སྒེར་གྱི་ཐོབ་ཁྲལ་བཅའ་ཁྲིམས་ཁྱོན་ཡོངས་ནས་ལག་བསྟར་བྱ་རྒྱུ་ཡིན་པ།

རྩོམ་སྒྲིག་པ།ཡོང་ཁུངས།ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས། སྤེལ་དུས། 01-02




          སྤྱི་ལོ་2019ལོར་བཟོ་བཅོས་བྱས་པའི་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་སྒེར་གྱི་ཐོབ་ཁྲལ་བཅའ་ཁྲིམས་ཁྱོན་ཡོངས་ནས་ལག་བསྟར་བྱ་རྒྱུ་ཡིན་པ།
          སྤྱི་ལོ་2019ལོའི་ཟླ་བ་1པོའི་ཚེས་1ཉིན་ནས་བཟུང་། གསར་དུ་བཟོ་བཅོས་བྱས་པའི་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་སྒེར་གྱི་ཐོབ་ཁྲལ་བཅའ་ཁྲིམས་ཁྱོན་ཡོངས་ནས་ལག་བསྟར་བྱ་རྒྱུ་ཡིན་པ་རེད། རྒྱལ་ཁབ་ཁྲལ་དོན་སྤྱི་ཁྱབ་ཅུད་ཀྱིས་ཉེ་ཆར་རྒྱལ་ཡོངས་ཀྱི་སྒེར་གྱི་ཐོབ་ཁྲལ་འཇལ་མཁན་ཚང་མར་བཏང་བའི་ཡི་གེ་ཞེས་པ་ཡོངས་བསྒྲགས་བྱས་ནས། ཁྲལ་འཇལ་མཁན་གྱིས་དུས་ཐོག་ཏུ་མིང་ངོ་མ་འགོད་བྱེད་པའི་དྲན་སྐུལ་གནང་ཡོད་པ་རེད།
          སྤྱི་ལོ་2019ལོའི་ཟླ་བ་1པོའི་ཚེས་1ཉིན་ནས་བཟུང་། ཕྱོགས་བསྡུས་ཐོབ་ཆའམ་ཁེ་གཉེར་ཐོབ་ཆའི་ཁྲལ་འཇལ་མཁན་ཡིན་ཚེ། སྒོར་5000གི་གཞི་རྩའི་འགྲོ་གྲོན་དང་འགན་བཅོལ་གསུམ་དང་མ་དངུལ་གཅིག་གི་ཆེད་དོན་རྣམ་གྲངས་འཐེན་པ་ཕུད། ད་དུང་ཆ་རྐྱེན་ལྟར་བུ་ཕྲུག་སློབ་གསོ་དང་། མུ་མཐུད་སློབ་གསོ། ནད་གཞི་ཆེ་བའི་སྨན་བཅོས། སྡོད་ཁང་བུ་ལོན་གྱི་སྐྱེད་ཀའམ་ཁང་པ་གཡར་བའི་གྲོན་དངུལ། རྒན་རྒོན་གསོ་བ་སོགས་རྣམ་གྲངས་དྲུག་གི་ཆེད་དོན་ཟུར་སྣོན་འཐེན་རྒྱུ་ཡིན་པ་རེད།
          རྒྱལ་ཁབ་ཁྲལ་དོན་སྤྱི་ཁྱབ་ཅུད་ཀྱི་སྤྱི་ཁྱབ་ཞིབ་རྩིས་མཁས་པ་ལིའུ་ལི་ཅན་གྱིས། ཐོ་འགོད་བྱེད་པའི་བྱ་ཐབས་ཁག་བཞི་གདམ་ག་བྱས་ཆོག་པ་སྟེ། གཅིག་ནི། ལག་ཁྱེར་ཁ་པར་ཐོག་སྒེར་གྱི་ཐོབ་ཁྲལ་ཞེས་པའི་APPཕབ་ལེན་བྱས་ནས་ཐོ་འགོད་བྱེད་དགོས་པ་དང་། གཉིས་ནི། ཞིང་ཆེན་ཁག་གི་གློག་རྡུལ་ཁྲལ་དོན་ཅུད་ཀྱི་དྲ་ཚིགས་ཐོག་ཐོ་འགོད་བྱེད་པ། གསུམ་ནི་གློག་རྡུལ་ཆ་འཕྲིན་རེའུ་མིག་འགོད་པ། བཞི་ནི་ཤོག་བུའི་ཐོག་གི་ཆ་འཕྲིན་རེའུ་མིག་འབྲི་བ་བཅས་ཡིན། དེའི་ཁྲོད་ལས་ཁུངས་ནས་འཐེན་པའི་གདམ་ག་བྱས་ཚེ། ཐད་ཀར་ཤོག་བུའི་ཐོག་གི་རེའུ་མིག་གམ་གློག་རྡུལ་རེའུ་མིག་ལས་ཁུངས་ཀྱི་ནོར་དོན་ཚན་པའམ་མི་ཤུགས་ཐོན་ཁུངས་ཚན་པར་སྤྲོད་ཆོག་ལ། ལག་ཁྱེར་ཁ་པར་ཐོག་གི་APPདང་དྲ་བའི་ཐོག་ཐོ་འགོད་བྱས་རྗེས་ལས་ཁུངས་ལ་བསྐུར་ནའང་འགྲིག་གི་ཡོད། དེ་ལྟར་བྱས་ཚེ་ལས་ཁུངས་ཀྱིས་ཟླ་རེའི་གླ་ཕོགས་སྤྲོད་སྐབས་ཁྱེད་ཀྱི་འཐེན་དགོས་པའི་རྣམ་གྲངས་ཁག་འཐེན་ཆོག་ཅེས་ངོ་སྤྲོད་གནང་ཡོད་པ་རེད།
          རྒྱལ་ཁབ་ཁྲལ་དོན་སྤྱི་ཁྱབ་ཅུད་ཀྱིས་ཀྱང་སྒེར་གྱི་ཐོབ་ཁྲལ་འཇལ་མཁན་ནས་དུས་ཐོག་ཏུ་རང་བྱུང་མི་སྒེར་གྱི་ཁྲལ་བསྡུ་དོ་དམ་མ་ལག་གམ་སྒེར་གྱི་ཐོབ་ཁྲལ་ཞེས་པའི་APPཐོག་མིང་ངོ་མ་ཐོ་འགོད་བྱེད་དགོས་པའི་དྲན་སྐུལ་གནང་ཡོད་པ་རེད། སྒེར་གྱི་ཐོབ་ཁྲལ་ཞེས་པའི་ལག་ཁྱེར་ཁ་པར་གྱི་དངོས་སྤྱོད་མཉེན་ཆས་ཀྱི་ཆེད་དོན་ཟུར་སྣོན་འཐེན་པའི་ཆ་འཕྲིན་ཐོ་འགོད་ནུས་པ་དེ་སྤྱི་ཟླ་༡༢པའི་ཚེས་༣༡ཉིན་ནས་དངོས་སུ་བེད་སྤྱོད་གཏོང་འགོ་ཚུགས་ཡོད་པ་རེད།

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1