ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་སྦྱངས་ནས་ཤེས་པ་དང་ཁོང་དུ་ཆུད་པ་དོན་དུ་འཁྱོལ་བ་བྱེད་རྒྱུའི་ཐོག་འབད་བརྩོན་བྱེད་དགོས།

ལིའི་ཤུས་ཆིང་། རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 02-25


        རྣམ་ཀུན་ཚད་འཛིན་གྱིས་ཆབ་སྲིད་ཀྱི་ཁ་ཕྱོགས་ཡག་པོ་འཛིན་རྒྱུ་དེ་སྦྱངས་ནས་ཤེས་པ་བྱེད་རྒྱུའི་གཙོ་གནད་ཡིན་པ་དང་། གནད་སྨིན་འབྲེལ་མཐུད་བྱས་ནས་ལས་ཀའི་ཞན་ཆ་བཙལ་འཚོལ་ཐུབ་པ་བྱེད་པ་དེ་ནི་ཁོང་དུ་ཆུད་པ་བྱེད་རྒྱུའི་གཙོ་གནད་ཡིན། བྱ་ཐབས་མཁོ་མཐུན་སྤྱད་ནས་འབད་པས་གནད་དོན་ཐག་གཅོད་བྱེད་རྒྱུ་དེ་དོན་དུ་འཁྱོལ་བ་བྱེད་རྒྱུའི་གཙོ་གནད་བཅས་ཡིན།

        ཏང་གི་ཚོགས་ཆེན་བཅུ་དགུ་པའི་སྙན་ཞུའི་ནང་བསྟན་དོན། མི་གྲངས་དུང་ཕྱུར་བཅུ་གསུམ་ལྷག་ཙམ་གྱི་སྤྱི་ཚོགས་རིང་ལུགས་ཀྱི་རྒྱལ་ཁབ་ཆེན་པོར་འགོ་ཁྲིད་བྱེད་པར་རང་རེའི་ཏང་ལ་ཉམས་སད་ཐེག་ཐུབ་པའི་ཆབ་སྲིད་ཀྱི་གོ་རྟོགས་དགོས་པ་མ་ཟད། ད་དུང་ཕུལ་བྱུང་གི་འཇོན་ཐང་ཡང་དགོས། སློབ་སྦྱོང་གི་ནུས་པ་དང་། ཆབ་སྲིད་འགོ་ཁྲིད་ཀྱི་འཇོན་ཐང་། སྒྱུར་བཅོས་གསར་གཏོད་ཀྱི་འཇོན་ཐང་སོགས་ལ་ཤུགས་སྣོན་བརྒྱབ་ནས་ཏང་གི་སྲིད་སྐྱོང་ནུས་པ་དང་འགོ་ཁྲིད་ཆུ་ཚད་ཟམ་མི་ཆད་པར་གོང་མཐོར་གཏོང་དགོས་པ་ནན་བཤད་བྱས་ཡོད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་སྐབས་བཅུ་དགུ་པའི་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཐུན་མོང་སློབ་སྦྱོང་ཐེངས་དང་པོའི་ཐོག་ནན་བཤད་གནང་དོན། ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱེད་པར་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་སྦྱངས་ནས་ཤེས་པ་དང་ཁོང་དུ་ཆུད་པ། དོན་དུ་འཁྱོལ་བ་བྱེད་རྒྱུའི་ཐོག་འབད་བརྩོན་བྱེད་དགོས།--ལྕགས་བརྡུང་བར་ངེས་པར་དུ་ཐོ་བ་མཁྲེགས་པོ་དགོས་པས། རིམ་ཁག་ཏང་ཨུད་ཀྱིས་ཆོད་སེམས་དེ་བས་ཆེ་བ་དང་། སེམས་ཤུགས་དེ་བས་ཆེ་བ། སྟོབས་ཤུགས་དེ་བས་ཆེ་བ་བཅས་ཀྱིས་ཏང་དོ་དམ་དང་ཏང་འཛུགས་སྐྱོང་དམ་འཛིན་དང་ལེགས་འཛིན་བྱས་ཚེ། གཞི་ནས་ཤུགས་དྲག་ཆེ་བའི་སྟོབས་ཤུགས་གཅིག་ཏུ་འགྲིལ་ནས་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་ལས་དོན་ཟམ་མི་ཆད་པར་མདུན་སྐྱོད་བྱེད་ཐུབ།

        སྦྱངས་ནས་ཤེས་པ་བྱེད་རྒྱུའི་གཙོ་གནད་ནི་རྣམ་ཀུན་ཚད་འཛིན་བྱས་ནས་ཆབ་སྲིད་ཀྱི་ཁ་ཕྱོགས་ཡག་པོ་འཛིན་རྒྱུ་དེ་ཡིན་ཅིང། སྦྱངས་ནས་ཤེས་པ་བྱེད་རྒྱུ་དེ་གཞི་འཛིན་ས་ཞིག་དང་། དགོངས་དོན་སློབ་སྦྱོང་བྱེད་རྒྱུ་དེ་འགག་རྩ་རེད། འཆར་འགོད་བྱེད་པ་དང་ལས་དོན་གཉེར་བའི་ཁྲོད་ཐོག་མཐའ་བར་གསུམ་དུ་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པར་ཚད་འཛིན་པ་དང་མིག་ལྟོས་བྱས་ཏེ། ཏང་ཀྲུང་དབྱང་གི་ཐབས་ཇུས་མཛུབ་སྟོན་དང་གནས་བབས་ཐོག་གཅིག་འགྱུར་གྱིས་ཁ་ཕྱོགས་མི་ནོར་བ་བྱེད་དགོས། ཆབ་སྲིད་ཐོག་གི་བློ་བརྟན་འགྱུར་མེད་དེ་རིགས་པའི་གཞུང་ལུགས་ཐོག་གི་དྭངས་གསལ་ལ་བརྟེན་ནས་བྱུང་བ་ཞིག་རེད། ལིའུ་ཧྲའོ་ཆིས་གསུངས་པར་རིགས་པའི་གཞུང་ལུགས་མ་ཤེས་པའི་མི་དེ་གཞན་དབང་དུ་ཤོར་སླ་བ་དང་། མི་གཞན་གྱི་འུད་གཏམ་འོག་མགོ་སྐོར་ཐེབས་ངེས། ཞེས་གསུངས་ཡོད་པས། མིག་སྔར་ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱེད་རྒྱུ་དེ་ཆེས་གཙོ་གནད་ཅིག་རེད། ལྷག་པར་དུ་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སློབ་སྦྱོང་དང་ལག་བསྟར་ཡག་པོ་བྱེད་དགོས། གཞན་ཞིག་ནས་གླེང་ན། ང་ཚོས་རིགས་པའི་གཞུང་ལུགས་ཀྱི་སློབ་སྦྱོང་བྱེད་ཕྱོགས་ཐོག་ད་དུང་གནད་དོན་མི་ཉུང་བ་ཞིག་ཡོད། རིགས་པའི་གཞུང་ལུགས་ཀྱིས་དྲག་ཆས་སྤྲོས་རྒྱུ་དེ་རིགས་པའི་གཞུང་ལུགས་ཀྱིས་ཐུམ་བརྒྱབ་པའི་རྣམ་པ་འདྲ་མིན་གནས་ཡོད་དེ། མི་ལ་ལས་མ་ཡིག་སྦྱོང་བ་དང་། མ་རྩོམ་བཀླགས་པ། རྩ་བའི་རིགས་པ་རྟོགས་པ་བྱེད་རྒྱུར་ཁ་གཡར་ནས། རིགས་གཞུང་སློབ་སྦྱོང་གཏིང་ཟབ་མི་བྱེད་པ་དང་བསམ་བློ་མ་བཏང་བར་སྦྱོང་བའི་རྣམ་པ་ཙམ་འདོན་གྱི་ཡོད། ད་དུང་ལ་ལས་གོང་རིམ་གྱི་ཞིབ་བཤེར་ལ་ཁ་གཏད་ལྕོགས་པའི་ཆེད་དུ་སྐབས་འཕྲལ་སློབ་སྦྱོང་བྱས་ནས་ལས་འགན་ཁོ་ན་ལེགས་གྲུབ་ཐུབ་པ་བྱེད་པའི་གནས་ཚུལ་སོགས་ཡོད། མའོ་ཙེ་ཏུང་གིས་གསུངས་པར། སློབ་སྦྱོང་བྱེད་པ་དེ་རི་འཛེགས་པ་དང་འདྲ། དཀའ་ངལ་ཏོག་ཙམ་འཕྲད་ངེས་རེད། རི་ནས་མར་བབས་རྗེས་ཚོར་ཤེས་ཤིག་ཡོང་། ཡར་འཛེགས་མར་བབས་བྱེད་པ་དེ་ནི་སློབ་སྦྱོང་དང་བསམ་བློ་གཏོང་བའི་བརྒྱུད་རིམ་རེད། དེ་ནི་སློབ་སྦྱོང་བྱས་པའི་འབྲས་བུ་ལག་ལེན་དངོས་ནང་བེད་སྤྱོད་བྱེད་པའི་བརྒྱུད་རིམ་རེད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི 《 ཀྲེ་ཅང་གཏམ་གསར》 ནང་རྩོམ་ཡིག་232སྡུད་ཡོད་ཅིང་། ཚང་མ་ཁོང་རང་ཉིད་ཀྱི་སློབ་སྦྱོང་དང་ལས་ཀའི་མྱོང་ཚོར་དང་ཚོར་ཤེས་ཡིན་པ་དང་། རྩོམ་ཡིག་ཐུང་ཤོས《རམ་འདེགས་ཀྱིས་ལས་ཀ་བྱེད་པར་སྤྲོ》ཞེས་པར་ཡིག་འབྲུ་174དང་། རྩོམ་ཡིག་རིང་ཤོས《 ནུས་ཤུགས་ཡོད་རྒུས་མ་འཇོག་དང་འཛད་སྤྱོད་ཀྱི་འབྲེལ་བ་ལེགས་སྒྲིག་བྱེད་དགོས》ཞེས་པར་ཡིག་འབྲུ་652ཡོད། བརྒྱ་བཤད་སྟོང་ལ་འགྱུར་ཀྱང་། ཡོས་ལ་འབབ་རྒྱུ་རྩམ་པ་ཟེར་བའི་དཔེ་ཇི་བཞིན། རྩོམ་ཡིག་དེ་དག་ནི་རྩོམ་གཤིས་སྒྱུར་བཅོས་དང་སློབ་སྲོལ་ལེགས་བཅོས་བྱས་པའི་ལེགས་རྩོམ་ཡིན་པ་མ་ཟད། མར་ཁེ་སི་རིང་ལུགས་ཀྱི་ལངས་ཕྱོགས་དང་ལྟ་བ་ཐབས་ཤེས་སྤྱད་ནས་གནད་དོན་ལ་ལྟ་ཞིབ་དང་དབྱེ་ཞིབ་ཐག་གཅོད་བཅས་བྱས་པའི་དཔེ་སྟོན་ཡང་རེད། རིགས་པའི་གཞུང་ལུགས་སྟབས་བསྟུན་གྱིས་སྦྱངས་ནས་བེད་སྤྱོད་བཏང་ན། གཞི་ནས་རང་འགུལ་གྱིས་བསམ་བློ་གཏིང་ཟབ་གཏོང་བའི་ཁྲོད་དུ་ཏང་ཀྲུང་དབྱང་ལ་ཚད་འཛིན་པ་དང་ཁ་ཕྱོགས་ཐུབ། དོན་དངོས་ཀྱིས་ང་ཚོར་བློ་སྒོ་འབྱེད་ཐུབ་པར། ནམ་རྒྱུན་ནས་ཚད་འཛིན་བྱེད་པ་དེས་ཆབ་སྲིད་ཀྱི་འདུ་ཤེས་མཚོན་ཅིང་། སེམས་ནང་སྲིད་ཇུས་ཡོད་ན། ཆབ་སྲིད་ཀྱི་ནུས་པ་ཟམ་མི་ཆད་པར་གོང་མཐོར་གཏོང་ཐུབ་སྟེ་ཆབ་སྲིད་ཀྱི་ཐོག་ནས་ལས་ཀའི་འཆར་གཞི་འགོད་པ་དང་། བཀོད་སྒྲིག་བྱེད་པ། སྐུལ་འདེད་གཏོང་བ་བཅས་གང་ལེགས་ཡོང་ཐུབ་པ་དང་། ཐོག་མཐའ་བར་གསུམ་དུ་ཏང་ཨུད་ཀྱི་ལས་ཀར་ཡང་དག་པའི་ཁ་ཕྱོགས་འགན་ལེན་ཐུབ་ཀྱི་རེད།

        ཁོང་དུ་ཆུད་པ་བྱེད་རྒྱུའི་གཙོ་གནད་ནི་གནད་སྨིན་འབྲེལ་མཐུད་བྱས་ནས་ལས་ཀའི་ཞན་ཆ་བཙལ་འཚོལ་ཐུབ་པ་བྱེད་རྒྱུ་དེ་ཡིན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཛུབ་སྟོན་གནང་བར། ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་དེ་འབྲེལ་འདྲིས་དང་གོ་རིམ་ལྡན་པ་ཆ་ཚང་ཧྲིལ་པོ་བཅས་ཀྱི་སྒོ་ནས་གོ་བ་ལེན་དགོས་པ་ལས། ཁེར་རྐྱང་དང་ཐར་ཐོར། ཆ་ཤས་ཙམ་སྦྱང་རྒྱུ་དེ་མིན། ད་དུང་“འབྲེལ་མཐུད་གསུམ་བྱེད་དགོས”ཞེས་ནན་བཤད་གནང་ཡོད། ས་གནས་ཏང་ཨུད་ཅིག་ཡིན་ཕྱིན། ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱེད་པའི་ཁྲོད་ས་ཁུལ་དེ་གའི་དོན་དངོས་གནས་ཚུལ་དང་འབྲེལ་བ་དམ་ཟབ་བྱེད་དགོས། དོན་དངོས་ཀྱི་གནས་ཚུལ་ཤེས་རྟོགས་དང་ཁོང་དུ་ཆུད་པ་བྱེད་རྒྱུ་དེ་ནི་ཇུས་འགོད་ནུས་པ་གོང་མཐོར་གཏོང་བའི་རྨང་གཞི་དང་སྔོན་འགྲོ་ཡིན། མའོ་ཙེ་ཏུང་གིས་གསུངས་པར། འགོ་ཁྲིད་ལས་བྱེད་པའི་སེམས་ནང་གདེང་ཚོད་ཡོད་མེད་ནི་གནད་དོན་ཆུང་ངུ་མ་ཡིན་པར་གནད་དོན་ཆེན་པོ་རེད། ལས་ཀ་གང་ཞིག་བྱེད་ཀྱང་། ལས་ཀ་དེའི་གནས་ལུགས་དང་། དེའི་ངོ་བོ་དང་དེ་དང་དེ་འབྲེལ་གྱི་ཕྱིའི་དོན་དག་མ་རྟོགས་ན། ལས་ཀ་དེའི་ཆོས་ཉིད་ཧ་མི་གོ་བ་དང་། ལས་ཀ་དེ་གང་འདྲ་བྱེད་དགོས་མིན་མ་ཤེས་པར་བརྟེན། ལས་ཀ་ཡག་པོ་ཞིག་བསྒྲུབ་ཐུབ་ཀྱི་མ་རེད། གདིང་གཞི་གསལ་པོར་རྟོགས་ན། སེམས་ནང་གདེང་ཚོད་སླེབས་ཐུབ། སྔོན་བྱོན་གསར་བརྗེ་པ་མཁས་ཅན་ཁྲེན་ཡུན་གྱིས་རྟག་ཏུ་གསུང་བའི་བཀའ་མོལ་ཚིག་གཅིག་ནི། འགོ་ཁྲིད་ལས་ཁུངས་ཀྱིས་སྲིད་ཇུས་གཏན་འབེབས་བྱེད་དགོས་ན། དུས་ཚོད་བརྒྱ་ཆ་དགུ་བཅུ་ཡན་བེད་སྤྱད་ནས་བརྟག་དཔྱད་ཞིབ་འཇུག་བྱེད་དགོས་པ་དང་། མཐའ་མཇུག་ཏུ་གྲོས་བསྡུར་དང་གཏན་འཁེལ་བྱེད་པར་དུས་ཚོད་བརྒྱ་ཆ་བཅུ་བྱུང་ན་འདང་གི་རེད། ཏང་ཨུད་ཀྱི་ལས་དོན་དེ་དོན་དངོས་དང་ཟུང་འབྲེལ་བྱེད་དགོས་པ་དང་། ལས་འགན་གྱི་དགོས་མཁོ་དང་ཟུང་འབྲེལ་བྱས་ནས་དོན་དངོས་ཀྱི་གནས་ཚུལ་གསལ་པོ་རྟོགས་པ་བྱེད་དགོས། ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱས་ནས་བསམ་བློའི་རྟོགས་པ་ངེས་གཏན་སླེབས་པ་དང་། བྱ་སྤྱོད་དེ་བས་བློ་ཐག་ཆོད་པ། ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ཁག་ཚན་པ་དེ་གའི་ལས་དོན་དུ་འགྱུར་བ་བྱེད་དགོས། གཞི་རིམ་དུ་མང་ཙམ་བསྡད་ནས་བསམ་འཆར་དང་གྲོས་གཞི་བསྡུ་ལེན་བྱེད་པ་དང་། རྒྱུན་དུ་གཞི་རིམ་དངོས་ལ་ཟབ་ཞུགས་ཀྱིས་བསམ་འཆར་ཉན་པ་སོགས་ཀྱིས་མི་དམངས་མང་ཚོགས་དང་འབྲེལ་འདྲིས་བྱས་ནས་མང་ཚོགས་ཀྱིས་གང་བསམ་པ་དང་། རེ་བ་གང་ཡོད་པ། དོགས་གནད་གང་ཡོད་པ། སེམས་ཁྲལ་གང་ཡོད་པ་རྣམས་སེམས་ནང་ངེས་དགོས། དོན་དངོས་ཀྱིས་ང་ཚོར་བློ་སྒོ་འབྱེད་ཐུབ་པར། གནད་སྨིན་འབྲེལ་མཐུད་བྱེད་རྒྱུ་དེ་ལས་ཀའི་ཀུན་སྤྱོད་ཅིག་ཏུ་འགྱུར་བ་བྱས་ནས། རྣམ་ཀུན་ནས་ལས་ཀ་ཞིབ་ཚགས་བྱས་ན་སྐྱོན་དང་ནོར་འཁྲུལ་ཉུང་དུ་འགྲོ་རྒྱུ་རེད། སྟེང་ལ་གོང་རིམ་ཏང་ཨུད་ཀྱི་ཐབས་ཇུས་དང་མཛུབ་སྟོན་འབྲེལ་མཐུད་ཡག་པོ་ཐུབ་པ་དང་། འོག་ལ་ཚན་པ་དེ་གའི་ལས་ཀ་དངོས་དང་འབྲེལ་མཐུད་ཡག་པོ་བྱས་ན། གཞི་ནས་སྣེ་གཉིས་ཁོང་དུ་ཆུད་པ་དང་། ཞན་ཆ་བཙལ་འཚོལ་ཐུབ་པའི་རྨང་གཞིའི་ཐོག་ལས་ཀ་ཁག་གནད་ལ་འཕིགས་པ་ཞིག་ཡོང་རྒྱུར་གདོན་མི་ཟ།

        དོན་དུ་འཁྱོལ་བ་བྱེད་རྒྱུའི་གཙོ་གནད་ནི་བྱ་ཐབས་མཁོ་མཐུན་སྤྱད་ནས་འབད་པས་གནད་དོན་ཐག་གཅོད་བྱེད་རྒྱུ་དེ་ཡིན། བཀོད་སྒྲིག་ཇི་ཙམ་བྱས་རུང་འགག་རྩ་དེ་དོན་འཁྱོལ་ཐུབ་པ་བྱེད་རྒྱུ་དེ་རེད། སྟོང་གཏམ་བཤད་ན་རྒྱལ་དོན་འཕྱུག དོན་དམ་གྱིས་རྒྱལ་སྐབས་དར། ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱེད་པའི་དམིགས་ཡུལ་ནི་ལས་དོན་སྒྲུབ་རྒྱུ་དེ་ཡིན་པས། ལས་ཀའི་དོན་དངོས་དང་འབྲེལ་བ་དམ་ཟབ་བྱས་ཏེ་གནད་དོན་ཐག་གཅོད་ཐུབ་པ་དང་། དམངས་ཀྱི་འཚོ་བར་ཕན་པ་ཞིག་བྱེད་དགོས། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དེ་དུས་རབས་གསར་པར་སླེབས་པས། རང་རྒྱལ་གྱི་སྤྱི་ཚོགས་ཀྱི་འགལ་བ་གཙོ་བོ་ནི་མི་དམངས་ཀྱི་ཉིན་བཞིན་ཆེ་རུ་འགྲོ་བའི་མཛེས་སྡུག་ལྡན་པའི་འཚོ་བའི་དགོས་མཁོ་དང་དོ་མི་སྙོམས་པ་དང་འཐུས་སྒོ་མི་ཚང་བའི་འཕེལ་རྒྱས་དབར་གྱི་འགལ་བར་འགྱུར་ཡོད། དེར་བརྟེན། མི་དམངས་མང་ཚོགས་ཀྱི་བསམ་འཆར་ཆེ་བའི་འབྱུང་ཁམས་སྲུང་སྐྱོང་གི་གནད་དོན་དང་།--སྤྱི་ཚོགས་འགན་ལེན་གྱི་གནད་དོན།--ཡོང་འབབ་ཧེ་བག་གི་གནད་དོན་སོགས་ཀྱི་ཐོག་ང་ཚོས་ངེས་པར་དུ་ནན་ཏན་གྱིས་བརྟག་དཔྱད་ཞིབ་འཇུག་དང་། ཞིབ་བསྡུར་ཁུངས་སྐྱེལ་ཐུབ་པ་བྱས་ཏེ། དོན་ངོ་མའི་ཐོག་ནས་གོ་ཆོད་པའི་བྱ་ཐབས་སྤྱད་ནས་ཐག་གཅོད་གཏོང་དགོས། “ལས་ཀྱི་བྱ་ལུགས་མ་ཤེས་ན། ཇོ་ལགས་སྐུ་ཐང་མཉེལ་རོགས་དང་ཤ་ཁྱི་ལག་པ་ཚ་རོགས་རེད”ཅེས་པའི་གཏམ་དཔེ་ལྟར་ཡིན། ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱེད་པར། སྤྲོ་སེམས་ཁོ་ན་ཡོད་པས་མི་འགྲིག་ཅིང་། གཙོ་གནད་ནི་སེམས་རྣལ་དུ་ཕབ་ནས་བློ་རྩེ་གཅིག་སྒྲིམས་ཀྱིས་བསམ་གཞིག་གང་ལེགས་བྱས་ནས་དོན་དངོས་ལ་ཉམས་ཞིབ་བྱེད་པའི་ནང་གནད་དོན་ཐག་གཅོད་བྱེད་པའི་བྱ་ཐབས་དེ་བས་གནད་ལ་འཁེལ་བ་དང་། ཐབས་ཤེས་དེ་བས་མཐུན་པ་ཡོང་བ་བྱེད་དགོས། ཨེའེ་རྨོ་ཧྲེང་གིས“རྒྱུ་རྐྱེན་དང་འབྲས་བུ། ཐབས་ཤེས་དང་རྗེས་འབྲས་ཚང་མ་ཁ་བྲལ་ཐབས་མེད། དེ་ནི་རྒྱུ་རྐྱེན་ལས་འབྲས་བུ་སྔོན་དུ་རྟགས་ཐུབ་པ་དང་། ཐབས་ཤེས་ལས་རྗེས་འབྲས་གཏན་འཁེལ་ཐུབ”ཞེས་གསུངས་པ་དེ་ལས་ཀའི་ཐབས་ཤེས་ཡང་དག་པ་སྤྱོད་དགོས་པའི་གལ་ཆེའི་རང་བཞིན་མངོན་ཡོད། དོན་དངོས་ཀྱིས་ང་ཚོར་བློ་སྒོ་འབྱེད་ཐུབ་པར། ལས་ཀའི་ཐབས་ཤེས་བཟང་པོས་ཇུས་འགོད་ཀྱི་ནུས་པ་མངོན་ཐུབ། ཉམས་ལེན་བྱས་ནས་བློ་སྦྱོང་ཐུབ་པ་སྟེ། གནད་དོན་ཆུང་ཙག་ཐག་གཅོད་བྱས་ན་ཕན་འབྲས་ཆུང་ངུ་བྱུང་བ་དང་། གནད་དོན་ཆེན་པོ་ཐག་གཅོད་བྱས་ན་ཡར་རྒྱས་ཆེན་པོ་ཡོང་གི་རེད། དོན་ཆེན་དང་དཀའ་ཚེགས་ཀྱི་ཁྲོད་དུ་ནུས་པ་སྦྱོང་བརྡར་དང་། ཁུར་སེམས་ཆེ་རུ་བཏང་ན། གཞི་ནས་ཏང་ཨུད་ཕྱོགས་ཡོངས་འཛུགས་སྐྱོང་ལ་དེ་བས་ལེགས་པའི་སྒོ་ནས་ཤུགས་སྣོན་རྒྱག་ཐུབ།

བློ་བཟང་བཀྲ་ཤིས་ཀྱིས་བསྒྱུར།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1