ཀྲུང་གོ་མི་དམངས་ཆབ་སྲིད་གྲོས་མོལ་ཚོགས་འདུ་རྒྱལ་ཡོངས་ཨུ་ཡོན་ལྷན་ཁང་གིས་ལོ་སར་གྱི་ཇ་སྟོན་ཚོགས་འདུ་བསྡུས་པ་དང་ཞི་ཅིན་ཕིང་གིས་གསུང་བཤད་གལ་ཆེན་གནང་།

རྩོམ་སྒྲིག་པ།ཡོང་ཁུངས།མཚོ་སྔོན་བོད་སྐད་རླུང་འཕྲིན། སྤེལ་དུས། 01-01


ཟླ་བཅུ་གཉིས་པའི་ཚེས་ཉེར་དགུ་ཉིན་གྱི་སྔ་དྲོར། ཀྲུང་གོ་མི་དམངས་ཆབ་སྲིད་གྲོས་མོལ་ཚོགས་འདུ་རྒྱལ་ཡོངས་ཨུ་ཡོན་ལྷན་ཁང་གིས་རྒྱལ་ཡོངས་སྲིད་གྲོས་ཚོམས་ཁང་དུ་ལོ་སར་གྱི་ཇ་སྟོན་ཚོགས་འདུ་བསྡུས་པ་དང་ཞི་ཅིན་ཕིང་གིས་གསུང་བཤད་གལ་ཆེན་གནང་། 


        ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ་བཅུ་གཉིས་པའི་ཚེས་ཉེར་དགུ་ཉིན་གྱི་སྔ་དྲོར། ཀྲུང་གོ་མི་དམངས་ཆབ་སྲིད་གྲོས་མོལ་ཚོགས་འདུ་རྒྱལ་ཡོངས་ཨུ་ཡོན་ལྷན་ཁང་གིས་རྒྱལ་ཡོངས་སྲིད་གྲོས་ཚོམས་ཁང་དུ་ལོ་སར་གྱི་ཇ་སྟོན་ཚོགས་འདུ་བསྡུས། ཏང་དང་རྒྱལ་ཁབ་ཀྱི་འགོ་ཁྲིད་པ་ཞི་ཅིན་ཕིང་དང་ལིས་ཁི་ཆང་། ལིས་ཀྲན་ཧྲུའུ། ཝང་དབྱང་། ཝང་ཧུའུ་ཉིང་། ཀྲའོ་ལི་ཅི། ཧན་ཀྲིན། ཝང་ཆི་ཧྲན་སོགས་དང་དམངས་གཙོ་ཏང་ཁག་སོ་སོའི་ཀྲུང་དབྱང་དང་རྒྱལ་ཡོངས་བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས་དང་ཏང་ཁག་གང་ལའང་མི་གཏོགས་པའི་མི་སྣའི་འཐུས་མི། ཀྲུང་དབྱང་དང་རྒྱལ་ཁབ་ལས་ཁུངས་ཀྱི་འབྲེལ་ཡོད་ཕྱོགས་ཀྱི་འགན་འཁུར་བ། དེ་མིན་རྒྱལ་སའི་རིགས་སོ་སོ་དང་ལས་རིགས་སོ་སོའི་མི་སྣའི་འཐུས་མི་བཅས་མཉམ་དུ་འཛོམས་ནས་ཉིས་སྟོང་བཅུ་དགུ་ལོའི་ལུགས་གསར་ལོ་སར་ལ་རོལ།
        ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཇ་སྟོན་ཚོགས་འདུའི་སྟེང་གསུང་བཤད་གལ་ཆེན་གནང་། ཞི་ཅིན་ཕིང་གིས་ཀྲུང་གུང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཚབ་མཛད་དེ་དམངས་གཙོ་ཏང་ཁག་སོ་སོ་དང་བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས། ཏང་ཁག་གང་ལའང་མི་གཏོགས་པའི་མི་སྣ། མི་དམངས་ཚོགས་པ། རྒྱལ་ཡོངས་ཀྱི་རྒྱ་ཆེའི་བཟོ་བ་དང་ཞིང་བ། ཤེས་ཡོན་ཅན། ལས་བྱེད་པ། ལས་རིགས་སོ་སོའི་མི་སྣ། མི་དམངས་བཅིངས་འགྲོལ་དམག་གི་བཀོད་འཐབ་པ། དྲག་ཆས་ཉེན་རྟོག་དཔོན་དམག སྤྱི་བདེ་ཉེན་རྟོག་ལས་བྱེད་པ། མེ་གསོད་རྒུད་སྐྱོབ་དཔུང་སྡེ་ཡི་བཀོད་འདོམས་པ། ཞང་ཀང་དམིགས་བསལ་སྲིད་འཛིན་ས་ཁུལ་གྱི་སྤུན་ཟླ། ཨོ་མིན་དམིགས་བསལ་སྲིད་འཛིན་ས་ཁུལ་གྱི་སྤུན་ཟླ། ཐེ་ཝན་སྤུན་ཟླ། ཕྱི་སྡོད་རང་མི། དེ་མིན་ཀྲུང་གོའི་བཅོས་སྒྱུར་སྒོ་འབྱེད་དང་དེང་རབས་ཅན་འཛུགས་སྐྲུན་ལ་སེམས་ཁུར་དང་རྒྱབ་སྐྱོར་བྱས་པའི་རྒྱལ་ཁབ་སོ་སོའི་གྲོགས་པོ་རྣམས་ལ་དུས་ཆེན་གྱི་འཚམས་འདྲི་དང་སྨོན་འདུན་བཟང་བོ་ཞུས།
        ཞི་ཅིན་ཕིང་གིས་བསྟན་དོན། ཉིས་སྟོང་བཅོ་བརྒྱད་ལོ་ནི་བཅོས་སྒྱུར་སྒོ་འབྱེད་བྱས་ནས་ལོ་བཞི་བཅུ་ལོན་པའི་ལོ་ཡིན་པས་ང་ཚོས་རྟེན་འབྲེལ་ཞུ་བའི་བྱ་འགུལ་གཟབ་རྒྱས་ངང་བསྡུས། བཅོས་སྒྱུར་སྒོ་འབྱེད་བྱས་པར་ཆེས་བཟང་བའི་རྟེན་འབྲེལ་ཞུ་པ་ནི་བློ་བརྟན་འགྱུར་མེད་སྒོས་བཅོས་སྒྱུར་ཟབ་སྤེལ་དང་སྒོ་འབྱེད་རྒྱ་སྐྱེད་པ་དང་། ད་ལོར་ཀྲུང་དབྱང་ཁྱོན་ཡོངས་བཅོས་སྒྱུར་ཟབ་སྤེལ་ཨུ་ཡོན་ལྷན་ཁང་གིས་བཀོད་སྒྲིག་བྱས་པའི་བཅོས་སྒྱུར་ལས་འགན་གལ་ཆེན་དོན་བརྒྱད་དང་དེ་མིན་བཅོས་སྒྱུར་ལས་འགན་བརྒྱད་ཅུ་ཕལ་ཆེར་ཡོངས་འགྲུབ་བྱས་ཤིང་། ཀྲུང་དབྱང་དང་རྒྱལ་ཁབ་ལས་ཁུངས་ཀྱི་འབྲེལ་ཡོད་སྡེ་ཁག་གིས་ད་དུང་བཅོས་སྒྱུར་ལས་འགན་བརྒྱ་དང་དོན་གཅིག་ཡོངས་འགྲུབ་བྱས་པ་དང་ཕྱོགས་སོ་སོས་བསྡོམས་པས་བཅོས་སྒྱུར་ཇུས་གཞི་སུམ་བརྒྱདང་ཉེར་དགུ་གཏན་འཁེལ་བྱས་པ་དེ་ཡིན། ཏང་གི་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་ཚུན་ལ། ང་ཚོས་བཅོས་སྒྱུར་ཇུས་གཞི་སྟོང་གཅིག་དང་དགུ་བརྒྱ་སོ་གཉིས་ལག་བསྟར་བྱས་པ་དང་། ང་ཚོས་འགུལ་སྐྱོད་ལ་བརྟེན་ནས་དུས་རབས་གསར་བར་བཅོས་སྒྱུར་སྒོ་འབྱེད་མཐའ་འཁྱོལ་བར་བྱེད་ངེས་ཡིན་པའི་ཆོད་སེམས་བརྟན་པོ་ཡོངས་བསྒྲགས་བྱས་ཟེར།
        ཞི་ཅིན་ཕིང་གིས་བསྟན་དོན། མི་སེམས་ནི་ཆེས་ཆེ་བའི་ཆབ་སྲིད་ཡིན་པ་དང་ཐུན་མོང་གི་ལྟ་ཚུལ་ནི་འབད་འཐབ་བྱེད་པའི་སྒུལ་ཤུགས་ཡིན། ཉིས་སྟོང་བཅུ་དགུ་ལོར་མི་དམངས་སྲིད་གྲོས་ཀྱིས་བསམ་བློ་ཆབ་སྲིད་སྣེ་ཁྲིད་ལ་ཤུགས་སྣོན་པ་དང་ཐུན་མོང་གི་ལྟ་ཚུལ་གཅིག་སྡུད་བྱེད་པ་ནི་འགན་འཁྲི་ལག་བསྟར་བྱེད་པའི་བྱ་བའི་དཀྱིལ་སྙིང་དུ་བཞག་སྟེ་ཏང་ཁག་སོ་སོའི་ཚོགས་པ་དང་རིགས་སོ་སོ་དང་ལས་རིགས་སོ་སོའི་མི་སྣ་མཐུན་སྒྲིལ་ཆེན་པོ་དང་མཉམ་འབྲེལ་ཆེན་པོ་བྱེད་པར་ཤུགས་སྣོན་པ་དང་། ཀྲུང་གུང་ཀྲུང་དབྱང་གིས་མི་དམངས་སྲིད་གྲོས་བྱ་བར་བཏོན་པའི་རེ་བ་དངོས་འབེབས་བཟང་བོ་བྱེད་པ་དང་རྒྱལ་ཁབ་ཕྱི་ནང་གི་ཀྲུང་ཧྭའི་བུ་དང་བུ་མོས་ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་བྱེད་པའི་བློ་གྲོས་དང་སྟོབས་ཤུགས་གཅིག་སྡུད་བྱེད་པའི་ཆབ་སྲིད་འགན་འཁྲི་དང་ལེན་བྱེད་པར་མ་ཟད་གཡུར་དུ་ཟ་བའི་གྲུབ་འབྲས་བླངས་ནས་ཀྲུང་གོ་གསར་བ་དབུ་བརྙེས་ནས་ལོ་འཁོར་བདུན་ཅུ་ལོན་པར་བསུ་མ་བྱེད་དགོས་ཟེར།
        ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཝང་དབྱང་གིས་ཇ་སྟོན་ཚོགས་འདུར་འགོ་འཛིན་མཛད། །


རྩོམ་ཡིག་སྔོན་མ།
རྨི་ལམ་ཐོར་མ།

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1