དཀར་མཛེས་ཁུལ་ནང་བསྟན་མཐུན་ཚོགས་ཀྱིས་ལྔ་གཉིས་གསུམ་ཞེས་པའི་རྒྱུན་རྣམ་གྱི་སློབ་སྦྱོང་བྱ་འགུལ་སྤེལ་བ།

རྩོམ་སྒྲིག་པ།ཡོང་ཁུངས། ཚུལ་ཁྲིམས་བཟང་པོས་བྲིས། སྤེལ་དུས། 12-27


        ལོ་འདི་དག་གི་རིང་ལ་དཀར་མཛེས་ཁུལ་ནང་བསྟན་མཐུན་ཚོགས་ཀྱིས་ཁུལ་ཡོངས་ནས་གཟབ་ནན་གྱིས་“ལྔ་གཉིས་གསུམ”གྱི་སློབ་སྦྱོང་བྱ་འགུལ་སྤེལ་བར་གཡུར་དུ་ཟ་བའི་གྲུབ་འབྲས་ཐོབ་ཅིང་། བྱ་འགུལ་གྱི་མགོ་མཇུག་བར་གསུམ་དུ་དཀར་མཛེས་ཁུལ་ཨུ་དང་ཁུལ་མི་དམངས་སྲིད་གཞུང་། ཁུལ་འཐབ་ཕྱོགས་གཅིག་གྱུར་པུའུ། ཁུལ་ཆོས་ལུགས་སྡེ་ཁག་གི་རྒྱབ་སྐྱོར་དང་མཛུབ་སྟོན་ཐོབ། “ལྔ་གཉིས་གསུམ”ཞེས་པའི་བསྡུས་མིང་འདི་ལས་དགའ་བ་ལྔ་དང་། བརྩི་སྲུང་གཉིས། འགན་ཁུར་གསུམ་ཡིན། “ལྔ་གཉིས་གསུམ”གྱི་སློབ་སྦྱོང་བྱ་འགུལ་རྒྱུན་ལྡན་ཅན་གྱི་ལམ་ལུགས་སྒྲིག་འཛུགས་དང་སྐུལ་འདེད་དུ་བཏང་ནས་ཚད་ལྡན་གསུམ་(དགོན་པ་ཚད་ལྡན། གྲྭ་བཙུན་ཚད་ལྡན། ཆོས་ལུགས་བྱེད་སྒོ་ཚད་ལྡན)གྱི་དམིགས་འབེན་ལ་རྨང་གཞི་བརྟན་པོ་བཏིངས།
        “ལྔ་གཉིས་གསུམ”གྱི་སློབ་སྦྱོང་བྱ་འགུལ་ཁྱོན་ཡོངས་ནས་སྤེལ་བ་ནས་བཟུང་རིམ་པ་སོ་སོའི་ཏང་ཨུ་དང་སྲིད་གཞུང་གི་ཁས་ལེན་དང་སྤྱི་ཚོགས་ལས་རིགས་ཀུན་གྱི་བསྟོད་བསྔགས་ཐོབ། བྱ་འགུལ་འདི་བརྒྱུད་དེ་དགོན་པ་སོ་སོའི་གྲྭ་བཙུན་གྱི་བཅའ་ཁྲིམས་སྲིད་ཇུས་ཀྱི་སློབ་སྦྱོང་ལ་ཤུགས་སྣོན་དང་། འདུལ་ཁྲིམས་སྲུང་བའི་འདུ་ཤེས་ཇེ་དྲགས་སུ་གྱུར་པ། བསླབ་པ་ཐོས་གཉེར་དང་སྒྲུབ་པ་ཉམས་ལེན་ལ་ཡར་ཐོན་ཆེན་པོ་བྱུང་བར་མ་ཟད། ནང་བསྟན་དང་འབྲེལ་བའི་ལས་དོན་རྣམས་ཚད་ལྡན་ཅན་གྱི་ལམ་དུ་ཞུགས། “ལྔ་གཉིས་གསུམ”གྱི་བྱ་འགུལ་བརྒྱུད་གྲུབ་མཐའ་སོ་སོའི་དགོན་པའི་བར་ལ་འབྲེལ་འདྲིས་ཀྱི་ལམ་ལུགས་ཚུགས་ནས་ཕན་ཚུན་བར་གྱི་སློབ་སྦྱོང་དང་བསམ་བློ་བརྗེ་རེས་ལ་སྐུལ་འདེད་ཀྱི་ནུས་པ་ཐོན། ཁུལ་ནང་བསྟན་མཐུན་ཚོགས་ཀྱི་ལས་ཀ་ལ་ཕན་ནུས་ལྡན་ཞིང་རང་ངོས་ཀྱི་འཛུགས་སྐྲུན་ལ་གོམ་གང་མདུན་སྤོས་ཀྱིས་འཕེལ་རྒྱས་ཕྱིན་ནས་ནང་བསྟན་མཐུན་ཚོགས་དང་ཆོས་ལུགས་སྡེ་ཁག་གི་མི་སྣ་དང་ལས་བྱེད་པ་ལ་བློ་སྦྱོང་ཆེན་པོ་ཐོབ། དཀར་མཛེས་ཁུལ་ནང་བསྟན་མཐུན་ཚོགས་ཀྱིས་ཐོག་མཐའ་བར་གསུམ་དུ་ཡིད་ཆེས་ཆེན་པོས་“ལྔ་གཉིས་གསུམ”གྱི་བརྗོད་དོན་བྱ་འགུལ་དེ་ནང་བསྟན་ཉིད་ཡང་དག་པ་དང་བདེ་ཐང་ངང་འཕེལ་རྒྱས་སུ་ཕྱིན་པའི་ཐབས་ལམ་དུ་ངོས་བཟུང་ནས་ནུས་ཆོད་ལྡན་པའི་ལམ་ལུགས་དང་རྒྱུན་ལྡན་ཅན་དུ་འགྱུར་བར་སྐུལ་འདེད་བཏང་།

        དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་ནི་རང་རྒྱལ་གྱི་ཆེས་ཐོག་མར་དབུ་བརྙེས་པའི་བོད་རིགས་རང་སྐྱོང་ཁུལ་ཡིན་ཞིང་། འབྲེལ་ཡོད་དཔྱད་གཞི་ལྟར་ན། དཀར་མཛེས་ཁུལ་ལ་ཁྱོན་བསྡོམས་དགོན་པ་ལྔ་བརྒྱ་ཡོད་པ་དང་། དེར་ས་དགེ་བཀའ་རྙིང་བོན་བཅས་ཀྱི་གྲུབ་མཐའ་ལྔ་འདུས་པ་རེད། མཚན་སྙན་གྱི་བ་དན་སྲིད་གསུམ་ལ་ཁྱབ་པའི་ལི་ཐང་དགོན་པ་དང་། ཀ་ཐོག་དགོན་པ། དཔལ་ཡུལ་དགོན། དཔལ་སྤུངས་དགོན། སེར་ཤུལ་དགོན་སོགས་ནི་དཀར་མཛེས་ནང་བསྟན་རིག་གནས་ཁྲོད་ཀྱི་འོད་དུ་འཚེར་བའི་མུ་ཏིག་རྡོག་པོ་རེ་རེ་ལགས། དཀར་མཛེས་ནང་བསྟན་མཐུན་ཚོགས་ཀྱི་འགན་འཛིན་པས་སྔ་རྗེས་སུ་རྫོང་དང་གྲོང་ཁྱེར་17ཡི་ནང་བསྟན་མཐུན་ཚོགས་ཀྱི་ཚོགས་གཙོ་དང་དྲུང་ཡིག་ཆེན་མོར《 “ལྔ་གཉིས་གསུམ”སློབ་སྦྱོང་བྱ་འགུལ་རྒྱུན་རྣམ་ཅན་ལ་སྐུལ་འདེད་གཏོང་བའི་ལས་དོན》ཞེས་པའི་དམིགས་འབེན་འགན་ཁུར་ཡི་གེར་མིང་རྟགས་བཀོད་ནས་འགན་ཁུར་དེ་མི་སྒེར་དང་དགོན་པ། མཐུན་ཚོགས་རེ་རེར་ལག་བསྟར་བྱས་ཤིང་། གོམ་གང་མདུན་སྤོས་ཀྱིས་“ལྔ་གཉིས་གསུམ”གྱི་སློབ་སྦྱོང་བྱ་འགུལ་རྒྱ་སྐྱེད་དང་སྲ་བརྟན་དུ་བཏང་ནས་དཀར་མཛེས་ཁུལ་གྱི་ནང་བསྟན་སྔར་ལས་སྒྲིག་སྲོལ་ཅན་དང་སྔར་ལས་བདེ་ཐང་དང་གོ་རིམ་ལྡན་པར་འཕེལ་རྒྱས་སུ་ཕྱིན་པར་ཕན་ནུས་ཆེན་པོ་བཏོན། །  


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1