གཡག་རྒྱབ་ཀྱི་ལོ་ཟླ།

འབའ་ཁུ་ལོ།(ཟི་ལིང) རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 01-17


ཡ་ཐོག་དང་པོའི་བྱུང་བ་འཚོལ་དུས་ཁྱེད་ནི་གནམ་སའི་མེ་ལོང་ཡིན།།

ཉི་ཟླའི་འོད་སྣང་ཕྲག་ལ་བླངས་ནས་རྨིག་རྗེས་གངས་ལ་དཔར་རབས་ཡོད།།

གཡའ་རྡོ་བཅག་པའི་དཔའ་གདེང་བར་ན་མེས་པོའི་ཀི་སྒྲ་བརྗིད་རབས་ཡོད།།

ས་འཛིན་གཙུག་གི་རུ་སྡེ་ཁྲ་མོ་ཁྱེད་ཀྱི་རྒྱབ་ནས་ཚེས་རབས་ཡོད།།

ཁྱེད་ཀྱི་ཞོལ་རྩིད་དྲོད་ཤ་གྱི་ལེར་ང་ལ་ཚེ་ཡི་མགོ་སྦྲ་ཕུབ།།

ཉི་མའི་གྲོང་གི་ཚ་གདུང་བསྲུངས་ཤིང་འཁྱག་པའི་སྒང་གི་ཙག་རླུང་བཀག །

མེས་པོའི་དཔའ་དང་རྩལ་ལ་བརྟེན་པའི་མཐོ་སྒང་འདི་ཡི་གཞི་འཛིན་ཡང་།།

རྣོ་དབལ་རྭ་ལ་མེ་སྟག་མཆེད་པའི་ཁྱེད་ཀྱི་རྒྱབ་ནས་འཁྲུངས་རབས་ཡོད།།

ཁྱེད་ནི་ཧར་ལྕེས་གངས་རྫ་སྒུལ་བའི་འབྲོང་གི་རྒྱུད་ལས་ཆད་རབས་ཡོད།།

རྔ་རྩིད་ལྷེབ་པོས་བུ་ཡུག་གཏོར་བཞིན་ནག་མོ་ནོར་ལ་འདྲེས་རབས་ཡོད།།

སྙིང་སྟོབས་སྲོག་གིས་སོ་སྒྲ་འཆའ་བཞིན་འབྲོག་ལམ་རིང་མོ་བཅད་རབས་ཡོད།།

སྤང་རྒོད་སྙིང་རྩ་ཡོམ་ཡོམ་སྒུལ་བཞིན་སྐྱས་ལམ་རིང་མོ་གཤགས་རབས་ཡོད།།

གཡུ་སྦྲ་མཐིང་ཤོག་གོང་དགུ་འདི་ཡང་ཐོག་མའི་རྒྱུ་བ་ཁྱེད་ལས་བྱུང་།།

མགོ་ནག་བོད་མིའི་སྐྱིད་སྡུག་འདི་ཡང་རྩ་བ་ཁྱེད་དང་འབྲེལ་ནས་བྱུང་།།

རི་ཆེན་འདབས་དང་ཐང་ཆེན་དཀྱིལ་ལ་ཁྱེད་ཀྱི་ཚེ་སྲོག་བརྡལ་ནས་ཡོད།།

བསྐལ་པ་སྟོང་གི་བཞུད་ལམ་རིང་མོ་ཁྱེད་ཀྱི་རྒྱབ་ནས་མཐོང་རབས་ཡོད།།

ཡོད་ན་ཕྱུག་པོས་གསེར་དངུལ་བཀལ་ནས་ཁྱེད་ཀྱི་རྒྱབ་ན་འོད་སྣང་ཡོད།།

མེད་ན་དབུལ་བོས་སྒ་རྐྱང་བསྟད་ནས་ཁྱེད་ཀྱི་རྒྱབ་ན་ས་རྡུལ་ཡོད།།

མདོར་ན་ཕ་ཡུལ་བསིལ་མོ་སྒང་གི་ཕྱི་ནང་ཁྱེད་ལ་བྲིས་ནས་ཡོད།།

གཞི་དང་འཁོར་བའི་བདེ་སྡུག་རི་མོ་ཁྱེད་ཀྱི་རྒྱབ་ལ་བབས་ནས་ཡོད།།

ཁངས་ཆེན་བབས་ན་རྭ་ཁ་མི་ལོག་འབྲོག་གི་གཡག་རྒོད་རྔམ་ལ་བརྗིད།།

ཆར་ཆེན་བབས་ན་སྤུ་ཁ་མི་ཉམས་ས་མཐོའི་གཡག་རྒོད་བརྟན་ལ་བརླིང་།།

བྱེ་རླུང་འཚུབ་ན་མིག་ཟུང་མི་རུབ་སྒང་བའི་སྙིང་ཕུར་ཚེ་ལ་རིང་།།

གངས་རིའི་རྣམ་ཤེས་ཁྱེད་ཀྱི་རྒྱབ་ནས་གཏན་དུ་མི་ནུབ་ལྷ་ལ་མཁྱེན།།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1