དུས་དང་རྣམ་པ་ཀུན་ཏུ་ཆབ་སྲིད་ལ་མཐོང་ཆེན་བྱེད་དགོས།

ཀྲང་ཏུང་མིང་། རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 02-25


        ཆབ་སྲིད་ལ་མཐོང་ཆེན་བྱེད་རྒྱུ་ནི་རང་རེའི་ཏང་གི་བློ་རུས་རྒྱས་ཤིང་། ལུས་ཟུངས་བདེ་ལ་ཤེད་ཤུགས་རྒྱས་པའི་གཞི་རྩའི་འགན་ལེན་ཞིག་ཡིན་པ་མ་ཟད། རང་རེའི་ཏང་གི་གསར་བརྗེ་བྱེད་པའི་བློ་ཁོག་དང་། རང་ངོས་དྭངས་གཙང་གི་བྱེད་ནུས་ལ་ཤུགས་སྣོན་ཐེབས་པ། ཆབ་སྲིད་ཀྱི་དུག་སེལ་དང་ནད་འབུ་གསོད་པའི་རིམས་འགོག་ནུས་ཤུགས་ཇེ་ཆེར་གཏོང་བའི་གཞི་རྩའི་ཐབས་ལམ་ཞིག་ཡིན།

        དེ་ཡང་ཏང་གི་ཚོགས་ཆེན་བཅུ་དགུ་པའི་ཐོག་ཏང་གི་ཆབ་སྲིད་འཛུགས་སྐྱོང་ཐོག་མར་འཇོག་དགོས་པའི་ནན་བཤད་གནང་ཡོད་པས། ཏང་ཡོངས་ཀྱིས་ངེས་པར་དུ་ཆབ་སྲིད་ཀྱི་འདུ་ཤེས་དང་། ཁྱོན་ཡོངས་ཀྱི་འདུ་ཤེས། སྲོག་ཤིང་གི་འདུ་ཤེས། མིག་ལྟོས་ཀྱི་འདུ་ཤེས་བཅས་ལ་ཤུགས་སྣོན་བརྒྱབ་སྟེ། ཏང་ཡོངས་ཀྱིས་ཀྲུང་དབྱང་ལ་བརྩི་བཀུར་ཞུ་རྒྱུར་འགན་ལེན་དང་། ཏང་ཀྲུང་དབྱང་གི་དབང་ཐང་དང་མཉམ་སྡེབ་གཅིག་འགྱུར་གྱི་འགོ་ཁྲིད་མཐའ་འཁྱོངས་བྱེད་པ། བློ་བརྟན་འགྱུར་མེད་ངང་ནས་ཏང་གི་ཆབ་སྲིད་ལམ་ཕྱོགས་ལག་བསྟར་བྱེད་པ། ཆབ་སྲིད་ཀྱི་སྒྲིག་ཁྲིམས་དང་ཆབ་སྲིད་ཀྱི་ལུགས་སྲོལ་ལ་བརྩི་སྲུང་ནན་ཏན་གྱིས་ཆབ་སྲིད་ཀྱི་ལངས་ཕྱོགས་དང་། ཆབ་སྲིད་ཀྱི་ཁ་ཕྱོགས། ཆབ་སྲིད་ཀྱི་རྩ་དོན། ཆབ་སྲིད་ཀྱི་ལམ་བུ་བཅས་ཀྱི་ཐོག་ཏང་ཀྲུང་དབྱང་དང་ཚད་མཐོའི་གཅིག་འགྱུར་ཡོང་བ་བྱེད་དགོས།

        བློ་མཐུན་ཏེང་ཞའོ་ཕིང་གིས་དུས་ཡུན་རིང་པོའི་གསར་བརྗེའི་འཚོ་བའི་ཁྲོད་དུ་ཆབ་སྲིད་ཀྱི་ཐོག་ནས་དུས་བབ་ལ་ཆོད་འདོམས་དང་། གནད་དོན་ལ་དབྱེ་ཞིབ་དང་ཐག་གཅོད་བྱེད་རྒྱུར་ཧ་ཅང་མཐོང་ཆེན་བྱེད་ཅིང་། “དུས་དང་རྣམ་པ་ཀུན་ཏུ་ཆབ་སྲིད་ལ་མཐོང་ཆེན་བྱེད་དགོས”ཞེས་པ་དེ་ནི་ཁོང་གི་ཐོག་མཐའ་བར་གསུམ་དུ་འཛིན་པའི་དགོངས་པ་ཞིག་ཡིན། འབྱོར་མེད་གྲལ་རིམ་གྱི་གསར་བརྗེ་པ་རྒན་གྲས་ཏེང་ཞའོ་ཕིང་གིས་ཆབ་སྲིད་ལ་མཐོང་ཆེན་བྱེད་པའི་ཐོག་ང་ཚོར་མིག་དཔེ་བཟང་པོ་ཞིག་བཏོན་ཡོད་པས། ང་ཚོས་ཁོང་གི་བླ་ན་མེད་པའི་གཤིས་རྒྱུད་ལ་སློབ་སྦྱོང་ནན་ཏན་བྱས་ཚེ། ཆབ་སྲིད་ལ་མཐོང་ཆེན་ཞེས་པ་དེ་གང་ཞིག་ཡིན་པ་ཡང་དག་རྟོགས་ཐུབ་པ་དང་། ཇི་ལྟར་བྱས་ཏེ་ཆབ་སྲིད་ལ་མཐོང་ཆེན་བྱེད་རྒྱུར་ངོས་འཛིན་ཡང་དག་བྱེད་པའི་གལ་ཆེའི་མཛུབ་ཁྲིད་དང་མིག་དཔེའི་དོན་སྙིང་ལྡན་ཡོད་པ་རེད།

        ཆབ་སྲིད་ལ་མཐོང་ཆེན་བྱེད་རྒྱུར་ལོ་རྒྱུས་ཀྱི་འབྱུང་རྐྱེན་ཡོད་ལ་ཞིབ་ཕྲའི་རེ་བ་ཡང་ལྡན་ཡོད།

        ཆབ་སྲིད་ལ་མཐོང་ཆེན་བྱེད་པ་ནི་མར་ཁེ་སི་རིང་ལུགས་ཀྱི་སྲིད་ཏང་གི་གཞི་རྩའི་བླང་བྱ་ཞིག་ཡིན་ལ། ལོ་རྒྱུས་ཀྱི་དུས་སྐབས་མི་གཅིག་པར་ལོ་རྒྱུས་ཀྱི་རྒྱབ་ལྗོངས་དང་ཞིབ་ཕྲའི་བླང་བྱ་མི་གཅིག་པ་ཡོད་དེ།

        དེ་ཡང་ས་ཞིང་གསར་བརྗེའི་དུས་སྐབས་སུ། ང་ཚོའི་ཏང་གི་ཆབ་སྲིད་ནི་ཅི་ཞིག་ཡིན་ནམ་ཞེ་ན། ཏེང་ཞའོ་ཕིང་གིས་མའོ་ཙེ་ཏུང་གིས་སྟོན་གནང་བའི་གྲོང་གསེབ་ཀྱིས་གྲོང་ཁྱེར་གྱི་མཐའ་སྐོར་ནས་དྲག་པོའི་ངང་སྲིད་དབང་འཕྲོག་རྒྱུ་ཁོ་ན་ནི་ཀྲུང་གོ་ཉིད་རྒྱལ་ཁའི་ཕྱོགས་སུ་བསྐྱོད་རྒྱུའི་ཁ་ཕྱོགས་ཡང་དག་དེ་ཡིན་པ་གསལ་པོ་མཁྱེན་པ་རེད། ཀྲུང་དབྱང་སུའུ་ཁུལ་དུ་ཁོང་གིས་ལམ་ཕྱོགས་དེ་ཉིད་མཐའ་འཁྱོངས་བྱས་སྟབས། “གཡོན་ལྷུང”སྐབས་འཚོལ་རིང་ལུགས་པའི་གནས་དབྱུང་ཕོག་པ་དང་། སྐྱོན་ཞིབ་ཡི་གེ་ཐེངས་གཉིས་བྲིས་ཀྱང“དབུ་ཁྲིད”དེ་ཉིད་ད་དུང་མོས་པོ་མ་བྱུང་བས། ཏེང་ཞའོ་ཕིང་ཁོང་ཁྲོའི་མེ་ལྕེ་འབར་བཞིན་དུ“ང་ཚོས་གོང་ལ་ཕུལ་བའི་སྐྱོན་ཞིབ་ཡི་གེ་གཉིས་པོར་བྲིས་པ་ཚང་མ་དོན་དངོས་ཤ་སྟག་ཡིན། ལོ་རྒྱུས་ལ་ཕྱིར་མིག་ལྟ་སྐབས། རང་ཉིད་ཀྱིས་བྱས་པ་ཚང་མ་ཏང་གི་བྱ་གཞག་ལ་འགན་འཁུར་བ་དང་། ཀྲུང་གོར་འགན་འཁུར་གྱི་ཡོད་ཅེས་བཤད་པ་རེད། ཏེང་ཞའོ་ཕིང་གིས་དེ་ལྟར་ཏང་གི་ཡང་དག་ལམ་ཕྱོགས་དང་ཁ་ཕྱོགས་མཐའ་འཁྱོངས་བྱས་པར་བརྟེན། གནས་དབྱུང་དང་ཏང་ནང་གི་ཐ་ཚིག་དྲག་པོ་སྒྲོག་པའི་ཉེས་ཆད་ཕོག་པ་རེད།

        ཀྲུང་གོ་གསར་པ་དབུ་བརྙེས་རྗེས་ཀྱི་ཐོག་མའི་དུས་སྐབས་སུ། རང་རེའི་ཏང་གི་ཆབ་སྲིད་ནི་ཅི་ཞིག་ཡིན་ཞེ་ན། ཏེང་ཞའོ་ཕིང་གིས་ཐུགས་བློ་རྐྱེན་པོས་ཤེས་རྟོགས་བྱུང་བར་གསར་བརྗེའི་ཏང་དེ་ཉིད་སྲིད་འཛིན་ཏང་གི་གནས་བབ་ཐོག་ལ་འགྱུར་བ་བྱུང་རྗེས་གུང་ཁྲན་ཏང་ལ་ཚོད་བགམ་གསར་པ་ཞིག་འཕྲད་ཡོད་ལ། ངེས་པར་དུ་ཆབ་སྲིད་ཀྱི་ཐོག་ནས་ཏང་ཡོན་ལ་སློབ་གསོ་རྒྱག་པ་དང་། མགྱོགས་མྱུར་ངང་འགྱུར་བ་དེ་དང་འཕྲོད་པ་བྱེད་དགོས་རྒྱུ་ཤེས་ཡོད། ཁོང་གིས་ཏང་གི་ལས་བྱེད་པས་ཆབ་སྲིད་ཀྱི་ཁ་ཕྱོགས་དང་། ཆབ་སྲིད་ཀྱི་ལངས་ཕྱོགས། ཆབ་སྲིད་ཀྱི་ལྟ་བ། ཆབ་སྲིད་ཀྱི་སྒྲིག་ཁྲིམས་བཅས་ཀྱི་ཐོག་རང་ལ་རེ་བ་ནན་ཏན་དང་རྒྱུས་མངའ་ལོན་པའི་བླང་བྱ་བཏོན་པ་རེད། ཁོང་གིས་ངོས་འཛིན་གནང་དོན། ཆབ་སྲིད་ཀྱི་འགོ་ཁྲིད་དེ་བཅའ་ཁྲིམས་ཐོག་གཏན་ལ་ཕབ་རྗེས། ཕྱི་ཚུལ་ལ་འགྲིགས་པ་ལྟར་སྣང་ཡང་། དོན་དངོས་སུ་གུང་ཁྲན་ཏང་ཡོན་ཡོད་ཚད་འཇོན་ཐང་ཡོད་པ་ཤ་སྟག་མ་ཡིན། དེས་ན། ཏང་གི་བྱ་གཞག་ལ་རྒྱལ་ཁ་ཐོབ་པ་དང་། ཏང་གིས་མི་དམངས་ལ་འཁུར་བའི་འགན་འཁྲི་ནི་དེ་བས་ལྕི་རུ་སོང་བ་དང་། མི་དམངས་ཀྱི་ཁྲོད་དུ་ཏང་གི་སྙན་གྲགས་ཇེ་ཆེར་འགྱུར་བ་བཅས་དེ་དག་ཚང་མས་ཏང་གིས་ཏང་ཡོན་ལ་ཚད་གཞི་དང་བླང་བྱ་གསར་པ་དེ་བས་མཐོ་བ་བཏོན་ཡོད།

        “མི་བཞི་ཤོག་ཁ”ཐལ་བའི་རྡུལ་དུ་བརླགས་རྗེས། ཏེང་ཞའོ་ཕིང་གིས་སླར་ཡང་ཏང་གི་ལས་དོན་གཙོ་སྐྱོང་གནང་བ་དང་། ལས་ཀ་སྣེ་མང་རྙོག་འཛིང་ཆེ་ཡང་། ཁོང་གིས་གནད་དོན་ཚང་མ་ཆབ་སྲིད་ཀྱི་མཐོ་ཚད་ལ་དམིགས་ནས་དབྱེ་ཞིབ་དང་རྒྱུད་ལོན་གནང་གི་ཡོད། སྐབས་བཅུ་གཅིག་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་ཐོག་ཏང་ཡོངས་ཀྱི་ལས་དོན་གྱི་གཙོ་གནད་དཔལ་འབྱོར་འཛུགས་སྐྲུན་ཐོག་འགྱུར་བ་གཏོང་རྒྱུའི་ཐབས་ཇུས་གལ་ཆེན་བཏོན་ཞིང་། ཏེང་ཞའོ་ཕིང་གིས“སྤྱི་ཚོགས་རིང་ལུགས་དེང་རབས་ཅན་འཛུགས་སྐྱོང་བྱེད་རྒྱུ་ནི་ང་ཚོའི་ད་ལྟའི་གལ་ཆེ་ཤོས་ཀྱི་ཆབ་སྲིད་ཡིན། གང་ལགས་ཤེ་ན། གང་དེས་མི་དམངས་ཀྱི་ཁེ་ཕན་ཆེ་ཤོས་དང་། ཆེས་རྩ་བའི་ཁེ་ཕན་མངོན་གྱི་ཡོད་པས་རེད”ཅེས་གསལ་པོར་གསུངས་ཡོད།

        སྤྱི་ཡོངས་ལ་མཐོང་ཆེན་དང་། སྤྱི་ཡོངས་ལ་དམ་འཛིན་བྱེད་དགོས།

        ཏེང་ཞའོ་ཕིང་གི་ཆབ་སྲིད་ལ་མཐོང་ཆེན་བྱེད་དགོས་ཞེས་པར་ཤིན་ཏུ་གསལ་བའི་བསམ་ཕྱོགས་ཤིག་ཡོད་དེ། སྤྱི་ཡོངས་ལ་མཐོང་ཆེན་དང་། སྤྱི་ཡོངས་ལ་དམ་འཛིན་བྱེད་རྒྱུ་དེ་ཡིན།

        ཏེང་ཞའོ་ཕིང་གིས་ལམ་ཐག་ལེ་དབར་ཁྲི་སྟོང་མང་བའི་རི་བོ་ཏཱ་པེ་ཧྲན་བརྒལ་བའི་ལོ་རྒྱུས་ཐེངས་མང་གསུངས་མྱོང་ཡོད་ཅིང་། ཁོང་གིས“བཅིངས་འགྲོལ་དམག་འཐབ་བརྒྱབ་རྗེས་ཀྱི་ལོ་གཉིས་པར། ཀྲུང་དབྱང་གིས་ཅི་ལུའུ་གཡུས་ཀྱི་དཔུང་དམག་ཁྲི་ཤོག་བཅུ་ཡིས་རི་བོ་ཏཱ་པེ་ཧྲན་ལ་གདོང་སྐྱོད་བྱས་ཏེ། གོ་མིན་ཏང་གི་དབང་བསྒྱུར་ས་ཁུལ་དུ་དམག་འཐབ་བྱེད་དགོས་པའི་གཏན་འབེབས་བྱས་པ་རེད། དེ་ནི་རྒྱབ་ཕྱོགས་ལ་དམག་འཐབ་མེད་པའི་ཧ་ཅང་དཀའ་ཚེགས་ཆེ་བའི་འཐབ་ཇུས་ལས་འགན་ཞིག་ཡིན། སྐབས་དེར་ལས་བྱེད་པ་འགའ་ཞིག་གིས་ལས་འགན་འདི་བསྒྲུབ་པར་དོགས་འཆར་བྱེད་ཀྱི་འདུག”ཅེས་གསུངས། ཁོང་དང་ལིའུ་བོ་ཁྲེང་གིས་ཐོག་མཐའ་བར་གསུམ་དུ་ཏང་ཡོངས་དང་བཅིངས་འགྲོལ་དམག་འཐབ་ཀྱི་སྤྱི་ཡོངས་ལ་དམིགས་ནས། བློ་བརྟན་འགྱུར་མེད་ངང་ནས་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ལག་བསྟར་བྱས་ཏེ། བྱ་སྤྱོད་དེ་ཉིད་ཀྱིས་དགྲ་བོ་ངེད་ཚོའི་ཕྱོགས་ལ་འགུག་ཐུབ་ནས། སྤུན་གྲོགས་ཐང་འཐབ་དམག་གི་གནོན་ཤུགས་ཆུང་དུ་གཏོང་ཐུབ་པ་དང་། གནད་དོན་ཐག་ཆོད་གཙང་མ་ཐུབ་ན་རྙོག་འཛིང་ཆེ་ཡང་ག་ལ་སྐྲག ཐ་ན་རང་སྲོག་ཤོར་ན་ཡང་བློ་འགྱོད་སྤུ་ཙམ་སྐྱེ་རྒྱུ་མིན་བསམ་པ་རེད། ཏང་གི་ཁྱོན་ཡོངས་ཀྱི་ཁེ་ཕན་གྱི་ཆེད་དུ་ཁོང་ཚོས་སོམ་ཉི་སྤུ་ཙམ་མེད་པར་མི་སྒེར་དང་ཆ་ཤས་ཀྱི་ཁེ་ཕན་བློས་གཏོང་བྱས་ཏེ། རང་འགུལ་ངང་ནས་ཉེན་ཁ་ཆེ་ཤོས་ཀྱི་ལས་འགན་དང་ལེན་གྱིས། དཀའ་ངལ་ཁྲི་སྟོང་ཁྱད་དུ་བསད་དེ་ལས་དོན་བདེ་བླག་ངང་ལེགས་གྲུབ་ཐུབ་ཡོད། དེ་ལྟར་ཆེས་མཐོའི་རང་འགུལ་གྱི་ཁྱོན་ཡོངས་བསམ་བློ་དང་། སྤྱི་ཡོངས་འདུ་ཤེས་དེ་ཉིད་ལ་བརྟེན་ནས་རང་དམག་གིས་དུས་ཐུང་ལོ་ངོ་གསུམ་རིང་ཀྲུང་གོ་ཡོངས་བཅིངས་འགྲོལ་གཏོང་བའི་རླབས་ཆེན་གྱི་རྒྱལ་ཁ་ཐོབ་པར་འགན་སྲུང་ཐུབ་ཡོད།

        དོན་དངོས་ཐོག་གཞི་རིམ་གྱི་བློ་མཐུན་ཚོས་ཆབ་སྲིད་ལ་མཐོང་ཆེན་དང་། ཁྱོན་ཡོངས་ལ་དོ་འཁུར་བྱེད་པ་དེ་ནི་རང་རེའི་ཏང་ལ་སྔར་ནས་ཡོད་པའི་གཟི་བརྗིད་ཀྱི་སྲོལ་རྒྱུན་ཅིག་ཡིན་ཏེ། 1962ལོར་ཏེང་ཞའོ་ཕིང་གིས་མའོ་ཀྲུ་ཞིའི་གསུང་བཤད་ལུང་དྲང་མྱོང་ཡོད་པ་སྟེ། “བློ་མཐུན་མའོ་ཙེ་ཏུང་གིས་དཔེ་འདི་འདྲ་ཞིག་ཐེངས་མང་གསུང་གི་འདུག དམར་དམག་རྩྭ་ཐང་བརྒལ་སྐབས་བློ་མཐུན་མ་ཆེན་ཚོས་ཞོགས་པ་ལངས་འཕྲལ། དེ་རིང་འབྲས་བཙོ་རྒྱུ་ཡོད་མེད་མི་འདྲི་བར། དང་ཐོག་ལྷོ་བྱང་གང་དུ་འགྲོ་རྒྱུ་ཡིན་པ་སྐད་ཆ་འདྲི་གི་ཡོད། ལྷོ་དང་བྱང་གང་དུ་འགྲོ་རྒྱུ་དེ་ནི་སྐབས་དེར་གལ་འགངས་ཆེ་ཤོས་ཀྱི་ཐབས་ཇུས་གནད་དོན་ཡིན། དེའི་ཐོག་ནས་རང་རེའི་དམག་དཔུང་གི་འཐབ་འཛིང་པ་ཚང་མས་ཐབས་ཇུས་ལ་དོ་སྣང་ཆེན་པོ་བྱེད་པ་མངོན་གྱི་ཡོད ”ཅེས་གསུངས་མྱོང་།

        ལོ་རྒྱུས་ལས་ར་འཕྲོད་བྱུང་བར། ཚོགས་སྤྱི་དང་། སྤྱི་ཡོངས། ཕྱོགས་ཡོངས་བཅས་ཀྱི་ཐོག་ནས་གནད་དོན་ལ་བསམ་བློ་གཏོང་རྒྱུར་མཐོང་ཆེན་བྱས། ལས་དོན་ཁྲོད་དུ་བློ་བརྟན་འགྱུར་མེད་ངང་སྤྱི་ཡོངས་ལ་དམིགས་པ་དང་། སྤྱི་ཡོངས་ལ་སྟངས་འཛིན། སྤྱི་ཡོངས་ལ་བསྟུན་པ། སྤྱི་ཡོངས་ལ་ཞབས་ཞུ་བཅས་བྱེད་ཐུབ་པ་དེ་ནི། རང་རེའི་ཏང་གིས་རྒྱུན་དུ་རྒྱལ་ཁ་ལེན་ཐུབ་པའི་རྩ་བའི་འགན་ལེན་ཞིག་ཡིན་ལ། ང་ཚོས་ཡུན་རིང་གསར་བརྗེ་དང་། འཛུགས་སྐྱོང་། སྒྱུར་བཅོས་བཅས་ཀྱི་ལག་ལེན་ཁྲོད་ནས་ཐོབ་པའི་སྲོལ་རྒྱུན་ཕུལ་དུ་བྱུང་བ་ཞིག་ཡིན།

        ངེས་པར་དུ་ཀྲུང་དབྱང་གི་དབང་ཐང་ལ་སྲུང་སྐྱོང་བྱེད་དགོས།

        ཀྲུང་དབྱང་གི་དབང་ཐང་ལ་སྲུང་སྐྱོང་བྱེད་རྒྱུ་ནི་ཆབ་སྲིད་ལ་མཐོང་ཆེན་བྱེད་པའི་བླང་བྱ་ལྡོག་མེད་ཅིག་རེད། སྒྱུར་བཅོས་སྒོ་དབྱེ་བྱས་ཚུན་དུ། ཏེང་ཞའོ་ཕིང་གིས་ཐོག་མཐའ་བར་གསུམ་དུ་སྒྱུར་བཅོས་ནི་ངེས་པར་དུ་ཀྲུང་དབྱང་གི་འགོ་ཁྲིད་འོག་གོ་རིམ་ཡོད་པའི་སྒོ་ནས་སྤེལ་དགོས་པ་དང་། གོ་རིམ་ཡོད་པའི་སྒྱུར་བཅོས་ཀྱང་ཀྲུང་དབྱང་གི་དབང་ཐང་ཐོག་ནས་བྱུང་བས། ཀྲུང་དབྱང་གི་དབང་ཐང་ལ་སྲུང་སྐྱོང་བྱེད་ཐུབ་མིན་ནི་ཐད་ཀར་སྒྱུར་བཅོས་བྱེད་ཐུབ་མིན་དང་འབྲེལ་བ་ཡོད།

        སྒྱུར་བཅོས་སྒོ་དབྱེ་ཐོག་མའི་དུས་སུ། འཆར་གཞིའི་དཔལ་འབྱོར་དུས་རབས་ནང་ཀྲུང་དབྱང་གིས་གཅིག་འགྱུར་བྱེད་མང་དྲག་པ་དང་ཐལ་དྲགས་པའི་གནད་དོན་ཐག་གཅོད་བྱེད་ཆེད། ཏང་དང་རྒྱལ་ཁབ་ཀྱིས་དབང་ཆ་གཤམ་སྤྲོད་ཀྱི་བྱེད་ཐབས་སྤྱད་ཡོད། འོན་ཀྱང་བརྒྱུད་རིམ་དེའི་ཁྲོད་དུ་དབང་ཆ་གཤམ་དུ་སྤྲད་ཤུགས་ཆེ་དྲགས་སྟབས། ཀྲུང་དབྱང་གིས་སྙོམས་སྒྲིག་བྱེད་ཤུགས་ལ་ཚོད་འཛིན་ཐེབས་པའི་གནད་དོན་ལྷག་པ་རེད།--དེས་ན་ཏེང་ཞའོ་ཕིང་གིས“ཀྲུང་དབྱང་ནས་ངེས་པར་དུ་འོས་འཚམས་ཀྱི་གཅིག་སྡུད་འགན་ལེན་བྱེད་དགོས”ཞེས་བསྟན་ཡོད།--1988ལོའི་ཟླ་9པར་ཏེང་ཞའོ་ཕིང་གི་གསུང་བཤད་ཅིག་གི་ཁྲོད“ངས་བཤད་པའི་གོ་དོན་གཙོ་བོ་ནི་ཀྲུང་དབྱང་ལ་དབང་ཐང་དགོས་པ་དེ་ཡིན”ཅེས་གསུངས་ཡོད་པ་དང་། 1989ལོའི་ཟླ་9པར་ཏེང་ཞའོ་ཕིང་གིས“དབང་ཐང་མེད་པ་བཟོ་མི་ཉན། གཅིག་སྡུད་བྱེད་དགོས་ངེས་རྣམས་གཅིག་འགྱུར་བྱེད་དགོས་པ་རེད། དེ་ལས་ལྡོག་ན་ཉུང་མཐར་ཡང་དུས་ཚོད་འཕྲོ་བརླག་གཏོང་གི་རེད”ཅེས་བསྟན་ཡོད།

        ད་དུང་ཁོང་གིས་རང་ཁོངས་རང་བཙན་གྱི་གནད་དོན་ལ་དམིགས་ཏེ། ཛ་དྲག་དང་བཅས“གོང་དུ་ངས་ཏང་ཀྲུང་དབྱང་གི་དབང་ཐང་ལ་ངེས་པར་དུ་ཤུགས་སྣོན་རྒྱག་དགོས་ཞེས་བཤད་པ་ཡིན། བློ་མཐུན་ཁྲེན་ཡུན་གྱིས་གསུང་པར། རྒྱལ་ཕྲན་མང་དྲགས་ན་གྲོས་སྡུར་མང་ཡང་ཐག་ཆོད་དཀའ་ལ། ཆོད་དོན་ལག་ལེན་མི་བྱེད་ཅིང་། རང་ཁོངས་རང་བཙན་བྱེད་ངེས་ཡིན་ཞེས་སྐྱོན་བརྗོད་གནང་བ་ཡང་དག་པ་ཞིག་རེད་འདུག ཀྲུང་དབྱང་གི་བཀའ་ལ་མ་བརྩི་བ་དང་། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་བཀའ་ལ་མ་བརྩི་ན་གཏན་ནས་མི་འགྲིགས།--ལྷག་པར་དུ་དཀའ་ངལ་ཡོད་དུས། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་ལ་དབང་ཐང་འདི་མེད་ན་གནད་དོན་ཐག་གཅོད་ཐུབ་ཐབས་མེད། དབང་ཐང་དེ་ཡོད་ཚེ་དཀའ་ངལ་ཆེ་བའི་དུས་སུའང་དོན་ཆེན་བསྒྲུབ་ཐུབ”ཅེས་བསྟན་ཡོད། ཏེང་ཞའོ་ཕིང་གིས་ད་དུང་དཔེ་ཞིག་སྟོན་པར། “རིག་གནས་གསར་བརྗེ་ཆེན་པོའི”དུས་མཇུག་ཏུ། མའོ་ཙེ་ཏུང་གིས་དམག་ཁུལ་ཁང་བརྒྱད་ཀྱི་སི་ལིང་དམག་དཔོན་ཕན་ཚུན་བརྗེ་པོ་བརྒྱབ་པ་རེད། དེ་ནི་ཁོང་གི་དམག་དཔུང་ལ་འགོ་ཁྲིད་བྱེད་པའི་ཐབས་རྩལ་བྱང་ཆུབ་པའི་དབང་གིས་ཡིན་ལ། ཁོང་གིས་དམག་དཔུང་གི་འགོ་ཁྲིད་ལས་བྱེད་པ་གང་འདྲ་ཞིག་ཡིན་ཀྱང་ཤོག་ཁག་དང་། སྟོབས་ཤུགས་ཀྱི་ཁྱབ་ཁོངས་ཆགས་མི་ཆོག་པ་དེ་རེད།

        ཏང་དང་མང་ཚོགས་ཀྱི་འབྲེལ་བ་ཐག་གཅོད་ལེགས་པོ་བྱེད་དགོས།

        ཆབ་སྲིད་ཀྱི་འབྲེལ་བ་སྣ་ཚོགས་ལ་ངོས་འཛིན་དང་ཐག་གཅོད་གང་ལེགས་བྱེད་དགོས། ཏང་དང་མང་ཚོགས་དབར་གྱི་འབྲེལ་བ་དང་། གྲལ་རིམ་དབར་གྱི་འབྲེལ་བ། མི་རིགས་དབར་གྱི་འབྲེལ་བ། ཏང་ཤོག་དབར་གྱི་འབྲེལ་བ། རྒྱལ་སྤྱིའི་ཆབ་སྲིད་དབར་གྱི་འབྲེལ་བ་བཅས་ཐག་གཅོད་གང་ལེགས་བྱེད་པ་ཚང་མ་ནི་ཏེང་ཞའོ་ཕིང་གིས་ཆབ་སྲིད་ལ་མཐོང་ཆེན་བྱེད་དགོས་པའི་གལ་ཆེའི་ནང་དོན་ཞིག་ཡིན། འབྲེལ་བ་དེ་དག་གི་ཁྲོད་ནས་ཏེང་ཞའོ་ཕིང་གིས་གླེང་མང་ཤོས་ནི་ཏང་དང་མང་ཚོགས་དབར་གྱི་འབྲེལ་བ་དེ་ཡིན།

        1946ལོར།--ཏིང་ཐའོ་དམག་འཁྲུག་ལ་རྒྱལ་ཁ་ཐོབ་རྗེས། འཐབ་ས་མདུན་མའི་དམག་དཔུང་ཚོའི་ཁྲོད་དུ་ང་རྒྱལ་ཁེངས་དྲེགས་ཀྱི་བསམ་ཚུལ་ཞིག་ཁྱབ་བཞིན་ཡོད་ཅིང་། བཀོད་འཐབ་པ་འགའ་རེས་གཟབ་ནན་མི་བྱེད་པར་སྤྱོད་ཚུལ་ཐོག་ལྷོད་གཡེང་གཏོང་བ་དང་། གཡུལ་འགྱེད་ཀྱི་ནང་མང་ཚོགས་མི་ཉུང་བ་ཞིག་གི་ཁྱིམ་ཆས་དང་ལྟོ་སྣོད་སོགས་ལ་གནོད་སྐྱོན་བཏང་ནས་དམག་དམངས་དབར་གྱི་འབྲེལ་བའི་ཐད་གནད་དོན་ཕྲན་བུ་ལྷག་པ་རེད། མང་ཚོགས་ཀྱི་སྒྲིག་ཁྲིམས་དང་མང་ཚོགས་ལམ་ཕྱོགས་སྐོར་གྱི་གནད་དོན་དེར་དམིགས་ནས།--ལོ་དེའི་ཟླ་9ཚེས་10ཡི་ཟླ་ཆོས་དུས་ཆེན་ཉིན། ཏེང་ཞའོ་ཕིང་གིས་གཞུང་སྒྲིག་རུ་ཁག་རྣམས་ཀྱི་སི་ལིང་ཡོན་སྐོང་འགུག་གིས་ཚོགས་འདུ་འཚོགས་ནས་སྒྲིག་ཁྲིམས་ལ་དག་ཐེར་བྱས་ཤིང་། ཡང་ཡུང་དང་ཁྲེན་ཤིའི་ལན་སོགས་དམག་འཐབ་ལན་བརྒྱར་ཞུགས་མྱོང་བའི་དམག་དཔོན་རྣམས་ཀྱིས་ཚོགས་རར་འཛུལ་མ་ཐག་མདུན་ཕྱོགས་ཀྱི་ཏེང་ཞའོ་ཕིང་ལ་ཕྱག་གཏོང་བར་ཕེབས་པ་རེད། འོན་ཏེ། ཏེང་ཞའོ་ཕིང་གིས་ཕྱག་གཡུག་གཡུག་གནང་བཞིན་དུ། དེ་རིང་ང་ཚོ་ལག་པ་མི་གཏོང་བའི་ཚོགས་འདུ་འཚོག་གི་ཡིན་པས། ལག་པ་མི་གཏོང་། ངས་ལྷན་རྒྱས་གདན་འདྲེན་ཞུས་པ་དེ་ཟླ་ཆོས་དུས་ཆེན་དགའ་གཏོང་བྱེད་ཆེད་མིན་ལ། ང་ཚོར་རྒྱལ་ཁ་ཐོབ་པར་རྟེན་འབྲེལ་ཞུ་མཁན་ཡང་མིན། ང་ཚོའི་དམག་དཔུང་ཧན་ཏན་ནས་ཐོན་རྗེས། ང་ཚོས་ལས་ཀ་གང་བྱས་པ་དང་། ང་ཚོའི་མང་ཚོགས་ཐད་ཀྱི་སྒྲིག་ཁྲིམས་གང་འདྲ་ཡོད་པ། ང་ཚོ་དམག་དམངས་དབར་གྱི་འབྲེལ་བ་ཡག་ཉེས་ཇི་འདྲ་ཡོད་པ་བཅས་ཀྱི་སྐོར་ལ་ཚང་མས་གཏམ་བཤད་གནང་རོགས་ཞེས་གསུངས། དེར་ཡོད་སི་ལིང་ཡོན་རྣམས་བསམ་བློའི་གྲ་སྒྲིག་གཏན་ནས་མེད་སྟབས་ཚང་མ་ག་བྱེད་འདི་བྱེད་མི་ཤེས་པར་གཅིག་གིས་གཅིག་ལ་ལྟ་བཞིན་གནས་པ་རེད། སྐབས་དེར་ལག་པ་མི་གཏོང་བའི་ཚོགས་འདུ་དེ་ཉིད་ལ་བརྟེན་ནས་རྗེས་སུ་དམག་དམངས་འབྲེལ་བའི་ལེགས་བཅོས་དང་མང་ཚོགས་ལས་ཀའི་ཐོག་ཤུགས་སྣོན་ཐེབས་པ་མ་ཟད། ཅིན་ཅི་ལུའུ་ཡུས་ཐང་འཐབ་དམག་འཐབ་ལ་རྒྱལ་ཁ་གཅིག་མཇུག་གཉིས་མཐུད་ཀྱིས་ཐོབ་ནས་ལིའུ་ཏེང་དམག་དཔུང་ཆེན་པོའི་སྙན་གྲགས་དེ་བས་གང་སར་ཁྱབ་པ་རེད། ཏེང་ཞའོ་ཕིང་གིས་གསར་བརྗེའི་ཉམས་མྱོང་ལ་ཕྱོགས་བསྡོམས་གནང་སྐབས་གསུང་དོན། སྔོན་མ་དམག་འཐབ་ལ་རྒྱལ་ཁ་བླངས་པ་དེ་མང་ཚོགས་དང་འབྲེལ་བ་དམ་ཟབ་བྱས་པར་བརྟེན་ནས་ཐོབ་ཡོད། འོན་ཀྱང་ད་ལྟ་དེ་དག་བརྗེད་པ་ནི་ཧ་ཅང་ཉེན་ཁ་ཆེ་ཞིང་། ཐ་ན་སྲོག་ཉེན་ཀྱང་ཡོད། གལ་ཏེ་མང་ཚོགས་དང་འབྲེལ་བ་ཆད་ན་ཏང་གི་དབང་ཐང་ལ་བརྟེན་གཞི་མེད་པ་དང་། མང་ཚོགས་དང་འབྲེལ་བ་ཆད་ན་དཔའ་བོ་སུ་ཡིན་ཀྱང་ལས་དོན་བསྒྲུབ་མི་ཐུབ་པས། གུང་ཁྲན་ཏང་གིས་མང་ཚོགས་དང་སྐྱིད་སྡུག་མཉམ་མྱོང་བྱེད་དགོས་པ་དེ་ནི་ང་ཚོའི་སྒྲིག་ཡིག་ཡང་དག་ཅིག་ཡིན།

        ལོ་རྒྱུས་གནད་དོན་གལ་ཆེན་ཐག་གཅོད་བྱེད་པར་དེ་བས་ཆབ་སྲིད་ལ་མཐོང་ཆེན་བྱེད་དགོས།

        གལ་ཆེའི་ལོ་རྒྱུས་ཀྱི་འགག་རྩའི་དུས་སུ་ལོ་རྒྱུས་ཀྱི་གནད་དོན་གལ་ཆེན་ལ་ཆོད་བསྡོམས་ཡང་དག་བྱེད་དགོས་པ་དེ་ཕྱོགས་ཡོངས་དང་འབྲེལ་བ་ཡོད་ཅིང་། ཕུགས་རིང་དང་འབྲེལ་བ་ཡོད་ལ། ཆབ་སྲིད་ལ་མཐོང་ཆེན་བྱེད་པའི་ལྡོག་མེད་ཀྱི་བླང་བྱ་ཞིག་ཡིན། “རིག་གནས་གསར་བརྗེ་ཆེན་པོ”མཇུག་སྒྲིལ་རྗེས། ཉམས་པ་ཐམས་ཅད་སོར་དུ་ཆུད་རྒྱུར་ལུས་ཡོད། ཀྲུང་གོ་ཇི་ལྟར་གོང་འཕེལ་གཏོང་བ་དང་། ལྷག་པར་དུ་བློ་མཐུན་མའོ་ཙེ་ཏུང་གི་ན་སོ་བགྲེས་སྐབས་ལྷག་པའི་ནོར་འཁྲུལ་ལ་ངོས་འཛིན་ཇི་ལྟར་བྱེད་པ། མའོ་ཙེ་ཏུང་གི་དགེ་སྐྱོན་ལ་ཇི་ལྟར་གདེང་འཇོག་ཡང་དག་བྱེད་མིན་ནི་ང་ཚོས་རང་ཉིད་ཀྱི་ལོ་རྒྱུས་ལ་ལྟ་སྟངས་ཇི་འདྲ་འཛིན་མིན་དང་འབྲེལ་བ་ཡོད་ལ། མ་འོངས་གསར་གཏོད་ཇི་ལྟར་བྱེད་པའི་དོན་ཆེན་ཞིག་ཡིན།

        རྒྱལ་སྤྱིའི་ཐོག་མའོ་ཙེ་ཏུང་ནི་འཛམ་གླིང་ཨང་གསུམ་པས་དད་ཞེན་ཚད་མེད་བྱེད་པའི་རླབས་ཆེན་མི་སྣ་དང་སློབ་དཔོན་ཞིག་ཡིན་ལ། ནུབ་ཕྱོགས་རྒྱལ་ཁབ་ཀྱིས་གུས་ཤིང་སྐྲག་པའི་མི་ཆེན་དང་དགྲ་ཁ་གཏད་ཅིག་ཀྱང་ཡིན། སྔ་མས་ཀྲུང་གོས་མའོ་ཙེ་ཏུང་གི་ཕུགས་རེ་བརྒྱུད་འཛིན་བྱས་ནས་མུ་མཐུད་འཛམ་གླིང་གསར་བརྗེའི་དར་ཆ་མཐོན་པོར་བསྒྲེངས་པའི་རེ་བ་བཅངས་ཤིང་། ཕྱི་མས་དེ་ལས་ལྡོག་ནས་ཀྲུང་གོ་དེ་ཉིད་མའོ་ཙེ་ཏུང་གིས་གཏོད་པའི་སྤྱི་ཚོགས་རིང་ལུགས་ཀྱི་འགྲོ་ལམ་ལས་རྒྱབ་བརྒལ་གྱིས་ལོག་ལམ་དུ་འཕྱན་རེ་བྱེད། རྒྱལ་ནང་དུ་ལས་བྱེད་པ་མང་ཆེ་བ་དང་རྒྱ་ཆེའི་བཟོ་པ་དང་། ཞིང་པ། བཅིངས་འགྲོལ་དམག་འཐབ་འཛིང་པ་རྣམས་ཀྱིས་མའོ་ཙེ་ཏུང་ལ་བརྩེ་སེམས་ཤིན་ཏུ་ཟབ་ཅིང་ཁོང་ཚོས་སེམས་དབུས་ནས་མའོ་ཙེ་ཏུང་ལ་དད་གུས་དང་དགའ་ཞེན་བྱེད་པ་དང་། “རིག་གནས་གསར་བརྗེ་ཆེན་པོ” ཡིས་ཏང་དང་རྒྱལ་ཁབ་ལ་བཟོས་པའི་གནོད་སྐྱོན་ལ་ངོས་འཛིན་གཏིང་ཟབ་བྱེད་ཀྱི་མེད་ལ་ཕྱོགས་གཞན་ནས“རིག་གནས་གསར་བརྗེ་ཆེན་པོའི”ཁྲོད་མནར་གཅོད་དང་རྡུང་རྡེག་ཕོག་མྱོང་བའི་མི་ཚོས་མའོ་ཙེ་ཏུང་ལ་མ་འདོད་པའི་བསམ་ཚུལ་འཛིན་གྱི་ཡོད། ཨ་ཅང་བརྗོད་མེད་དུ་མའོ་ཙེ་ཏུང་ལ་གདེང་འཇོག་ཇི་ལྟར་བྱེད་མིན་དེ་ནི་མའོ་ཙེ་ཏུང་ལ་ལོ་རྒྱུས་གནས་ཚད་འཇལ་བའི་གནད་དོན་ཁོ་ན་མ་ཡིན་པར་དེ་ནི་ཀྲུང་གོས་མ་འོངས་པར་དར་ཆ་གང་འདྲ་བསྒྲེངས་པ་དང་། ལམ་བུ་གང་ལ་སྐྱོད་པ། ཁ་ཕྱོགས་གང་ལ་འགྲོ་མིན་གྱི་གཞི་རྩའི་རང་བཞིན་ལྡན་པའི་འཐབ་ཇུས་གདམ་གའི་གནད་དོན་ཞིག་དང་ཐད་ཀར་འབྲེལ་བ་ཡོད་པ་ཞིག་རེད།

        ལོ་རྒྱུས་ཀྱི་ཁ་ཕྱོགས་བསྒྱུར་མཚམས་འགག་རྩའི་དུས་འདིར། ཏེང་ཞའོ་ཕིང་གིས་ཆབ་སྲིད་ཀྱི་བློ་གྲོས་ཁྱད་དུ་འཕགས་པར་བརྟེན་ནས་མའོ་ཙེ་ཏུང་དང་མའོ་ཙེ་ཏུང་གི་དགོངས་པར་དངོས་ཡོད་དང་དྲང་པོ་དྲང་གཞག་ཐོག་ནས་གདེང་འཇོག་བྱས་པ་དང་། མའོ་ཙེ་ཏུང་གི་ལོ་རྒྱུས་གནས་བབ་གཏན་འཁེལ་མཐའ་འཁྱོངས་བྱས་པ། མའོ་ཙེ་ཏུང་གི་དགོངས་པ་མཐའ་འཁྱོངས་དང་གོང་དུ་སྤེལ་བ།--མའོ་ཙེ་ཏུང་གི་ལོ་རྒྱུས་དགེ་སྐྱོན་ལ་གདེང་འཇོག་དངོས་ཡོད་དང་དྲང་པོ་དྲང་གཞག་མཐའ་འཁྱོངས་བཅས་བྱས་ཡོད། སྐབས་བཅུ་གཅིག་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པས་ཏེང་ཞའོ་ཕིང་གིས་གཙོ་སྐྱོང་དང་མ་ཟིན་བཀོད་པའི《རྒྱལ་ཁབ་བཙུགས་ཚུན་གྱི་ཏང་གི་ལོ་རྒྱུས་ཀྱི་གནད་དོན་འགའ་ཞིག་སྐོར་གྱི་གྲོས་ཆོད》ལ་གྲོས་འཆམ་བྱུང་ནས། མའོ་ཙེ་ཏུང་ལ་གདེང་འཇོག་ཡང་དག་བྱས་སྟབས་དུས་མི་རིང་བར་ཏང་ཡོངས་ཀྱི་བསམ་བློ་གཅིག་འགྱུར་བྱུང་ནས། སྒྱུར་བཅོས་སྒོ་དབྱེའི་ལོ་རྒྱུས་ཀྱི་ལེའུ་གསར་རྐྱང་ཞིག་ཁ་ཕྱེ་ཡོད་པ་རེད། (《ཤིན་ཤང་དཔྱད་གཏམ》དུས་དེབ་ནས་བཏུས།)

སྐལ་རྣམ་གྱིས་བསྒྱུར།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1