སློབ་ཆེན་ཐོན་པའི་སློབ་མ་ལགས། ཁྱེད་ལ་དགའ་བསུ་བྱེད།

◆ཚེ་རིམ་དཔལ་བཟང་། རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 02-22


སློབ་ཆེན་གྱི་རྒྱལ་སྒོ་འབུད་དེ་སྤྱི་ཚོགས་ཀྱི་སྣེ་མོར་སྙེགས་པ་ལང་འཚོའི་དཔལ་གྱིས་ཕྱུག་པའི་སློབ་མ་ལགས། ཁྱེད་སྐུ་ཁམས་བཟང་། མཚམས་འདིར་ཁྱེད་ཕེབས་པ་ལེགས་བྱུང་། མི་ཚེའི་དུས་རིམ་གསར་པ་དཔལ་བཟང་ངས་ཁྱེད་ལ་དགའ་བསུ་བྱེད།

གཟིགས་དང་། ལོ་ཡི་བགྲང་བྱ་ནི་ཇི་འདྲའི་འགྲོ་མགྱོགས་པ་ཞིག་རེད་ཨང་། ཁྱེད་དང་ཐོག་ཕ་མ་གཉིས་ནས་ལག་ཏུ་འཁྲིད་དེ་སློབ་ཆུང་གི་རྒྱལ་སྒོ་ནས་འཛུལ་ཡོད་ལ། ཀ་ཁ་དང་abcཡི་ཀློག་སྒྲ་ནི་ད་དུང་ཡང་སློབ་ཁང་ན་སྒྲོག་བཞིན་པ་དང་འདྲ། འབྲིང་ཆུང་གི་དུས་དེར་ཁྱེད་ནི་ཕུགས་བསམ་སྣ་ཚོགས་དང་སྦྲགས་ནས་སྐད་ཡིག་དང་ལོ་རྒྱུས་ཚབ་རྩིས་ལ་སོགས་ཀྱི་འབྲི་སྦྱོང་གི་ཁྲོད་དུ་ཉིན་མཚན་རྨི་ལམ་སྐྱིད་པོ་ཞིག་ལྟར་འདས། དེ་ནས་མཐོ་འབྲིང་གི་དུས་ཀྱང་ཤེས་བྱ་རིག་ཚན་ཕུན་སུམ་ཚོགས་པའི་ལོངས་སྤྱོད་ལ་རོལ་བཞིན་དུ་སློབ་ཆེན་ག་གེ་མོར་སྐོམ་པ་ཆུ་འདོད་དང་ལྟོགས་པ་ཟ་འདོད་ཀྱིས་རེ་འདོད་བྱས་མཐར་བསམ་དོན་ལྷུན་གྱིས་གྲུབ་ཡོད། ད་ནི་ཁྱེད་ལ་སློབ་ཆེན་གྱི་སྐལ་བཟང་ཐོབ་ཏེ་ལང་འཚོ་དར་ལ་ཕུན་ཚོགས་ཤེས་རིག་གིས་སྦྲན་ཟིན་པ་མ་ཟད། ཤེས་སྟོབས་ཀྱི་དཔལ་འབར་བཞིན་དུ་ཡོད། དེ་ནི་ཁྱེད་ཀྱི་ཁྱད་ཡོན་ཡིན་ལ། ཕ་མ་ཡི་རེ་འདུན་དང་། སྤྱི་ཚོགས་ཀྱི་མ་འོངས་ཀྱང་ཡིན། དེས་ན། ཤེས་ལྡན་གྱི་དགའ་གྲོགས་དཔལ་བཟང་ངས་ཁྱེད་ལ་དགའ་བསུ་བྱེད།

གྱེན་རེ་འཛེགས་ན་ཐུར་རེ་ཡོད། གྱེན་ཐུར་མེད་པའི་ལམ་ཞིག་མེད། སློབ་མ་ཁྱེད་ཀྱིས་རང་ངོས་ཀྱི་ན་ཚོད་དར་ལ་ལུས་སྟོབས་རྒྱས་ཤིང་། ད་དུང་ཤེས་བྱ་ཡོན་ཏན་གྱིས་རྒྱན་པའི་ཁྱད་འཕགས་དེ་དག་སྤྱི་ཚོགས་ཀྱི་ལག་ལེན་ཐོག་ཇི་ལྟར་འཁྱོལ་ཐུབ་པ་བྱེད་རྒྱུ་ནི་མིག་སྔར་མདུན་ལྷག་པའི་གནད་དོན་ཆེ་ཤོས་སུ་གྱུར་ཡོད། དེ་ནི་ཁྱེད་ལ་གོ་སྐབས་ཡིན་ཅིང་། དེ་བས་ཚོད་བགམ་ནན་པོ་ཞིག་ཡིན། ངས་ཁྱེད་ལ་ཡིད་ཆེས་ཡོད་དེ། འཇིག་རྟེན་གྱི་གཏམ་དཔེར། རྟ་ཕོར་རྒྱུག་ཤེད་ཡོད་ན་བྱང་ཐང་སྟོང་པ་རེད། ཅེས་དང་། གསེར་ས་འོག་ཡོད་ན་འོད་ནམ་མཁར་རྒྱག ཅེས་གྲགས། ཁྱེད་ནི་རྟ་མཆོག་ལས་ལྷག་ཅིང་། གསེར་བཟང་ལས་ཡག གང་ཡིན་ཟེར་ན། རྟ་ནི་ཁྱེད་ཀྱིས་ལ་ཀླུང་མ་ལུས་འགྲིམ་པར་བེད་སྤྱོད་པའི་རྐང་ཟོན་ལྟ་བུ་ལས་མ་འདས་ཤིང་། གསེར་ནི་འོད་ཟེར་སྟོང་ལྡན་གྱི་ཁྱེད་ཀྱི་མ་འོངས་ལམ་བུ་ཙམ་ཞིག་རེད། ཁྱེད་ནི་དེ་དག་ལ་དབང་བསྒྱུར་བའི་བྱེད་པོ་རླབས་ཆེ་བ་ཤེས་ལྡན་མི་སྣ་ཞིག་ཡིན། དེས་ན། བྱ་གཞག་གི་མཛེས་མ་དཔལ་བཟང་ངས་ཁྱེད་ལ་དགའ་བསུ་བྱེད།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1