཛུགས་ཚུལ་དཔེ་ཆ་ཡིག་ཚགས་ཀྱི་བྱ་བ》 ཀྲང་མཱོ་ཧོ་དང་ཕིན་ཧྥིན་ལན་གྱིས་བརྩམས།2 O03.  2   
⑾《གྲངས་རྟགས་དཔེ་མཛོད་ཁང་དང་སྒྲིག་འཛུགས་རིག་གནས》 《དཔེ་མཛོད་ཁང་གི་དུས་དེབ》 སྟེང་འཁོད་པ།  བང་ཅིན་ཧྥུ་ཡིས་བརྩམས། 2003.6


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1