ཀྲུང་གོ་རྒྱལ་ཁབ་ཀྱི་གསར་སྐྲུན་སྟོན་གྲངས་འཛམ་གླིང་གི་ཨང་17པར་སླེབས་ཡོད།

རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 01-04


      ཀྲུང་གོའི་ཚན་རིག་ལག་རྩལ་འཕེལ་རྒྱས་འཐབ་ཇུས་ཞིབ་འཇུག་ཁང་གིས་ཟླ8པའི་ཚེས18ཉིན《རྒྱལ་ཁབ་ཀྱི་གསར་སྐྲུན་སྟོན་གྲངས་སྙན་ཞུ2016ལོ་ནས2017ལོ་བར》ཁྱབ་སྒྲོག་བྱས། སྙན་ཞུའི་ནང་བསྟན་དོན། ཀྲུང་གོའི་རྒྱལ་ཁབ་ཀྱི་གསར་སྐྲུན་སྟོན་གྲངས་འཛམ་གླིང་གི་ཨང17པར་སླེབས་པས། སྔོན་ལོ་ལས་ཨང་རིམ1འཕར་ཡོད།

        རྒྱལ་ཁབ་ཀྱི་གསར་སྐྲུན་སྟོན་གྲངས་ཟེར་བ་ནི་རྒྱལ་ཁབ་ཀྱི་ཕྱོགས་བསྡུས་གསར་སྐྲུན་ནུས་ཤུགས་ཀྱི་མཚོན་བྱེད་གལ་ཆེན་ཞིག་ཡིན། 2011ལོའི་ཚུན་དུ《རྒྱལ་ཁབ་ཀྱི་གསར་སྐྲུན་སྟོན་གྲངས་སྙན་ཞུ》ལོ་རེར་ཐེངས་རེ་ཁྱབ་སྒྲོག་བྱས་ཏེ། གསར་སྐྲུན་ཐོན་ཁུངས་དང་ཤེས་བྱ་གསར་འཛུགས། ཁེ་ལས་གསར་སྐྲུན། གསར་སྐྲུན་ལས་ཆོད། གསར་སྐྲུན་ཁོར་ཡུག་བཅས་ཕྱོགས་ལྔ་ནས་རྒྱལ་ཁབ་ཀྱི་གསར་སྐྲུན་སྟོན་གྲངས་མ་ལག་བཙུགས་པ་དང་། ཞིབ་འཇུག་དང་ཚོད་ལྟའི་འཕེལ་རྒྱས་ཀྱི་གྲོན་དངུལ་སྤྱི་གྲངས་ཀྱིས་འཛམ་གླིང་ཡོངས་ཀྱི་སྤྱི་གྲངས་ཀྱི95%ཟིན་པའི་ཚན་རྩལ་གསར་སྐྲུན་བྱ་འགུལ་འཕར་ཚད་མགྱོགས་པོའི་རྒྱལ་ཁབ40བདམས་ནས་ཞིབ་འཇུག་བྱས་པ་རེད།

        གསར་དུ་བཏོན་པའི་སྙན་ཞུ་ལས་མངོན་པ་ལྟར་ན། ཨ་མེ་རི་ཁ་དང་འཇར་པན། གླིང་ཆེན་ཡོ་རོབ་བཅས་ཀྱིས་སྣེ་ཁྲིད་པའི་འཛམ་གླིང་ཡོངས་ཀྱི་གསར་སྐྲུན་རྣམ་པ་ཕལ་ཆེར་བརྟན་བརླིང་ཡིན། རྒྱལ་ཁབ་ཀྱི་གསར་སྐྲུན་སྟོན་གྲངས་ཀྱི་གདེང་འཇོག་མཇུག་འབྲས་ཀྱི་བསྡུར་གྲངས་དབྱེ་ཞིབ་བྱས་པ་ལས་ཤེས་གསལ་ལྟར་ན། རྒྱལ་ཁབ40ཚོགས་ཁག་གསུམ་དུ་བགོས་ཡོད། ཕྱོགས་བསྡུས་སྟོན་གྲངས་ཀྱི་ཨང་རིམ15ཡན་གྱི་རྒྱལ་ཁབ་གཙོ་བོ་ནི་གླིང་ཆེན་ཡོ་རོབ་དང་གླིང་ཆེན་ཨ་མེ་རི་ཁའི་དཔལ་འབྱོར་དར་བའི་རྒྱལ་ཁབ་ཁག་ཡིན་ཏེ།  སོ་སོ་ནི་ཨ་མེ་རི་ཁ་དང་འཇར་པན། སུའེ་ཙེར། ཁོ་རེ་ཡ་ལྟོ་མ། རེན་མག སུའེ་ཏེན། འཇར་མན། ཧོ་ལན། སིང་ཀ་ཕོར། དབྱིན་ཇི། ཧྥིན་ལན། ཧྥ་རན་སེ། དབྱི་སི་རལ། ཨོ་སི་ཁྲུ་རི་ཡ། ནོར་ཝེ་བཅས་ཡིན་པ་དང་། ཨང16པ་ནས་ཨང30པ་ནི་དར་རྒྱས་ཆེ་བའི་རྒྱལ་ཁབ་གཞན་དག་དང་གསར་བྱུང་དཔལ་འབྱོར་དར་བའི་རྒྱལ་ཁབ་ཉུང་ཤས་ཡིན།  དེ་ཚོགས་ཁག་ཨང་གཉིས་པར་གཏོགས། ཀྲུང་གོ་ནི་ཚོགས་ཁག་དེའི་ནང་གི་དང་པོར་གནས་ཡོད།  ཚོགས་ཁག་ཨང་གསུམ་པའི་རྒྱལ་ཁབ་མང་ཤོས་ནི་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཡིན།

        ཀྲུང་གོ་ཚན་རིག་ལག་རྩལ་འཕེལ་རྒྱས་འཐབ་ཇུས་ཞིབ་འཇུག་ཁང་གི་མགོ་གཙོ་གཞོན་པ་ཝུའུ་དབྱི་ཧྲན་གྱིས་བཤད་རྒྱུར། "ལྔ་བཅུ་གསུམ"རྒྱལ་ཁབ་ཚན་རྩལ་གསར་སྐྲུན་འཆར་གཞིའི་སྤྱི་ཁོག་འཕེལ་རྒྱས་དམིགས་འབེན་ལྟར་ན། རང་རྒྱལ་གྱིས2020ལོར་ཐོན་དུས་རྒྱལ་ཁབ་ཀྱི་ཕྱོགས་བསྡུས་གསར་སྐྲུན་ནུས་ཤུགས་འཛམ་གླིང་གི་ཨང15པར་ཐོན་ཐབས་བྱ་དགོས།

        ཝུའུ་དབྱི་ཧྲན་གྱིས་བསྟན་དོན། མཇུག་འབྲས་ལས་བལྟས་ན། ཀྲུང་གོའི་གསར་སྐྲུན་ཐོན་ཁུངས་ཐད་ཀྱི་མ་དངུལ་གཏོང་ཚད་མུ་མཐུད་དུ་འཕར་བཞིན་ཡོད། གསར་སྐྲུན་ནུས་ཤུགས་འཕེལ་རྒྱས་སུ་འགྲོ་བའི་ཆུ་ཚད་ནི་དཔལ་འབྱོར་འཕེལ་རྒྱས་དུས་རིམ་ལས་ཆེས་ཆེར་བརྒལ་ཡོད་པས།འཛམ་གླིང་གི་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་གཞན་དག་ལས་མགྱོགས། གཙོ་བོ་ཤེས་བྱའི་ཐོན་ཚད་དང་སྤུས་ཀ་མགྱོགས་པོར་འཕར་བ་དང་། ཁེ་ལས་ཀྱི་གསར་སྐྲུན་ནུས་ཤུགས་བརྟན་བརླིང་ངང་འཕར་བ་སོགས་ལས་མངོན་ཡོད།།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1