ལེགས་གྲུབ་ནི་སྙིང་རུས་དང་འབད་འབུངས་ཅན་ལ་དབང་།

ལིས་པིན། རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 02-25


        ཀྲུའུ་ཞི་ཞི་ཅིན་ཕིང་གིས་པོ་ཨའོ་ཨེ་ཤེ་ཡའི་གླེང་སྟེགས་ཀྱི་2018ལོའི་ལོ་ཚོགས་འགོ་ཚུགས་མཛད་སྒོའི་ཐོག“བདེ་སྐྱིད་དང་མཛེས་སྡུག་ནི་མ་འོངས་པར་རང་གར་ཡོང་མི་སྲིད་པར། སྙིང་རུས་དང་འབད་འབུངས་ལ་བརྟེན་ནས་བརྩོན་ལེན་བྱེད་དགོས”ཞེས་གསུངས་གནང་ཡོད།--དེས་འཛམ་གླིང་སྐྱེ་བོ་ཀུན་ལ་དཔལ་འབྱོར་གོ་ལ་ཅན་དུ་བསྒྱུར་ནས་བདེ་སྐྱིད་ལྡན་པའི་འཛམ་གླིང་བསྐྲུན་རྒྱུའི་ཀྲུང་གོའི་གདིང་ཤུགས་དང་ཀྲུང་གོའི་ཆོད་སེམས་མྱོང་ཚོར་ཐུབ་པར་བྱས་ཡོད་ལ།--དེ་བས་མི་རྣམས་ལ་མཛེས་སྡུག་ལྡན་པའི་ཕུགས་རེ་ནི་མདུན་དུ་
གནས་ཤིང་། ཇི་ལྟར་ཕུགས་འདུན་མངོན་འགྱུར་ཐུབ་པ་བྱེད་རྒྱུའི་བློ་སྒོ་ཕྱེ་ཡོད་པ་རེད།

        འཚོ་བའི་ཁྲོད་ཀྱི་རྒྱལ་ཕམ་དང་ཐོབ་ཤོར་ལ་བསམ་གཞིག་བྱེད་སྐབས། གལ་འགངས་ཆེ་བ་ཡོད་ཚད་ཀྱི་ནང་ནས་ལག་ལེན་ནི་གལ་ཆེ་ཤོས་ཡིན་པ་དང་། དེ་བས་ཇུས་འགོད་དང་འགོ་འཛུགས་ནི་དཀའ་ངལ་ཆེ་རུང་དོན་འཁྱོལ་དཀའ་བ་དེ་ཤེས་རྟོགས་སླ་བར་བརྟེན། རྣམ་ཀུན་དྲ་གྲོགས་ཚོས་གླེང་བར། འཇིག་རྟེན་འདིའི་ཐོག་གི་རྒྱང་ཐག་རིང་ཤོས་ནི“བསམ་པ”ནས“ཐོབ་པའི”དབར་གྱི་བར་ཐག་དེ་ཡིན་པས་དེ་གཉིས་དབར་ལ་ཀླུང་ཁྲི་སྟོང་གིས་ཆོད་འདྲའི“སྒྲུབ་ཐུབ་པ”ཡོད་པས་ཡིན། དེས་ན་མར་ཁེ་སི་རིང་ལུགས་པས་རྟག་ཏུ“མཚན་ཉིད་རིག་པ་བ་ཚོས་ཐབས་ཤེས་འདྲ་མིན་ལ་བརྟེན་ནས་འཇིག་རྟེན་ལ་འགྲེལ་བཤད་ཁོ་ན་བྱེད་ཀྱང་། འགག་རྩ་ནི་འཇིག་རྟེན་ལ་འགྱུར་བ་གཏོང་རྒྱུར་ཐུག་ཡོད”པ་དེ་ལེགས་བཤད་དུ་བྱེད་ཀྱི་ཡོད། སྙིང་རུས་ནི་ཆོད་སེམས་སུ་ཁ་ཕྱོགས་ལ། འབད་འབུངས་ནི་ལག་ལེན་ལ་ཁ་ཕྱོགས་ཡོད་གཤིས། སྙིང་རུས་དང་འབད་འབུངས་གཉིས་ལ་དཀའ་སྤྱད་མདུན་སྐྱོད་བྱེད་པའི་སྲ་བརྟན་སྙིང་སྟོབས་དང་ཏན་ཏན་ཏིག་ཏིག་གི་དངོས་གཙོའི་རྣམ་འགྱུར་ལྡན་པ་མ་ཟད། དེས་དམིགས་དོན་འབད་འབུངས་དང་མ་འོངས་ཕུགས་འདུན་ལེགས་པར་གྲུབ་པའི་ཐབས་ལམ་གསལ་པོར་སྟོན་ཐུབ།

        སྒྱུར་བཅོས་སྒོ་དབྱེའི་ལོ་ངོ་40ཡི་རླབས་ཆེན་ལོ་རྒྱུས་ལ་གཞིགས་ན། འཕེལ་རྒྱས་ཀྱིས་ནུས་པ་ཐོན་ནས་དཀའ་ཚེགས་སེལ་བའི་རྒྱུ་མཚན་དང་། གསར་གཏོད་ཀྱིས་རྐྱེན་བསག་ནས་སྟོབས་ཤུགས་འཕེལ་བའི་རྒྱུ་མཚན། སྐྱེ་སྟོབས་ཀྱིས་རྩ་བ་འཕེལ་ཞིང་རྒྱས་པའི་རྒྱུ་མཚན་བཅས་ཀྱི་དྲིས་ལན་སྣ་ཚོགས་པ་ཡོད་སྲིད་ཀྱང་། དེའི་ཁྲོད་དུ་ཆེས་སྣང་ཆུང་བྱེད་མི་རུང་བའི“འདེགས་ཤུགས”ཤིག་ཡོད་པ་ནི། ཀྲུང་གོས་སྒྱུར་བཅོས་དང་སྒོ་དབྱེ་མཚམས་མི་འཇོག་པར་ཁ་ཡོད་ལག་ཡོད་ཀྱིས་མཐའ་འཁྱོངས་བྱས་པ་དེ་ཡིན། སྒྱུར་བཅོས་སྒོ་དབྱེས་ཀྲུང་གོ་གོང་འཕེལ་གང་ལེགས་བཏང་ཡོད་པ་ནི། “མིའི་རིགས་ཀྱི་འཕེལ་རྒྱས་ལོ་རྒྱུས་ཐོག་གི་སེམས་འགུལ་ཆེས་ཆེར་ཐེབས་ཐུབ་པའི་དཔེ་མཚོན་ཞིག་རེད”ལ། སྒྱུར་བཅོས་སྒོ་དབྱེས་འཛམ་གླིང་ལ་ཤུགས་རྐྱེན་གཏིང་ཟབ་ཐེབས་ཡོད་པ་ནི། “འཇིག་རྟེན་འདིའི་ཁུག་ཀྱོག་གང་སར་བག་ཆགས་བཞག་མ་མྱོང་བ་གཅིག་ཀྱང་མེད”ཀྲུང་གོའི་སྒྱུར་བཅོས་སྒོ་དབྱེ་ལེགས་གྲུབ་བྱུང་ངེས་ཡིན་ལ་ཏན་ཏན་ལེགས་གྲུབ་ཡོང་བའི་རྒྱུ་རྐྱེན་གང་ལགས་ཤེ་ན། དེ་ནི་ཀྲུང་གོ་བ་ཚོས“སྤྱི་ཚོགས་རིང་ལུགས་ནི་ལག་ལེན་ལས་བྱུང”བའི་དངོས་སྒྲུབ་ཀྱི་མཚན་ཉིད་རིག་པར་ཡིད་ཆེས་ཀྱིས་ཁེངས་པ་དང་། “བཀོད་སྒྲིག་ཆ་ཤས་གཅིག་དང་དོན་འཁྱོལ་ཆ་ཤས་དགུ་བྱེད་རྒྱུའི”ཕན་འབྲས་ཀྱི་ཕྱོགས་སྟོན་ལ་མཐོང་ཆེན། “མདུན་མཆོང་དང་ཚོད་ལྟ་ཕོད་ཅིང་། གཞན་གྱི་སྔོན་དུ་བྱེད་ཕོད་པའི”སྒྱུར་བཅོས་ཀྱི་འགན་ཁུར་བར་བརྩི་བཀུར་བཅས་བྱས་པའི་རྐྱེན་གྱིས་ཡིན། རི་རྩེ་མཐོ་ཡང་མི་ཡི་མགོ་ནི་དེ་ལས་མཐོ་བས། ཀྲུང་གོའི་སྒྱུར་བཅོས་ཀྱི་ཚིག་མཛོད་དེའི་ནང་། སྙིང་རུས་དང་འབད་འབུངས་ནི་འགག་སྒྲོལ་དཀའ་སེལ་གྱི་མཆོག་ནོར་ཞིག་ཡིན།

        “བྱ་གཞག་གཏོད་དཀའ་ཡང་ཕམ་སླ། གོ་སྐབས་ཐོབ་དཀའ་ཡང་ཤོར་སླ”ཞེས་པ་ལྟར། བྱས་རྗེས་གསར་པ་འཇོག་པ་དང་། གོ་སྐབས་གསར་པར་དམ་འཛིན། གནད་དོན་གསར་པ་སེལ་བ་བཅས་བྱེད་པའི་འགག་རྩ་ནི་འགོ་འཛུགས་ས་སྔར་བས་མཐོ་བ་ཞིག་ནས་སྒྱུར་བཅོས་སྒོ་དབྱེར་སྐུལ་འདེད་གཏོང་དགོས་པ་ཡིན། ཀྲུའུ་ཞི་ཞི་ཅིན་ཕིང་གི་པོ་ཨའོ་ཨེ་ཤེ་ཡའི་གླེང་སྟེགས་ཐོག་གི་གཙོ་དོན་གཏམ་བཤད་ལ་གོ་ལ་ཧྲིལ་པོས་དོ་སྣང་བྱེད་པའི་རྒྱུ་མཚན་ནི་སྒོ་དབྱེ་རྒྱ་སྐྱེད་བྱེད་ཐབས་ཇི་སྙེད་ཅིག་བཏོན་པ་མ་ཟད། ད་དུང་“གང་མགྱོགས་དོན་འཁྱོལ་བྱེད་རྒྱུ་དེ་སྔ་ཞིང་མགྱོགས་པ་ལས་འགོར་གྱངས་སོང་མི་རུང་བའི”ཀྲུང་གོའི་ཁྱད་ཆོས་ཀྱི་ལག་བསྟར་དོན་འཁྱོལ་བྱེད་ནུས་མངོན་པའི་གཏམ་བཤད་རྔམ་བརྗིད་ལྡན་པ་དེ་དག་ལས་བྱུང་བ་ཡིན་སྟབས། སྐྱེ་བོ་ཀུན་ལ་ཡིད་ཆེས་དང་རེ་བ་ངོ་མ་སྟེར་ཡོད། དུས་རབས་གསར་པ་ནི་ཀྲུང་གོ་དེ་ཉིད་འཛམ་གླིང་དང་གོང་བུ་གཅིག་ཏུ་སྒྲིལ་ནས་འཕེལ་རྒྱས་འགྲོ་བའི་དུས་རབས་ཤིག་རེད་ལ། རྒྱང་སྐྱོད་ཀྱི་ལམ་བུ་གསར་པ་ནི་ཕྱོགས་ཡོངས་ནས་སྒྱུར་བཅོས་གཏིང་ཟབ་ཏུ་གཏོང་བ་དང་། དེ་བས་འཛམ་གླིང་ལ་ཁ་ཕྱོགས་པའི་རྒྱང་སྐྱོད་ལམ་བུ་ཞིག་ཡིན། དེར་ང་ཚོས་སེམས་པ་རྣལ་དུ་ཕབ་ནས་དམ་པ་དོན་གཉེར་དང་གོམ་པ་རིམ་བགྲོད་ཀྱིས་མདུན་དུ་བསྐྱོད་ཚེ། སྟོབས་ཤུགས་གང་འདྲ་ཞིག་གིས་ཀྱང་ཀྲུང་གོའི་མི་དམངས་ཀྱི་ཕུགས་འདུན་མངོན་འགྱུར་བྱེད་པའི་གོམ་སྟབས་འགོག་མི་ཐུབ།

        མེ་ལྕེ་གྱེན་འབར་དང་མི་ནི་བཟང་པོར་ཕྱོགས་པ་ཇི་ལྟར་འཛམ་གླིང་གི་གནས་བབ་ནི་ཞི་བདེ་མཉམ་ལས་དང་། སྒོ་དབྱེ་མཐུན་འཇུག སྒྱུར་བཅོས་གསར་གཏོད་བཅས་ཀྱི་ཚ་རླབས་གོང་དུ་འཕེལ་བཞིན་པས། དེ་ཉིད་འགོག་ཐབས་བྲལ་ཁར་ཁ་ལོ་དེ་བས་བསྒྱུར་མི་ཐུབ། རྙོག་འཛིང་ཆེ་བའི་རྒྱལ་སྤྱིའི་གནས་སྟངས་འོག་སྙིང་རུས་དང་འབད་འབུངས་ནི་དང་ཐོག་ནས་རིན་ཐང་ཧ་ཅང་ཆེ་བའི་སྟོབས་ཤུགས་ཤིག་ལགས། དེས་ན་ལོ་རྒྱུས་ཀྱི་ཆོས་ཉིད་སྤྲིན་ནག་གིས་སྒྲིབ་པར་མི་འཇིགས་པར་འཛམ་གླིང་གི་འཕེལ་ཕྱོགས་གང་ལེགས་རྟོགས་པ་བྱས་ཏེ། སྒྱུར་བཅོས་དོན་གཉེར་ལ་བརྟེན་ནས་ལོ་རྒྱུས་ཀྱི་གོ་སྐབས་བཟང་པོ་དམ་འཛིན་དང་། སྒོ་དབྱེ་རྒྱ་སྐྱེད་ལ་བརྟེན་ནས་རྣམ་པ་གསར་པ་གོང་འཕེལ་བཏང་ཚེ་ཀྲུང་གོས་འཛམ་གླིང་ཞི་བདེ་དང་འཕེལ་རྒྱས་ལ་འབྱུང་འགྱུར་དེ་བས་གསར་བའི་ལེགས་སྐྱེས་འབུལ་ཐུབ་ངེས་ཡིན།

        ང་ཚོས་སྟོང་བསམ་དང་གྲགས་འདོད་རིང་དུ་སྤང་ནས། རྟག་ཏུ་བརྩོན་འགྲུས་ཆེ་བའི་ལག་ལེན་པ་ཞིག་ལ་འབད་འབུངས་བྱས་ཕྱིན་དུས་རབས་གསར་པ་དེ་ཉིད་ཆུད་ཟོས་སུ་མི་འགྲོ་བ་མ་ཟད། སླད་ཀྲུང་ཧྭ་མི་རིགས་སྐྱར་དར་གྱི་བྱ་གཞག་རླབས་པོ་ཆེ་དེ་ཉིད་ལག་ལེན་གྱི་ཁྲོད་དུ་མངོན་གྱུར་དང་། མིའི་རིགས་ཀྱི་ལས་དབང་གཅིག་མཐུན་ཚོགས་པའི་མཛེས་སྡུག་ལྡན་པའི་མ་འོངས་ཀྱང་སྙིང་རུས་དང་འབད་འབུངས་ཀྱི་ཁྲོད་དུ་བསྒྲུབས་ཐུབ་ངེས་ཡིན།

        ཆོས་དབྱིངས་ལྷུན་གྲུབ་ཀྱིས་བསྒྱུར།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1