རྨི་ལམ་ཐོར་མ།

སྡེ་དགེ་སྐར་ཆེན། (དཀར་མཛེས།) རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 01-02


མཛེས་པས་བརྒྱན་པའི་གྲིབ་མའི་ཁང་ཆུང་ཞིག།

རི་བོའི་གཤོང་དང་རྩྭ་ལོའི་གམ་དུ་འཁྱིལ།།

སྨྲེང་གཞས་གྱེར་བའི་བས་མཐའི་ཡུལ་གྱར་བ།།

སྨུག་པས་བཀླུབས་པའི་ནགས་མོའི་རྩེ་རུ་ཕྱིན།།

སྨུག་ལྭ་གྱོན་པའི་རི་བོ་དལ་གྱིས་འགུལ།།

ལྗོན་པའི་ཡར་གས་ཟིལ་བའི་རྣ་ལུང་འདོགས།།

གཞས་ལ་བརྒྱུས་པའི་མེ་ཏོག་དེ་དག་ནི།།

རོལ་མོ་འཁྲོལ་བའི་གཙང་པོའི་པང་དུ་ངུ།།

ངང་པའི་མཛའ་གླུ་མཚོ་མོའི་རྣ་བར་ལྷུང་།།

སྤྲིན་དང་སྨུག་པ་ལྗོན་པའི་མགུལ་དུ་འཁྱུད།།

མཚོ་མཐར་ཉུལ་བའི་ཡུ་མོ་ཁེར་རྐྱང་དེས།།

མིག་གི་ཟིལ་བ་མཚོ་མཐའི་གླུ་ལ་བསྐུར།།

བརྩེ་བའི་འདང་ལ་དུང་བའི་ཆབ་ཀྱང་བསིལ།།

རི་བོའི་སྒང་ནས་འོད་ཀྱི་གཤོག་པ་བཏགས།།

ཆར་ཟིལ་པང་བའི་སྙིང་གི་ལོ་མ་ཡང་།།

ཉི་ཟེར་འཚོལ་བའི་ཉག་དེ་དལ་གྱིས་ཉུལ།།

བདག་ཉིད་ཀུན་ཏུ་ཐུགས་ལ་སྣོམ་པ་ནི།།

མི་ཡི་སེམས་པ་རྩྭ་ཡི་ལོ་མ་འདྲ།།

དབྱངས་ལ་བརྟས་པའི་ཚིག་གི་མེ་ཏོག་ནི།།

སྣང་བ་རྩེག་པའི་འཇའ་ཡི་ལག་པ་འདྲ།།

སྤྲིན་པ་ཐར་ཐོར་སྣང་བའི་རླབས་ལ་རྩེན།།

མཚོ་མོའི་མེ་ལོང་གཡུ་ཡི་མདང་ལས་སྔོ།།

ཉི་ཟླའི་རྣ་ལུང་ཕ་ཡུལ་བརྒྱན་དུ་འདོགས།།

རྫ་མགོ་འགྲིམ་པའི་གཞས་ཆུང་སྙིང་ལ་སིམ།།

འུར་ཆའི་རི་མོ་ཆུ་མིག་དགུ་སྒྲིལ་ཅན།།

བརྩེ་སེམས་བཀླུབས་པའི་རྩྭ་ཐང་རྒྱན་དུ་སྤྲས།།

ཆར་ལྭ་གྱོན་པའི་ཨ་མའི་གཅེས་ཕྲུག་དེས།།

འབྲི་མོའི་ངུར་སྒྲ་དགོ་དགོ་དབྱངས་ལ་བཀུག།

ད་ནི་བདག་ཉིད་སྤྲིན་པའི་བར་ལ་འགྱུ།།

སྣང་བ་བསེད་པའི་ཡུལ་གྱི་མཁའ་ལ་སྐྱོད།།

ཆར་དང་མེ་ཏོག་གཞོན་པའི་སྣང་བ་ཡིན།།

མཚོ་དང་མཚེའུ་ཉི་ཟླའི་མལ་བསྟན་འདྲ།།

ཞོགས་ཀའི་ཉི་ཟེར་བརྩེ་བའི་མིག་རྐང་འཁྱིལ།།

ཡིད་ཁམས་རྒྱ་མཚོ་སྣང་བའི་མཁའ་ལ་སྐྱོམ།།

སྤྲིན་ལ་ཞོན་པའི་ཟླ་བའི་འཛུམ་རིས་ཀྱང་།།

རླབས་ཀྱི་ཕྲེང་བས་ནམ་མཐའི་རླུང་ལ་སྐུར།།

ཤིང་ཟམ་སྟེང་གི་སྐར་མ་ཆུང་ཆུང་ཞིག།

གཉུག་མའི་གཞས་ལ་སིམ་པའི་དབྱངས་ཀྱིས་བརྟས།།

ཡུལ་ལ་ལོག་དུས་སྙིང་གི་གཅེས་ལོ་ཡིན།།

གཞས་ལ་བརྒྱུས་དུས་ཟླ་བའི་རོལ་མོ་ཟེར།།

ཆུ་ཡི་འདབ་མ་དར་གྱི་གུག་པ་ཅན།།

གང་ནས་ཕེབས་ཡོང་གང་དུ་ལོག་གི་ཡོད།།

ཤིང་གི་ལོ་མ་རྫ་ཡི་སྨུག་པ་དག།

ཁྱེད་ཉིད་བཀྱེད་པའི་སྨྲེང་བ་རུམ་དུ་སྒོམ།།

ཤིང་ལོ་བསླས་པའི་ཁང་སྐྱིལ་ཆུང་ཆུང་དེ།།

མནལ་ལམ་རབ་རིབ་བསེད་པའི་གཞིས་ཁྱིམ་ཡིན།།

ཆང་གི་ཟིལ་བས་བརླན་པའི་གཞས་ཆུང་འདི།།

རོགས་ལོ་རོགས་ལ་སྐུར་བའི་འཕྲིན་པ་ཡིན།།

བདག་ནི་ཉིད་ཀྱི་པང་དུ་ངུ་འམ་ཅི།།

ཉིད་ཀྱིས་བདག་ལ་བཀའ་མོལ་མཆིད་དམ་ཀྱེ།།

བདག་ནི་རོལ་མོའི་གདངས་ལ་བཏགས་སམ་ཅི།།

ཉིད་ནི་བདག་གི་མེ་ཏོག་ཡིན་ནམ་ཀྱེ།།

ཁྱེད་ཉིད་སྐྱོ་ཚེ་རི་སྒང་སྨུག་པ་འདྲ།།

ཁྱེད་ཉིད་བཞད་ཚེ་རི་མཐའི་མེ་ཏོག་འདྲ།།

བདག་ནི་གཏན་དུ་ཉིད་ཀྱི་མཛའ་བཅུག་སྟེ།།

རྨི་ལམ་ཁྱེར་བའི་ནགས་ཀྱི་བྱེའུ་ཞིག།

མཛེས་པའི་ཡུལ་ལ་བརྩེ་བའི་མཆི་མ་སྐྱིལ།།

དྲན་པའི་ངོགས་ན་འོད་ཀྱི་ལམ་སྣེས་རེག།

མི་ཡུལ་འདི་ནས་གང་ཞིག་ཞིང་ཁམས་ཟེར།།

སེམས་པ་སྙི་མོ་མིག་གི་ཟིལ་བར་བརྫུས།།

སྨུག་པའི་ལྭ་བས་བདག་ཉིད་མོག་པོར་བྱས།།

རྩྭ་ལོའི་ཟིལ་བས་བདག་ནི་ཡོངས་སུ་བརླན།།

ཆར་བ་ཟམ་ཟིམ་མནལ་ལམ་རབ་རིབ་ཡིན།།

བདག་ཉིད་སད་པའི་ངལ་བ་མ་གནང་རོགས།།

གཉུག་མའི་གཤིས་ལ་ལང་ཚོའི་གཞོན་ཤ་ཆགས།།

འོད་ཀྱི་བརྩེ་མདང་ཕ་ཡུལ་པང་དུ་འཁྱིལ།།

སེམས་ཀྱི་ལོགས་ན་ཡིག་དྲུག་རི་མོ་ཅན།།

གཞོན་པ་ང་རང་ཉིད་ཀྱི་སྤྱན་ལ་ཐོགས།།

གཞས་ཀྱི་གདངས་ལ་དབྱངས་ཀྱི་མེ་ཏོག་འཛུམ།།

སྙན་པའི་ཚིག་ལ་འཚོ་བའི་ཁ་ཞག་འཁྱིལ།།

བདག་ལ་གཅེས་པའི་གདངས་ཀྱི་དངོས་གྲུབ་འདིས།།

རང་སེམས་གསོ་བའི་རོལ་མོ་སྙིང་ལ་དཀུ།།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1