༄༅།། སྐད་འཕྲིན་སྤྱི་སྟེགས་དོ་དམ་མཁན་གྱིས་མཉམ་འཇོག་བྱ་དགོས་པ་གང་དག་ཡོད།

རྩོམ་སྒྲིག་པ།ཡོང་ཁུངས།མཚོ་སྔོན་བོད་ཡིག་གསར་འགྱུར། སྤེལ་དུས། 12-07


        སྤྱི་ཟླ10པའི་ཚེས26ཉིན་རྒྱལ་ཡོངས“འཆལ་རྡུང་འགལ་སེལ” གཞུང་ལས་ཁང་དང་རྒྱལ་ཁབ་གསར་འགྱུར་པར་སྐྲུན་ཁང་གིས་སྐད་འཕྲིན་སྤྱི་སྟེགས་སུ་ཆགས་སྲེད་འདོད་སྲེད་དང་མ་རབས་ཐ་ཤལ་གྱི་དྲ་རྒྱའི་བརྩམས་སྒྲུང་བརྒྱུད་སྤེལ་བྱས་པའི་གནད་དོན་ཐད་ཐེང་ཤུན་ཀུང་སིར་ཁ་ཆད་གླེང་མོལ་བྱས་ཡོད།
        གླེང་མོལ་གྱི་བླང་བྱར་གཞིགས་ན། སྐད་འཕྲིན་སྤྱི་སྟེགས་ཀྱིས་སྤྱི་ཚེས26ཉིན་ཁ་བྱང་ལ《སྐད་འཕྲིན་སྤྱི་སྟེགས་ཀྱིས་ཆགས་སྲེད་དང་ཐ་ཤལ་གྱི་ནང་དོན་གཙང་སེལ་བྱེད་པའི་བྱ་བར་སྔར་བས་ཤུགས་སྣོན་རྒྱག་རྒྱུ》 ཞེས་པའི་རྩོམ་ཡིག་སྤེལ་ཏེ། ནང་དོན་དང་ནུས་བབ་ཞིབ་བཤེར་བྱེད་པར་སྔར་བས་ཤུགས་སྣོན་རྒྱག་རྒྱུ་དང་། ཆགས་སྲེད་ཀྱི་ཆ་འཕྲིན་གཙང་སེལ་དང་དེ་བཞིན་ཐེར་འདོན་དང་བདག་སྤྲོད་ལམ་སྲོལ་འཐུས་ཚང་དུ་གཏོང་རྒྱུ་ཡིན་པ་བསྟན་ཡོད།
        སྤྱི་ཟླ10པའི་ཚེས25ཉིན་ནས་བཟུང་། སྐད་འཕྲིན་སྤྱི་སྟེགས་ཀྱིས་སྤྱི་སྟེགས་ཨང་གྲངས2171ཐག་གཅོད་བྱས་ཟིན་པ་དང་། དེའི་ནང་ཨང་གྲངས་ཀྱི་སྒོ་བརྒྱབ་པ་དང་ཐོ་ཁོངས་ནས་བསུབ་པ1706དང་ནུས་པ་བཀག་སྡོམ་བྱས་པ465ཡོད། དེ་ཙམ་མ་ཟད་འབྲེལ་ཡོད་འཕྲིན་སྟེགས་ནང་དུ་གཤམ་གྱི་ཐབས་ཇུས་ལག་བསྟར་བྱ་རྒྱུ་ཡིན་པ་རེད།

1.མ་རབས་ཐ་ཤལ་གྱི་སྒྲིག་འགལ་འཕྲིན་སྟེགས་ལ་དམིགས་ནས་རྩོམ་ཡིག་འཚོལ་སྒྲིག་དང་འཕྲིན་སྟེགས་ཨང་གྲངས་འཚོལ་བཤེར་གྱི་ནུས་པ་ཚོད་འཛིན་བྱ་རྒྱུ།
2.མ་རབས་ཐ་ཤལ་གྱི་ནང་དོན་ཚད་གཞི་ཇེ་དམ་དང་ཉེས་ཆད་ཇེ་ལྕི་རུ་གཏོང་རྒྱུ།
3.མ་རབས་ཐ་ཤལ་གྱི་འབྲེལ་ཡོད་གནད་ཚིག་གི་འཚོལ་བཤེར་ནུས་པ་མེད་པར་བཟོ་རྒྱུ།
        སྔར་ནས་བཟུང་སྟེ་སྐད་འཕྲིན་གྱིས་ཆགས་སྲེད་དང་ཐ་ཤལ་གྱི་ནང་དོན་ལ་རྡུང་རྡེག་ནན་པོ་གཏོང་བཞིན་ཡོད་པ་དང་། སྒྲིག་འགལ་གྱི་རྩོམ་ཡིག་དང་འཕྲིན་སྟེགས་ལ་རྩོམ་ཡིག་བསུབ་པ་དང་ནུས་པ་བཀག་སྡོམ། ཕྱི་སྦྲེལ་གཅོད་པ། སྤྱི་སྟེགས་ཨང་གྲངས་བཀག་སྡོམ་བྱེད་པ་སོགས་ཚུད་པའི་ཆད་པ་ལག་བསྟར་བྱེད་བཞིན་ཡོད།
《སྐད་འཕྲིན་སྤྱི་སྟེགས་གཉེར་སྤྱོད་ཚད་གཞི》 ལ་གཞིགས་ན།
1.མ་རབས་ཐ་ཤལ་གྱི་ནང་དོན་བསྐུར་བའི་སྤྱི་སྟེགས་ལ་སྐས་རིམ་རང་བཞིན་གྱི་བཀག་སྡོམ་ཐག་གཅོད་བྱ་རྒྱུ།
2.མིང་དང་། མགོ་པར། བྱེད་ནུས་ངོ་སྤྲོད་དུ་མ་རབས་ཐ་ཤལ་གྱི་ནང་དོན་འདུས་པའི་སྤྱི་སྟེགས་ལ་ནང་དོན་གཙང་སེལ་བྱ་རྒྱུ།
3.འདོད་ལོག་ཆགས་སྲེད་རིགས་ཀྱི་རྩོམ་ཡིག་བསྐུར་བའི་སྤྱི་སྟེགས་ཐོ་ཁུངས་ནས་བསུབ་རྒྱུ།
4.སྐད་འཕྲིན་ཚོགས་པས་ཚབས་ཆེ་བའམ་ཡང་ན་ཐེངས་མང་པོར་འབྲེལ་ཡོད་གཏན་འབེབས་དང་འགལ་བའི་སྤྱི་སྟེགས་ལ་ཉེས་ཆད་ཇེ་ལྗི་རུ་གཏོང་བའི་དབང་ཆ་སོར་འཇོག་བྱ་རྒྱུ།
        དེ་དང་ཆབས་ཅིག་སྐད་འཕྲིན་སྤྱི་སྟེགས་ཀྱིས་སྤྱོད་མཁན་གྱི་ཞུ་གཏུག་ལམ་སྲོལ་གསལ་པོར་བཀོད་ཡོད་པ་དང་། གལ་ཏེ་སྤྱོད་མཁན་གྱིས་འབྲེལ་ཡོད་གཏན་འབེབས་ལས་འགལ་བའི་རྩོམ་ཡིག་ནང་དོན་མཐོང་ཚེ་ཐད་ཀར་སྤྱི་སྟེགས་ཐོག་ནས་ཞུ་གཏུག་བྱས་ཆོག ད་ནས་བཟུང་སྐད་འཕྲིན་སྤྱི་སྟེགས་ཀྱིས་ཞུ་གཏུག་བྱེད་ཐབས་ཀྱི་ཁྲིད་སྟོན་ལ་སྔར་བས་ཤུགས་སྣོན་རྒྱག་རྒྱུ།
        ཉེ་བའི་ལོ་ཕྱེད་རིང་སྐད་འཕྲིན་གྱིས་ཆགས་སྲེག་དྲག་ཤུགས་རིགས་ཀྱི་ནང་དོན་སྤེལ་བའི་སྤྱི་སྟེགས25841བཀག་སྡོམ་དང་ཐག་གཅོད་བྱས་པ་དང་། འབྲེལ་ཡོད་ཀྱི་རྩོམ་ཡིག43511བསུབས། མ་རབས་ཐ་ཤལ་གྱི་ནང་དོན་སྤེལ་བའི་སྤྱི་སྟེགས82562བཀག་སྡོམ་དང་ཐག་གཅོད་བྱས་པ་དང་། འབྲེལ་ཡོད་ཀྱི་རྩོམ་ཡིག124898བསུབས། སྒྲོ་བཏགས་དང་གོ་བ་ལོག་ཏུ་སྟོན་པ། ཁ་བྱང་ཁོ་ནར་དམིགས་པའི་རིགས་ཀྱི་སྤྱི་སྟེགས16548བཀག་སྡོམ་དང་ཐག་གཅོད་བྱས་ཤིང་། འབྲེལ་ཡོད་རྩོམ་ཡིག50777བསུབས།
        མ་རབས་ཐ་ཤལ་གྱི་ཆ་འཕྲིན་གཙང་སེལ་བྱས་ཏེ་རིན་ཐང་ལྡན་པའི་ནང་དོན་བརྒྱུད་བསྒྲགས་བྱ་རྒྱུ་ནི་བེད་སྤྱོད་བྱེད་མཁན་དང་སྐད་འཕྲིན་སྤྱི་སྟེགས་ཀྱི་ཐུན་མོང་གི་དམིགས་ཡུལ་རེད། སྐད་འཕྲིན་སྤྱི་སྟེགས་ཀྱིས་ཁ་ཆད་གླེང་མོལ་གྱི་བླང་བྱར་གཞིགས་ནས། གཅིག་ཤེས་ཀུན་གྲོལ་དང་རྐྱེན་རྩ་ཆུང་ཟློག་བྱས་ཏེ། ཆེས་གཟབ་ནན་གྱི་ལམ་སྲོལ་སྤྱད་ནས་མ་རབས་ཐ་ཤལ་གྱི་ཆ་འཕྲིན་བརྒྱུད་ལམ་ཐམས་ཅད་བཀག་འགོག་བྱེད་པར་འགན་ལེན་བྱ་རྒྱུ་ཡིན་ཞེས་བསྟན་ཡོད། །
        《ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་ཀྱི་དྲ་བ》ལས་བཏུས།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1