མཛོད་དགེ་རྫོང་གི་སློབ་ཆེན་སློབ་མ20ཡིས་གནས་སྤོས་ལས་ཞུགས་བྱས།

ཚེ་རིང་ལྷ་མོ། རྩོམ་སྒྲིག་པ།ཡོང་ཁུངས།ངེད་དྲ་བ། སྤེལ་དུས། 01-15



    ཤར་ནུབ་རྒྱུད་ཀྱི་དབུལ་སྐྱོར་ངལ་ལས་མཉམ་སྒྲུབ་ཀྱི་ཇུས་འགོད་ལག་བསྟར་དོན་འཁྱོལ་བྱ་ཆེད། མཛོད་དགེ་རྫོང་གིས་ཧུར་ཐག་ངང་ཅ་ཞིང་གྲོང་ཁྱེར་གྱི་ལས་ཞུགས་ཅུས་སོགས་ལས་ཁུངས་དང་གྲོས་མཐུན་བྱས་ཤིང་ལས་གནས་བརྩོན་ལེན་བྱས་པར་མ་ཟད། རྫོང་གི་གྲོང་སྡེ་དང་དུད་ཁྱིམ་རེ་རེར་བསྐྱོད་དེ་འབྲིང་རིམ་དང་ཆེད་སྦྱོང་གི་སློབ་མ་རྣམས་དང་གདོང་བཅར་ནས་ཁ་བརྡ་བྱས་ཏེ། དྲིལ་བསྒྲགས་དང་སྐུལ་སློང་གི་ལས་ཀ་ལེགས་པོར་བསྒྲུབས་ནས་ངལ་ལས་མཉམ་སྒྲུབ་ཀྱི་ལས་དོན་ལ་སྲ་ཞིང་བརྟན་པའི་རྨང་གཞི་བཏིང་། ཐེངས་འདིའི་གནས་སྤོས་ལས་ཞུགས་ནི་སློབ་མ་རང་གིས་རང་མོས་ལྟར་མིང་ཐོ་འགོད་པ་དང་སློབ་གསོ་ཅུས་དང་དབུལ་སྐྱོར་ཚན་ཁག ལས་ཞུགས་སྡེ་ཁག་སོགས་འབྲེལ་ཡོད་སྡེ་ཁག་གིས་བརྟག་དཔྱད་ཞིབ་མོ་བརྒྱུད་དེ། མཐར་ཁྱིམ་ཚང་དབུལ་བོའི་སློབ་ཆེན་སློབ་མ20བདམས་ནས་ཅ་ཞིང་གྲོང་ཁྱེར་དུ་ལས་ཞུགས་བྱེད་པར་བསྐྱལ། རང་གི་ནུས་རྩལ་དང་ལས་ཞུགས་ཀྱི་འདོད་པ་ལྟར་ལས་གནས་བཀོད་སྒྲིག་བྱ་རྒྱུ་དང་གླ་ཕོགས་ཟླ་རེར་མ་མཐའ་ཡང་སྒོར4000ལྷག་ཡོད།
     གླིང་བ་ཡུལ་ཚོའི་མཐའ་བ་སྡེ་བའི་གྲོང་བ་སྟོང་ཉིད་ཀྱིས་གསར་འགོད་པར་བཤད་པར། ང་ཚོ་ཀྲེ་ཅང་ཞིང་ཆེན་གྱི་ཅ་ཞིང་གྲོང་ཁྱེར་དུ་ལས་ཞུགས་ལ་འགྲོ་ཐུབ་པ་འདི་ནི། རྒྱལ་ཁབ་ཀྱི་སྲིད་ཇུས་བཟང་བོ་དང་མཛོད་དགེ་རྫོང་ཨུ་དང་རྫོང་སྲིད་གཞུང་། འབྲེལ་ཡོད་སྡེ་ཁག་དང་ཡུལ་ཚོའི་ཨུ་ཡོན་ལྷན་ཁང་དང་རོགས་སྐྱོར་ལས་བྱེད་པའི་བཀའ་དྲིན་ཡིན་ལ། རང་སེམས་ལ་སྤྲོ་བ་ཆེན་པོས་བརྟས་ཡོད་ཅིང་། གོ་སྐབས་འདི་གཅེས་འཛིན་བྱས་ཏེ། རང་གི་ལས་གནས་གསར་བ་རུ་འབད་འབད་འབུངས་འབུངས་ཀྱིས་བྱ་བ་བསྒྲུབས་པ་དང་། སྐད་ཆ་དང་འཚོ་བའི་གོམས་སྲོལ་སོགས་ཀྱི་ཐད་མི་འདང་བའི་ཆ་ལ་ཤུགས་བརྒྱབ་ནས་སྤྱི་ཚོགས་ཀྱི་ཕྱོགས་སོ་སོའི་ཐུགས་ཁུར་དང་རོགས་རམ་བྱས་པ་དོན་མེད་དུ་གཏོང་རྒྱུ་མིན་ཟེར།
    རྒྱུས་ལོན་པ་ལྟར་ན། མཛོད་དགེ་རྫོང་གིས་མུ་མཐུད་དུ་ངལ་ལས་སྤོ་བསྒྱུར་གྱི་བྱ་བར་ལེགས་པོར་སྒྲུབ་རྩིས་འདུག་ལ། ཕན་ཚུན་ཕྱར་བ་གྲུ་འདེགས་ཀྱི་འབྲེལ་ཟམ་ལྟ་བུའི་ནུས་པ་འདོན་སྤེལ་གང་ལེགས་བྱས་ཏེ། ངལ་ལས་ཕྱིར་གཏོང་གི་ལམ་བུ་སྔར་ལས་ཇེ་ཡངས་སུ་གཏོང་རྒྱུ་རེད། ཧུར་ཐག་གིས་ཀྲེ་ཅང་གི་ཁེ་ལས་མཛོད་དགེ་རྫོང་དུ་ཡོང་ནས་ལས་མི་བསྡུ་བའི་ཚོགས་འདུ་བསྡུ་བར་གྲོས་མཐུན་བྱས་ཤིང་། ངལ་རྩོལ་ནུས་ཤུགས་སྤོ་བསྒྱུར་བྱེད་པར་ཕྱིར་གཏོང་ཐུབ་ལ་འགན་སྲུང་ཡོད་པ། འདུག་ཐུབ་ཅིང་འཕེལ་རྒྱས་ལ་སྨན་པའི་ཁེ་ལས་ཕུལ་བྱུང་བ་བཙལ་ནས། ངལ་ལས་ཕྱིར་གཏོང་གི་གན་རྒྱ་བཀོད་པར་མ་ཟད། ངལ་རྩོལ་ནུས་པའི་སྤུས་ཀ་མཐོར་འདེགས་ཀྱི་ཟབ་སྦྱོང་དང། ལས་ཞུགས་མཚམས་སྦྱོར་བྱེད་པ། ངལ་ལས་མངག་གཏོང་སོགས་ཀྱི་བྱ་བ་ལེགས་པོར་བསྒྲུབས་ཏེ། གནས་སྤོས་ལས་ཞུགས་ཀྱི་གྲུབ་འབྲས་བརྟན་བརླིང་དང་མཛོད་དགེའི་དཔལ་འབྱོར་གོང་འཕེལ་ལ་ནུས་པ་ཕུལ་དང་དབུལ་རྒྱུ་རེད།
     གསར་འགོད་པས་རྒྱུས་ལོན་པ་ལྟར་ན། ཤར་ནུབ་རྒྱུད་ཀྱི་རོགས་སྐྱོར་མཉམ་སྒྲུབ་ཀྱི་བྱ་བ་འགོ་བརྩམས་པ་ནས་བཟུང་། མཛོད་དགེ་རྫོང་གིས་ངལ་རྩོལ་བ་དབུལ་བོ་རྣམས་ཀྱི་ལས་ཞུགས་ལམ་བུ་ཇེ་ཡངས་སུ་འགྲོ་དགོས་པའི་བརྗོད་གཞི་ལ་དམིགས་ཏེ། ཤར་ནུབ་རྒྱུད་ཀྱི་ངལ་ལས་མཉམ་སྒྲུབ་དང་ལས་ཞུགས་ནུས་རྩལ་ཟབ་སྦྱོང་བྱེད་པར་ཤུགས་བརྒྱབ་སྟེ། ཁྱིམ་ཚང་དབུལ་ཕོངས་ལ་ཁ་གཏད་དེ་མི730ལ་ཟབ་སྦྱོང་གི་གོ་སྐབས་གནང་ཞིང་། ཤར་ནུབ་རྒྱུད་ཀྱི་ངལ་ལས་མཉམ་སྒྲུབ་ཀྱི་ལས་མི་བསྡུ་བའི་བྱེད་སྒོ་ཐེངས་གཉིས་སྤེལ་ཏེ། ཀྲེ་ཅང་དུ་ལས་ཞུགས་བྱེད་པའི་གོ་སྐབས་མང་པོ་ཡིག་ཚགས་བཀོད་ཅིང་བྱང་བུ་བཟོས་པའི་ཁྱིམ་ཚང་དབུལ་ཕོངས་དག་ལ་གནང་ཡོད།
    མཛོད་དགེ་རྫོང་གི་མི་དོན་འགན་སྲུང་ཅུས་ཀྱི་འགན་ཁུར་བས་ངོ་སྤྲོད་པར། ཐེངས་འདིའི་གནས་སྤོས་ལས་ཞུགས་པ་ཕྱིར་གཏོང་གི་བྱ་བའི་ཐད་ལ། ང་ཚོས་སྤྱི་ཚོགས་འགན་འཁྲིའི་བསམ་པ་ཤུགས་ཆེ་བའི་ཁེ་ལས་ཕུལ་བྱུང་བ40ལྷག་བདམས་ཏེ། ལས་གནས400ཙམ་ཞིག་མཁོ་འདོན་གནང་ཞིང་། གླ་ཕོགས་ནི་ཟླ་རེར་སྒོར4000ལས་མི་དམའ་བ་རེད། དུས་མཚུངས་སུ། ང་ཚོས་ཐེངས་འདིར་ཅ་ཞིང་དུ་འགྲོ་བའི་ལས་ཞུགས་པ་རྣམས་ལ་ལམ་ཆས་བསྡུ་གསོག་བྱེད་སའི་སྒམ་སོགས་ཀྱང་གྲ་སྒྲིག་གང་ལེགས་བྱས་ཤིང་། ཁེ་ལས་དག་ལ་འབྲེལ་བ་བྱས་ཏེ་བསུ་སྐྱེལ་གྱི་བྱ་བར་ཞུགས་སུ་བཅུག་སྟེ། ལམ་ཐག་ཧྲིལ་བོར་སྐྱེལ་མ་བྱས་ཤིང་སྤྱི་ཚོགས་ཀྱི་ཡིད་མགུ་ཞིང་ཁྱིམ་བདག་གི་བློ་བདེ་བའི་བྱ་བ་བསྒྲུབས་ཡོད་ལ། ཁྱིམ་ཚང་དབུལ་བོའི་སློབ་ཆེན་སློབ་མ་རྣམས་སློབ་མཐར་ཕྱིན་ནས་ཕྱི་རུ་སོང་ནས་ལས་ཀ་གཉེར་ན་འགྲོ་སོང་མི་དགོས་པ་ཡང་མངོན་འགྱུར་བྱུང་ཡོད་ཟེར།



དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1