བཀག་རྒྱ་གཙང་སེལ་བྱས་ནས་ལམ་ལུགས་ཀྱི་ གསོན་ཤུགས་ཇེ་ཆེར་བཏང་བ། ——སྟོབས་ཤུགས་གཅིག་ཏུ་སྒྲིལ་ནས་སྒྱུར་བཅོས་འགག་སྒྲོལ་གྱི་དམག་འཐབ་བརྒྱབ་པ།

རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 02-25


        ཀྲུང་གོའི་སྒྱུར་བཅོས་ཀྱི་འཕེལ་རྒྱས་ནི་མྱུར་བསྐྱོད་བྱེད་བཞིན་པའི་མེ་འཁོར་ཞིག་དང་འདྲ་ལ། ལམ་ལུགས་ནི་ལྕགས་ལམ་དང་གཉིས་སུ་མ་མཆིས་པར“ཀྲུང་གོ་རྟགས་ཅན”གྱི་མེ་འཁོར་དེ་ཉིད་ཀྱི་སྣེ་ཁྲིད་ནས་གཏན་འཁེལ་ཟིན་པའི་ལམ་བུའི་ཐོག་བདེ་འཇགས་དང་། བརྟན་པོའི་ངང་ཐག་རིང་ཕྱོགས་སུ་བསྐྱོད་བཞིན་མཆིས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས“ལམ་ལུགས་ཀྱི་གསོན་ཤུགས་ཇེ་ཆེར”གཏོང་དགོས་པའི་ནན་བཤད་གནང་ཡོད་ཅིང་། ལམ་ལུགས་ཀྱིས་ཁྱོན་ཡོངས་ནས་སྒྱུར་བཅོས་གཏིང་ཟབ་ཏུ་གཏོང་བའི་བརྒྱུད་རིམ་ཁྲོད་དུ་གལ་ཆེའི་ཕན་ནུས་ལྡན་པ་མངོན་ཡོད།

        ཀྲུང་གོའི་སྒྱུར་བཅོས་སྒོ་དབྱེའི་འཕེལ་རིམ་དེ་ཚད་གཞི་ངེས་ཅན་ཞིག་གི་ཐོག་ནས་བརྗོད་ཚེ་ལམ་ལུགས་རབ་དང་རིམ་པར་འགྱུར་ལྡོག་ཤུགས་ཆེན་འགྲོ་བའི་སྤྱི་བསྡོམ་ཞིག་རེད། མཁས་པ་ཞིག་གིས་ལོ་ངོ་བཞི་ཅུའི་རིང་གི་སྒྱུར་བཅོས་སྒོ་དབྱེའི་ཉམས་མྱོང་ལ་ཕྱོགས་བསྡོམས་གནང་སྐབས། ཀྲུང་གོའི་ཕྱོགས་བསྡུས་རྒྱལ་སྟོབས་གོང་མཐོར་གཏོང་བའི་འགུལ་ཤུགས་གཙོ་བོ་གང་ཡིན་འདྲིས་འདུག དེའི་སྐོར་ལ་དྲིས་ལན་ཧ་ཅང་མང་པོ་འདུག་ཀྱང་། དེ་དག་ཁྲོད་ནས་ལམ་ལུགས་ཀྱི་འགྱུར་ལྡོག་ལ་བརྟེན་ནས་འགྲན་རྩོད་ནུས་པའི་དགེ་མཚན་གོང་འཕེལ་བྱུང་ཚུལ་གླེང་བ་དེ་ནི་གནད་དུ་འཁེལ་བའི་ལན་ཞིག་ཏུ་སེམས། སྒྱུར་བཅོས་སྒོ་དབྱེ་བྱས་ཚུན་དུ་ང་ཚོས་ལམ་ལུགས་ལ་གོ་བ་ལོན་ཚད་རིམ་བཞིན་གཏིང་ཟབ་ཏུ་ཕྱིན་ཡོད་དེ། ལམ་ལུགས་ནི“སྒྲིག་ལམ་བཟོ་རྒྱུར” ངོས་འཛིན་བྱེད་པ་ནས། ལམ་ལུགས་ལ་བརྟེན་ནས་དཀའ་ངལ་སེལ་བ་དང་། ལམ་ལུགས་ལ་བརྟེན་ནས་ཐོན་ཁུངས་སླར་གསོ། ལམ་ལུགས་ལ་བརྟེན་ནས་ཕན་ནུས་མཐོར་འདེགས་གཏོང་བ་བཅས་ལ་འགྱུར་བ་བྱུང་བ་མ་ཟད། ལམ་ལུགས་ཀྱིས་ཁྱོན་ཡོངས་ནས་སྒྱུར་བཅོས་གཏིང་ཟབ་ཏུ་གཏོང་བའི་བརྒྱུད་རིམ་ཁྲོད་དུ་ཚོད་འཛིན་སྣེ་ཁྲིད་དང་། ཆུ་བཀག་བྱེ་གཤོང་བྱེད་པ་ལྟར་གྱི་གཙང་སེལ་ནུས་པ་གལ་ཆེན་ཐོན་བཞིན་ཡོད།

        ལམ་ལུགས་ཀྱི“རྩ་གཏོར”དང“འཛུགས་སྐྱོང”ལ་མཐོང་ཆེན་བྱེད་པ་དང་། ལམ་ལུགས་ཀྱི་འཕོ་འགྱུར་ལ་བརྟེན་ནས་ཁྱོན་ཡོངས་ནས་སྒྱུར་བཅོས་གཏིང་ཟབ་ཏུ་གཏོང་བར་སྐུལ་འདེད་གཏོང་རྒྱུ་ནི། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན་གྱི་གལ་ཆེའི་སྒྱུར་བཅོས་ཀྱི་བརྟག་ཐབས་སྨྲ་བ་ཞིག་ལ་འགྱུར་ཡོད། པེ་ཅིང་ཞུང་ཨན་ཁུལ་གསར་ལ་སྒྱུར་བཅོས་ཀྱི་རང་བདག་དབང་ཆ་ཤུགས་ཆེན་སྤྲད་པ་དང་། རྨང་གཞིའི་སྤྱི་པའི་ཞབས་ཞུའི་མ་ལག་ཚད་ལྡན་བཟོས་པ། དེ་བཞིན་ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་གི་སྤྱི་ཕན་ཞུ་གཏུག་ཞིབ་དཔྱོད་ཁང་གསར་འཛུགས་སོགས་བྱས་ཡོད། ཀྲུང་དབྱང་སྒྱུར་བཅོས་གཏིང་ཟབ་ཨུ་ལྷན་གྱི་ཚོགས་འདུ་ཐེངས་གསུམ་པའི་ཐོག་གྲོས་འཆམ་བྱུང་བའི་ཡིག་ཆར་ཞིབ་ལྟ་བྱས་ཚེ། “འཛུགས་སྐྱོང”གི་བསམ་ཕྱོགས་སྔར་རྒྱུན་ལྟར་གཞིར་འཛིན་བཞིན་ཡོད། ཀྲུང་དབྱང་སྒྱུར་བཅོས་གཏིང་ཟབ་ཨུ་ལྷན་གྱི་དེ་སྔའི་ཚོགས་འདུའི་ཐོག་དུ། “རྩ་གཏོར”གྱི་བསམ་ཕྱོགས་ཀྱང་ཧ་ཅང་གསལ་པོ་འདུག་སྟེ། རྒྱུན་ཆད་མེད་པར་ས་གནས་ཀྱི་སྒྲིག་གཞི་སྒྱུར་བཅོས་ལ་སྐུལ་འདེད་གཏོང་བ་དང་། རྒྱལ་གཉེར་ཁེ་ལས་ཀྱི་གླ་ཕོག་གཏན་འབེབས་སྒྲིག་སྲོལ་ལ་སྒྱུར་བཅོས། ཞིབ་བཤེར་ཆོག་མཆན་གྱི་ཞབས་ཞུ་དམངས་ཕན་ཅན་དུ་འགྱུར་བར་སྐུལ་འདེད་གཏོང་བ་སོགས་ཀྱིས་ལམ་ལུགས་ཀྱི་གསོན་ཤུགས་མངོན་ཐུབ་ཡོད། “རྩ་གཏོར”དང་“འཛུགས་སྐྱོང”གི་རྩོད་སྒྲུབ་རིག་པ་དེ་སྒྱུར་བཅོས་ལས་དོན་ཁག་ཚང་མར་དོན་འཁྱོལ་བྱུང་བ་མཚོན་པ་སྟེ། ལམ་ལུགས་ལ་བརྟེན་ནས་རྩེ་རིམ་ཇུས་འགོད་འཐུས་ཚང་དུ་བཏང་བས་སྒྱུར་བཅོས་ཀྱི་གསོན་ཤུགས་རྒྱས་ཡོད་པ་དང་། ལམ་ལུགས་ལ་བརྟེན་ནས་སྒྲིག་སྲོལ་དང་ལམ་སྲོལ་གྱི་ཞན་ཆ་སེལ་བས་སྒྱུར་བཅོས་ཀྱི་ཉེན་ཁར་ཚོད་འཛིན་ཐུབ་ཅིང་། སྒྱུར་བཅོས་མཁན་གྱིས་ལམ་ལུགས་ལ་གོ་བ་ལེན་སྟངས་དང་བེད་སྤྱོད་བྱེད་ལུགས་ཀྱང་ཉིན་བཞིན་བྱང་ཆུབ་པ་མ་ཟད། ལམ་ལུགས་ཀྱི་སྒྱུར་བཅོས་ཀྱིས་ཐོན་སྐྱེད་ལ་བཅིངས་འགྲོལ་དང་འཕེལ་རྒྱས་གཏོང་བར་ཐོན་པའི་ནུས་པ་ནི་ཉིན་བཞིན་མངོན་གསལ་དོད་དུ་འགྲོ་ཐུབ་པ་སོགས་བྱུང་ཡོད།

        སྒྱུར་བཅོས་ནི་འགག་སྒྲོལ་དུས་ལ་སླེབས་ཤིང་། སྐྲ་རྐང་གཅིག་འཐེན་ན་གཟུགས་པོ་ཡོངས་རྫོགས་འགུལ་བ་ལྟར་ཡོང་ལ། དོན་གཅིག་གནད་དུ་མ་འཁེལ་ཚེ་ཀུན་ལ་འགོག་རྐྱེན་བཟོ་བར་བརྟེན། རྩེ་རིམ་ཇུས་འགོད་ལ་དེ་བས་ཤུགས་སྣོན་བརྒྱབ་ཏེ། སྔར་བས་མ་ལག་ཆ་ཚང་བ་དང་། ཚན་རིག་དང་ཚད་ལྡན། འཁོར་སྐྱོད་ནུས་ལྡན་བཅས་ཀྱི་ལམ་ལུགས་མ་ལག་ཆ་ཚང་ཞིག་འཛུགས་རྒྱུ་ནི་དོན་གལ་ཆེན་པོ་ཞིག་ཡིན། དཔེར་ན། ས་གནས་མང་པོ་ཞིག་ཏུ“མང་ཤོས་ལ་ཐེངས་གཅིག་འགྲོ་བའི” སྒྱུར་བཅོས་ཀྱི་བྱེད་སྒོ་སྤེལ་ནས། མང་ཚོགས་དང་ཁེ་ལས་མང་པོར་ཁེ་ཕན་ཐོབ་ཡོད། ཡིན་ནའང་ཞིབ་བཤེར་ཆོག་མཆན་ཐོབ་པའི་ལས་དོན་འགའ་ཞིག་གི་བཅོས་བསྒྱུར་ནི་ས་གནས་དེ་གས་བསྒྲུབ་ཐབས་བྲལ་ཞིང་། དེ་ནི་ཀྲུང་དབྱང་རིམ་པའི་ལམ་ལུགས་དང་སྲིད་ཇུས་ཇུས་འགོད་དང་འབྲེལ་བ་ཡོད། ད་དུང་དཔེར་ན། ས་གནས་ཁ་ཤས་སུ“དཔང་ཡིག་ཁྱད་མཚར་བ”སོགས་ཀྱི་ཞན་ཆ་རྩ་མེད་བཟོ་བར་ཚན་པ་སོ་སོའི་དབར་སྲིད་ཇུས་ཀྱི་འབྲེལ་མཐུད་དང་། ལམ་ལུགས་ཀྱི་བཀག་རྒྱ་སེལ་དགོས། དེ་འདྲའི་གནས་ཚུལ་རྣམས་ལ་ངེས་པར་དུ་སྒྱུར་བཅོས་བྱེད་ཐབས་ཁག་གི་འབྲེལ་མཐུད་རང་བཞིན་དང་། ཐེབས་རེས་རང་བཞིན་ལ་མཐོང་ཆེན་བྱས་ཏེ། དེ་བས་ཞིབ་ཚགས་ཀྱི་ལམ་ལུགས་སྤྱོད་དགོས། ཀྲུང་དབྱང་རིམ་པའི་ཐོག་ནས་ཐག་གཅོད་བྱེད་དགོས་པའི་ལས་དོན་ལ་ཐོ་འགོད་ཁ་གསལ་བཟོ་བ་དང་། གཅིག་འགྱུར་བསམ་གཞིག་བྱས་ནས། རིགས་དབྱེ་ཐག་གཅོད་བྱེད་དགོས། ས་གནས་ཀྱིས་ཐག་གཅོད་བྱེད་དགོས་པའི་ལས་དོན་ལ། དེ་བས་སྲིད་ཇུས་ལག་བསྟར་དང་ལམ་ལུགས་དོན་འཁྱོལ་བྱེད་པར་དམ་འཛིན་བྱས་ཏེ། འབྲེལ་ཡོད་གནད་དོན་ལ་དངོས་སུ་ཞིབ་འཇུག་གིས་ཐག་གཅོད་གཏོང་དགོས།

        མིག་སྔར། སྒྱུར་བཅོས་དེ་ཉིད་གློ་བུར་དུ་ཁྱབ་ཁོངས་མང་པོའི་ནང་“མི་མེད་ལུང་སྟོང་”ལྟ་བུའི་གནས་སུ་གྱར་ཡོད་སྟབས། སྒྱུར་བཅོས་པ་རྣམས་ཀྱིས་ཀྱང་སྒྱུར་བཅོས་ཀྱི་ཁྱོན་ཡོངས་ལ་གོ་བ་གཏིང་ཟབ་ལོན་དགོས་པ་དང་། སྒྱུར་བཅོས་ཀྱི་ཞིབ་ཕྲའི་ཁྱབ་ཁོངས་སུ་ལམ་ལུགས་ཀྱི་ཇུས་གཞི་གསར་པ་གཏོད་དགོས། ཉེ་བའི་ལོ་ཤས་རིང་། གཞི་རིམ་དུ་ལག་ལེན་གྱིས་ལམ་ལུགས་འཐུས་ཚང་ཏུ་གཏོང་བར་སྣེ་ཁྲིད་བྱེད་པའི་སྒྱུར་བཅོས་ཀྱི་ཐབས་ཤེས་རིམ་བཞིན་མངོན་གསལ་དོད་དུ་འགྲོ་བཞིན་ཡོད་དེ། དཔེར་ན། སྒུལ་འཕྲིན་དང་དྲ་རྒྱའི་དུས་རབས་ལ་སླེབས་པ་དང་བསྟུན་ནས།--རིམ་ཁག་ཁྲིམས་ཁང་གིས་དྲ་རྒྱར་བརྟེན་ནས་ཞུ་གཏུག་ནས་ཁྲིམས་འདུམ་གཅོད་པའི་བར་གྱི་གཏུག་བཤེར་བརྒྱུད་རིམ་ལེགས་སྒྲུབ་ཐུབ་སྟེ། དམངས་ཕན་གཏུག་བཤེར་མངོན་འགྱུར་དང་། ཁྲིམས་འཛིན་ཐོན་ཁུངས་གྲོན་ཆུང་ཡོང་ཐུབ་བམ། ས་གནས་ཁ་ཤས་སུ“དྲ་རྒྱའི་ཁྲིམས་ཁང་”འཚོལ་ཞིབ་བྱས་པར་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་ཡོད། ད་དུང་དཔེར་ན། ཉེ་བའི་ལོ་ཤས་རིང་། སྤྱི་པའི་ཁོར་ཡུག་ལ་བཙོག་སྐྱོན་བཟོ་བ་དང་། སྔོན་གཤེགས་དཔའ་བོར་བརྙས་ལེགས་བྱེད་པ་སོགས་ཀྱི་སྤྱི་པའི་ཁེ་ཕན་ལ་གནོད་པའི་གནད་དོན་ལྷག་ཡོད་ལ། ས་གནས་འགའ་ཞིག་གི་ཞིབ་དཔྱོད་ཚན་པས་གནད་དོན་དེར་སྤྱི་ཕན་ཁྲིམས་སྦྱོར་ཞུས་པས་སྤྱི་ཚོགས་སྟེང་ཕན་ནུས་ཧ་ཅང་ཆེན་པོ་ཐོན་ཡོད། ལག་ལེན་གྱི་རྨང་གཞི་དེ་དག་ལ་བརྟེན་ནས་ཀྲུང་དབྱང་སྒྱུར་བཅོས་གཏིང་ཟབ་ཨུ་ལྷན་གྱི་ཚོགས་འདུའི་ཐོག《པེ་ཅིང་དྲ་རྒྱའི་ཁྲིམས་ཁང་དང་ཀོང་ཀྲུའུ་དྲ་རྒྱའི་ཁྲིམས་ཁང་འཕར་འཛུགས་བྱེད་རྒྱུའི་སྐོར་གྱི་ཇུས་གཞི》དང་《ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་གི་སྤྱི་ཕན་ཁྲིམས་སྦྱོར་ཞིབ་དཔྱོད་ཁང་འཛུགས་རྒྱུའི་སྐོར་གྱི་ཇུས་གཞི》གྲོས་འཆམ་བྱུང་བ་དེ་དག་གཞི་རིམ་ལག་ལེན་ཁྲོད་ཐོབ་པའི་ལམ་ལུགས་ཀྱི་གྲུབ་འབྲས་ཤིག་ཏུ་ངོས་འཛིན་བྱས་ཆོག སྒྱུར་བཅོས་ཀྱི་འཕེལ་རིམ་གྱིས་ང་ཚོར་གསལ་སྟོན་བྱས་པར། ལམ་ལུགས་ཀྱིས་འདུ་ཤེས་དང་བསམ་བློ་མངོན་ཞིང་། དེ་བས་སྒྱུར་བཅོས་ཀྱི་ལག་ལེན་གོང་བུར་འགྲིལ་ཡོད་པ་དང་། ལམ་ལུགས་ཀྱི་གསོན་ཤུགས་ནི་སྒྱུར་བཅོས་ཀྱི་ཁྱབ་ཁོངས་ཡོད་ཚད་ཀྱི་ཁྲོད་དུ་གནས་ཡོད་ཅིང་། མ་འོངས་མཛེས་སྡུག་ལྡན་པར་རེ་སྒུག་བྱེད་མཁན་ཚོའི་སེམས་ཁོངས་སུའང་གནས་ཡོད། ལམ་ལུགས་ཀྱི་གསོན་ཤུགས་ཇེ་ཆེར་གཏོང་བར་གཞི་རིམ་གྱི་ལག་ལེན་དང་ལམ་ལུགས་ཀྱི་གྲུབ་འབྲས་གཉིས་དབར་ཕན་ཚུན་འཁོར་རྒྱུག་ལེགས་པོ་བྱེད་དུ་བཅུག་ཚེ། དེས་ན་གཞི་རྒྱ་ཆེ་བའི་སྒྱུར་བཅོས་ཀྱི་བྱ་གཞག་ལ་སྐུལ་འདེད་གཏོང་ཐུབ།

        དེ་ཡང་མར་ཁེ་སི་དང་ཨེན་ཀེ་སི་ཡིས་དུས་རབས་འབྱེད་ཅིང་མ་ལག་ཆ་ཚང་བའི་ནང་དོན་ངོ་མ་ཡོད་དོ་ཅོག་ནི། མ་ལག་དེ་དག་ཐོན་པའི་དུས་སྐབས་དེའི་དགོས་མཁོར་བརྟེན་ནས་གྲུབ་པ་ཞིག་རེད་ཅེས་མཛུབ་སྟོན་གནང་མྱོང་ཡོད་པས། ང་ཚོས་ཕྱོགས་ཡོངས་ནས་སྒྱུར་བཅོས་གཏིང་ཟབ་ཏུ་གཏོང་བའི་དམིགས་ཡུལ་ནི། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས་འཐུས་ཚང་དང་འཕེལ་རྒྱས་བཏང་ནས། རྒྱལ་ཁབ་ཀྱི་བཅོས་སྐྱོང་མ་ལག་དང་ནུས་པ་དེང་རབས་ཅན་དུ་འགྱུར་བར་སྐུལ་འདེད་གཏོང་རྒྱུ་དེ་ཡིན་སྟབས། དེ་ནི་ལམ་ལུགས་དང་། སྒྱུར་བཅོས། དེང་རབས་ཅན་བཅས་ཕྱོགས་གསུམ་གྱི་ཐོག་ནས་ཀྲུང་གོ་འཕེལ་རྒྱས་ཡོང་བའི་བརྟེན་ས་སྤྱི་དེ་ཉིད་མངོན་པར་བྱས་ཡོད། དེ་བས་ཆ་ཚང་ཞིང་། བརྟན་པ། སྤྱོད་མཁོ་ཆེ་བ་བཅས་ཀྱི་ལམ་ལུགས་མ་ལག་ཅིག་འཛུགས་སྐྱོང་ཐུབ་ཚེ། ང་ཚོས་སྒྱུར་བཅོས་འགག་སྒྲོལ་ཀྱི་འཐབ་རྩོད་ལས་རྣམ་པར་རྒྱལ་ཐུབ་པ་མ་ཟད། ཀྲུང་གོའི་འཕེལ་རྒྱས་ཀྱི་ཆེད་དུ་ཆེས་ལེགས་པའི་མ་འོངས་ཤིག་གཏོད་ཐུབ།

པ་སངས་ཚེ་རིང་གིས་བསྒྱུར།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1