༄༅། རི་གྲོང་གི་དབྱར་ལྗོངས།

སྤེན་ཚེ། རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 02-22


དཔྱིད་ཀྱི་བུ་མོ་གོམ་སྟབས་བྲེལ་པོས་རྒྱང་རིང་ནས་རྒྱང་རིང་དུ་བཞུད་པས། མཛེས་སྡུག་ལང་ཚོའི་དཔལ་གྱིས་ཕྱུག་པའི་དབྱར་གྱི་སྒེག་མོ་གོམ་སྟབས་དལ་པོས་རི་གྲོང་འདིའི་རྒྱན་དུ་ཆས་འོང་བྱུང་།

གཟིགས་དང་། ཕུ་ན་བརྗིད་ཆགས་ལྷུན་གྱིས་གྲུབ་པའི་གནམ་གྱི་ཀ་བ་ལྟ་བུའི་ས་འཛིན་དག་གིས་དབུ་ལ་སྤྲིན་དཀར་གྱི་ལ་ཐོད་བཅིངས་ཤིང་། ལུས་ལ་གཡུ་ཞུན་ལར་བརྒྱར་བྱུགས་འདྲའི་སྔོ་ལྗང་ན་བཟའ་གསར་པ་རབ་ཏུ་སྤྲད་དེ་འགྱིང་ངེར་མཆིས།

རི་སྟེང་དུ་གོང་མོ་དང་། གོང་དཀར། སྲེག་པ་ལ་སོགས་འདབ་ཆགས་སྣ་ཚོགས་འཕུར་ལྡིང་བྱེད་པའི་བྲོ་གར་ལ་ཅི་དགར་རོལ་བཞིན་པ་དང་། མདའ་ན་སྦྱར་དཀར་དང་། ལྕང་ནག་སོགས་སྔོ་ལྗང་གཡུ་ལོ་ཐགས་སུ་བཀྲ་བའི་ལྗོན་ཤིང་གི་ལོ་འདབ་རབ་ཏུ་རྒྱས། རྩེ་མོ་དགུང་ལ་སྙེགས་པའི་ལྗོན་པའི་སྟེང་ན་ཁུ་བྱུག་དང་། འཇོལ་མོ། མཆིལ་པ། སྐྱ་ཀ་སོགས་སྤུ་སྡུག་འདབ་ཆགས་སྣ་ཚོགས་ཀྱིས་ཀྱུར་ཀྱུར་གསུང་སྙན་སྒྲོག་བཞིན་འཕུར་ལྡིང་གི་གར་སྟབས་ཅི་ཡང་བསྒྱུར།

ཡངས་ཤིང་རྒྱ་ཆེ་བའི་ཞིང་ཐང་ནང་དུ་སེར་པོ་པད་ཁའི་མེ་ཏོག་དང་། ཟིང་སྐྱ་སྲན་མའི་མེ་ཏོག་སོགས་མེ་ཏོག་སྣ་ཚོགས་ཁྱོད་མཛེས་ང་ཡག་ངང་ནས་མཛེས་སྡུག་ཅི་གར་འགྲན་བཞིན་འདུག་ལ། སྐྱེ་སྟོབས་ཀྱི་དཔལ་འབར་བའི་ནས་ཞིང་དག་བསེར་བུ་རླུང་གི་རྒྱུ་ཕྱོགས་དང་བསྟུན་ནས་མགོ་ལྕོག་ལྡེམ་ལྡེམ་བྱེད་ཅིང་། མིག་ལྡན་སྐྱེ་འགྲོ་མང་པོའི་མིག་དབང་ཅིག་ཅར་དུ་འཕྲོགས་བཞིན་མཆིས། ས་སྟེང་དུ་གྲོག་མ་དང་། ཆ་ག་པ་སོགས་འབུ་སྲིན་གྱི་རིགས་རྣམས་རང་རང་བྲེལ་ཟིང་གི་འདུ་འགོད་ལྷག་པར་ཆེ།

ཞིང་ཐང་གི་ཉེ་འགྲམ་དུ་ལྷུང་ལྷུང་དུ་འབབ་ཞིང་དལ་དལ་ངང་བཞུར་བཞིན་པའི་ཆུ་དང་ཆུ་ཕྲན་དང་། ལྟོ་དཀར་ཉ་མོའི་ཚོགས་རྣམས་ཕན་ཚུན་འཚེ་མེད་ཞི་བདེའི་ངང་འཁྱུག་བགྲོད་ཀྱི་རྩལ་ལ་ཅི་གར་བརྩེན་བཞིན་འདུག

ཞིང་ཐང་དེའི་ཕར་ཕྱོགས་སུ་ནེ་ཙོ་འབུམ་གྱིས་གཤོག་པ་བརྐྱང་འདྲའི་ནེའུ་སིང་གི་ངོས་རྐང་བཞི་དུད་འགྲོ་དཀར་ནག་ཁྱུ་དང་ཁྱུ་བྱས་ཏེ་རང་རང་གང་འདོད་ཀྱི་རྩྭ་ཆུའི་ཟས་ལ་ལོངས་སུ་སྤྱོད་བཞིན་རང་སྣང་བག་ཕེབས་སུ་ཅི་དགར་རྒྱུ།

ཨེ་མ། དབྱར་དུས་ཀྱི་རི་གྲོང་འདི་ཉིད་ནི་དྲི་ཟའི་འཇིག་རྟེན་མི་ཡུལ་དུ་འཕོས་པ་ལྟར་ཅི་འདྲའི་མཛེས་སྡུག་དཔལ་གྱིས་ཕྱུག་པ་ཞིག་འདུག་ཨང་།

རྩོམ་པ་པོའི་ལས་ཁུངས་གཞིས་རྩེ་བསམ་གྲུབ་རྩེ་ཆུས་ཕྱུག་པོ་གཞུང་ཤང་ལྟེ་བའི་སློབ་ཆུང་གི་སྤེན་ཚེ་གཞོན་པས།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1