ཤང་གྲོང་དར་སྤེལ་གྱི་འཐབ་ཇུས་ལག་བསྟར་བྱེད་པར་ཞིང་པའི་དགོས་མཁོར་དོ་སྣང་བྱེད་དགོས།

བསོད་ནམས་བློ་ཁོག རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 02-25


        ཏང་གི་ཚོགས་ཆེན་བཅུ་དགུ་པའི་སྙན་སྒྲོན་ནང་ཤང་གྲོང་དར་སྤེལ་གཏོང་རྒྱུའི་འཐབ་ཇུས་བཏོན་ཡོད་པ་མ་ཟད། དེ་དག་ཀྱང་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་སྟོབས་ལྡན་རྒྱལ་ཁབ་སྐྲུན་རྒྱུའི་འཐབ་ཇུས་ཆེ་མོ་བདུན་གྱི་གྲས་སུ་བརྩིས་ནས་ཏང་སྲོལ་ནང་བཀོད་ཡོད། རྒྱུ་རྐྱེན་འདི་ལྟར་གྱི་འོག་ཏུ་ཤང་གྲོང་དར་སྤེལ་གཏོང་རྒྱུའི་མཚོན་དོན་ལ་གོ་བ་ཇི་ལྟར་ལེན་དགོས་མིན་དང་དེ་བཞིན་ཐབས་ལམ་ཇི་ལྟར་མངོན་འགྱུར་བྱེད་ཐུབ་མིན་དེ་ནི་འབྲེལ་ཡོད་ཀྱི་ལས་དོན་ཁག་ཡག་པོ་བསྒྲུབ་རྒྱུའི་སྔོན་འགྲོ་ཞིག་ཏུ་གྱུར་ཡོད་ལ། ང་ཚོའི་ཏང་གིས་སྔར་ནས་ད་བར་དུ“ཞིང་གསུམ”གྱི་གནད་དོན་ལ་མཐོང་ཆེན་གནང་གི་ཡོད། ང་ཚོས་འདས་ཟིན་པའི་གྲོང་གསེབ་ཀྱི་སྲིད་ཇུས་ལ་ཕྱིར་མིག་ཅིག་བལྟ་སྐབས། ཞིང་ལས་ལ་མཐོང་ཆེན་བྱེད་པའི་བསམ་གཞིག་བྱེད་ཡུལ་གཙོ་བོ་ནི་ཞིང་ལས་གོང་འཕེལ་གཏོང་བ་དང་། ཞིང་ལས་ལེགས་བསྡུས་ཞིབ་གཉེར་ཅན་གྱི་ཐོན་སྐྱེད་དུ་འགྱུར་བ། ཞིང་ལས་ཐོན་སྐྱེད་གྲུབ་ཆ་སྙོམས་སྒྲིག་བྱེད་རྒྱུ་བཅས་ཡིན་པས་དེ་དག་ཚང་མ་ནི་འབྲུ་རིགས་བདེ་འཇགས་དང་འབྲུ་རིགས་ཐོན་འཕར་ཡོང་བ་བྱེད་རྒྱུ་ཡིན། ཞིང་པར་མཐོང་ཆེན་བྱེད་པ་ནི་ཏང་དང་གཞི་རིམ་སྲ་བརྟན་ཡོང་ཆེད་ཀྱི་སྲིད་སྐྱོང་རྨང་གཞི་ཞིག་དང་། སྤྱི་ཚོགས་ཁྱོན་ཡོངས་ཀྱི་དུས་བབ་བརྟན་ལྷིང་ལ་སྲུང་སྐྱོང་། མི་དང་རང་བྱུང་ཁམས་ཞི་མཐུན་མཉམ་གནས་དང་། ཞི་མཐུན་གོང་འཕེལ་ཡོང་རྒྱུ་བཅས་ཀྱི་ཆེད་དུ་ཡིན། གྲོང་གསེབ་གོང་འཕེལ་གཏོང་དགོས་ལ། མ་དངུལ་དང་ལག་རྩལ། ཤེས་ལྡན་མི་སྣ། སྲིད་ཇུས་སོགས་ཡོད་དགོས་ཤིང་། དེ་དག་གིས་གྲོང་གསེབ་ཀྱི་འཛུགས་སྐྲུན་དང་གོང་འཕེལ་ཐད་ལ་གལ་འགངས་ཆེ་བ་ཞིག་ཡིན། ཡིན་ནའང་ཉེ་བའི་ལོ་ཁ་ཤས་རིང་། སྨྱུག་འཛིན་པས་རྟོག་ཞིབ་བྱེད་པའི་བརྒྱུད་རིམ་ནང་གྲོང་གསེབ་ཏུ་ཆེས་མཁོ་བ་ནི་དེ་ཁོ་ན་ཙམ་མ་ཡིན་པ་ཤེས་རྟོགས་བྱུང་།

        གཅིག་ནི་གྲོང་གསེབ་ཀྱི་ཐོན་ལས་དར་ཞིང་རྒྱས་པ་ཞིག་དགོས། སྔར་འབྲུ་རིགས་བདེ་འཇགས་དང་འབྲུ་རིགས་ཐོན་འཕར་གྱི་ཐོག་ནས་ཐོན་སྐྱེད་གོང་འཕེལ་ལ་སྣང་ཆེན་བྱེད་པ་ཡིན་མོད། ཚོགས་ཆེན་བཅུ་དགུ་པའི་སྙན་ཞུའི་ནང་ཐོན་ལས་དར་རྒྱས་གཏོང་དགོས་ཞེས་བསྟན་ཡོད། 《གོང་མའི་གསོ་དཔྱད་མདོ》ཡི་ནང“འབྲུ་རིགས་སྣ་ལྔས་གསོ་བ་དང་།---འབྲས་བུ་སྣ་ལྔས་ལུས་གསོར་སྨན། ཕྱུགས་རིགས་སྣ་ལྔས་ལུས་སྟོབས་རྒྱས། སྔོ་ཚལ་སྣ་ལྔས་ལྟོགས་ནད་སངས”ཞེས་འཁོད་ཡོད། འདི་རྣམས་ནི་མིའི་རིགས་ཀྱི་དུས་རྒྱུན་འཚོ་བར་མཁོ་བའི་བཟའ་བཅའ་ཤ་སྟག་ཡིན་ལ།---དེ་དག་ཚང་མ་ས་ནས་སྐྱེས་པ་ཤ་སྟག་ཡིན། ད་ལྟའི་གྲོང་གསེབ་ཏུ་ལོ་ཏོག་གི་ཐོན་ལས་གོང་འཕེལ་གཏོང་དགོས་ལ། བྱ་དང་། ཤ། འོ་མ།---ཕྱུགས་རིགས། མི་རིགས་ལག་ཤེས་བཟོ་ལས། ལས་སྣོན་ལས་རིགས། འགྲིམ་འགྲུལ། གསོག་ཉར་སོགས་ཀྱི་ཞབས་ཞུའི་ལས་རིགས་ཀྱི་ཐོན་ལས་གསར་པ་དང་། ལས་རྣམ་གསར་པ་ཡང་གོང་འཕེལ་དར་རྒྱས་སུ་བཏང་ནས། ཐོན་ལས་དང་པོ་དང་གཉིས་པ། གསུམ་པ་བཅས་མཉམ་དུ་གོང་འཕེལ་བཏང་ནས་ཡོང་འབབ་གྱ་ནོམ་པ་ཐོབ་པ་བྱེད་དགོས།

        གཉིས་ནི་གྲོང་གསེབ་ཀྱི་འབྱུང་ཁམས་གནས་འཕྲོད་འཚམ་པ་ཞིག་དགོས། སྔར་ཡིན་ན་གྲོང་ཚོ་གཙང་ཞིང་གྲ་འགྲིག་པོ་དགོས་ཞེས་གླེང་ནས།---གཙང་ཞིང་གྲ་འགྲིག་པོ་ཞིག་བྱུང་ན་འཐུས་ཤིང་། གད་སྙིགས་གང་སར་མི་གཡུག་པ་དང་། ཆུ་སྙིགས་གང་སར་གཏོང་མི་ཆོག--ཏང་གི་ཚོགས་ཆེན་བཅུ་དགུ་པའི་ནང་འབྱུང་ཁམས་གནས་འཕྲོད་ཞེས་པ་བཏོན་གནང་ཡོད། མིག་སྔར་གྲོང་གསེབ་ཀྱི་གནས་འཕྲོད་དང་འཚམ་པའི་འཛུགས་སྐྱོང་བྱེད་རྒྱུ་ནི་གཞི་རྩའི་ཐོག་གཅིག་གྱུར་འཆར་བཀོད་ཡོད་པ་དང་། དཔེ་དབྱིབས་གཅིག་གྱུར་དང་ཐོག་བརྩེགས་གཅིག་གྱུར། ཚོས་མདོག་གཅིག་གྱུར་བཅས་བྱེད་རྒྱུ་དེ་རེད། དོན་དངོས་ཐོག་གྲོང་གསེབ་ཏུ་གྲོང་སྡེ་ཆགས་སྟངས་མི་འདྲ་བ་དང་། སྡོད་ཁང་སྒོ་ར་རྒྱ་ཆེ་བ། མཁའ་རླུང་གཙང་བ། ཁོར་ཡུག་མཛེས་པ། རི་སྔོ་ཞིང་ཆུ་དྭངས་བ། ལྷིང་འཇགས་ཁོད་ཡངས་པ། ས་རྒྱུ་གཤིན་པ། ར་ལུག་རི་ཀླུང་ཀུན་ཏུ་ཁྱབ་པ། མི་དང་རང་བྱུང་ཁམས་མཉམ་ཏུ་འདྲེས་པ། ཁང་པའི་རྒྱབ་མདུན་དུ་རང་ཉིད་ཀྱི་ཚལ་ཞིང་དང་། བྱ་ཚང་། བ་ཚང་། རྟ་ར་སོགས་ཡོད་པ། འབྱུང་འཕྲོད་དང་སྦགས་བཙོག་མེད་པའི་ཞིང་པའི་དུད་ཚང་གི་ལྟོ་བཟའ་རྒྱུ་ཡོད་པ་བཅས་ནི་གྲོང་ཁྱེར་ནང་དུ་མེད་པའི་ཐོན་ཁུངས་དཀོན་པོ་ཤ་སྟག་རེད་ལ། གྲོང་ཁྱེར་གྱི་མིས་རྟག་ཏུ་རེ་འདོད་བྱེད་པའི་འཚོ་བའི་ཁོར་ཡུག་ཅིག་ཀྱང་རེད།

        གསུམ་ནི་གྲོང་གསེབ་ཀྱི་ཡུལ་སྲོལ་ཡ་རབས་ཚུལ་ལྡན་ཞིག་དགོས། ཏང་གི་སྐབས་བཅུ་དྲུག་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པའི་ཐོག“ཡུལ་སྲོལ་ཡ་རབས་ཚུལ་ལྡན”དགོས་ཞེས་བཏོན་ནས་ད་བར་ལོ་ངོ་12ཏག་ཏག་སོང་ཟིན། འོན་ཀྱང་ཏང་གི་ཚོགས་ཆེན་བཅུ་དགུ་པའི་ཐོག་དེའི་སྐོར་ཚིག་གཅིག་ཀྱང་གླེང་མེད། གྲོང་གསེབ་ནི་ཀྲུང་ཧྭ་མི་རིགས་ཀྱི་རིག་གནས་ཀྱི་འབྱུང་ཁུངས་ཤིག་ཡིན་པ་ལྟར། གནའ་སྔ་མོ་ནས་བཟུང་། ཀྲུང་གོར“རྨོ་སློབ་མི་རབས་བརྒྱུད་སྤྲོད”བྱེད་པའི་སྲོལ་རྒྱུན་ལྡན་ཡོད་པས། “རྨོ”ནི་ཞིང་འདེབས་པར་གོ་བ་དང་། དེ་ལ་བརྟེན་ནས་འཚོ་བའི་དགོས་མཁོ་སྐོང་བ་དང་སྦྲགས་ས་གཞི་ཆེན་པོའི་དཔལ་ཡོན་ལ་མྱོང་རོལ་བྱེད་དང་འདྲ། “སློབ”ནི་སློབ་སྦྱོང་གི་དོན་ཡིན་ཏེ། གནའ་མིའི་བློ་གྲོས་ལ་སློབ་སྦྱོང་བྱེད་པ་བརྒྱུད། འཚོ་བའི་གནས་ལུགས་ཁག་ཉམས་ལེན་བྱས་ཏེ་རིག་གནས་རྒྱུན་འཛིན་བྱེད་ཀྱི་ཡོད། རྨོ་སློབ་དོན་དུ་གཉེར་ན་གཞི་ནས་མི་རབས་ནས་མི་རབས་བར་བརྒྱུད་སྤྲོད་ཐུབ་ཅིང་། ཁྱིམ་ཚང་དེ་ལྟ་བུས་གཞི་ནས་རྒྱུན་བསྲིང་ཐུབ་པ་དང་། ནམ་ཡང་མི་ཉམས་པ་ཞིག་ཀྱང་ཡོང་ཐུབ། འོན་ཏེ་དེང་སང་ནང་སྟོང་གྲོང་ཚོ་དང་། མི་མེད་གྲོང་ཚོ། བུད་མེད་དང་ཕྲུ་གུ་རྒན་འཁོགས་གྲོང་ཚོ་སོགས་ཡོད་སྟབས། ཁྱིམ་མཚེས་དབར་ལ་ཕན་ཚུན་ཆ་རྒྱུས་མེད་པ་དང་། ཕན་ཚུན་སེམས་ཁུར་མི་བྱེད་པ། ཁྱིམ་ཚང་གི་དྲག་གཅོད་དང་རྒན་འཁོགས་དང་ཕྲུ་གུ་དམར་འབྱར། དབང་སྐྱོན་བཅས་སྐྱུར་བ་སོགས་ཀྱི་ཚུལ་མིན་བྱ་སྤྱོད་ད་དུང་ལྷག་མུད་ཡིན། རྒྱུ་རྐྱེན་གཙོ་བོ་ནི་གྲོང་གསེབ་ཀྱི་ན་གཞོན་དར་མ་ཕོན་ཆེ་བ་གྲོང་ཁྱེར་དུ་ཨར་པོ་རྒྱུགས་པར་ཕྱིན་རྗེས་སླར་གྲོང་གསེབ་ཏུ་མི་ལོག་པའི་ལུགས་སྲོལ་ཞིག་ཆགས་ཤིང་། “ཞིང་པའི་མི་རབས་གཉིས་པ”གྲོང་ཁྱེར་ནང་སློབ་ཞུགས་དང་ལས་ཞུགས་བྱེད་པ། ཡུན་རིང་གྲོང་ཁྱེར་ནང་འཚོ་བ་སྐྱེལ་ནས་སྡོད་པ། གྲོང་གསེབ་ཏུ་ལོག་ཀྱང་འཚོ་བ་མི་གོམས་པ་དང་། སྟབས་མི་བདེ་བ་བཅས་ཀྱི“ཞིང་པའི་མི་རབས་གསུམ་པ”དང་གྲོང་གསེབ་དབར་གྱི་འབྲེལ་ཐག་ཆད་པའི་སྣང་ཚུལ་ཐོན་ཏེ། “ཞིང་པའི་མི་རབས་དང་པོ”དང“གཉིས་པ”ལས་ཀྱང་སྔར་བས་གྲོང་གསེབ་ཏུ་ལས་ཀ་བྱེད་པར་ལོག་འདོད་མེད་པའི་ལྡོག་མེད་ཀྱི་སྣང་ཚུལ་ཞིག་ལྷག་ཡོད། དེ་བཞིན་རིམ་ཁག་སྲིད་གཞུང་གི་ནུས་ཤུགས་གཙོ་བོ་རྨང་གཞིའི་སྒྲིག་བཀོད་ཅུང་ལེགས་པའི་གྲོང་ཚོར་སྐྱོན་འཚོལ་སྒྲོ་འདོགས་ཀྱི་ལས་དོན་སྤེལ་བ། གྲུབ་འབྲས་ཅུང་ལེགས་ཙམ་ཐོབ་པའི“ཞིང་པའི་མི་རབས་དང་པོ”དང་“ཞིང་པའི་མི་རབས་གཉིས་པ”ཤང་དེའི་སློབ་གྲྭ་ཆེ་མོ་བ། ཁེ་ལས་མཁས་པ། ལག་རྩལ་སྣ་གཅིག་ཡོད་པའི་ཆེད་ལས་ལག་རྩལ་མི་སྣ་བཅས་ཤང་དུ་ལོག་ནས་བྱ་གཞག་གསར་གཏོད་བྱེད་རྒྱུར་སྐུལ་ལྕག་གཏོང་བ་དང་། སྲིད་གཞུང་ནས་བྱ་གཞག་གསར་གཏོད་ཀྱི་ཆ་རྐྱེན་མཁོ་འདོན་དང་དམིགས་བཀར་གཟིགས་སྐྱོང་སྲིད་ཇུས་ཁག་གཏན་འཁེལ་བྱེད་དགོས།

        བཞི་ནི་གྲོང་གསེབ་ཀྱི་བཅོས་སྐྱོང་ནུས་པ་ལྡན་པ་ཞིག་དགོས། སྔར་དོ་དམ་དམངས་གཙོ་ལྡན་པ་དགོས་ཞེས་གླེང་མོད། ཏང་གི་ཚོགས་ཆེན་བཅུ་དགུ་པའི་སྙན་ཞུའི་ནང་“བཅོས་སྐྱོང་ནུས་ལྡན”ཡོང་བ་བྱེད་དགོས་ཞེས་གླེང་ཡོད། བཅོས་སྐྱོང་ཞེས་པ་ནི་སྤྱི་ཚོགས་ཡོངས་ཀྱི་རིམ་ཁག་ཚང་མ་མཉམ་དུ་ཞུགས་ནས་སྤྱི་ཚོགས་བཅོས་སྐྱོང་ལེགས་པོ་བྱེད་པ་ཞིག་ལ་ཟེར། མི་ཚང་མ་ལོངས་སུ་སྤྱོད་རྒྱུ་ཡོད་ཅིང་། གཙོ་གནད་འབུར་ཐོན་དང་། ལམ་ལུགས་འཐུས་ཚང་། སྔོན་དཔག་ཁྲིད་སྟོན་བཅས་ཡོང་རྒྱུར་རྒྱུན་འཁྱོངས་དེ་བས་ལྷག་པ་བྱས་ཏེ། གཞི་རིམ་བཅོས་སྐྱོང་ལ་ཚང་མ་མཉམ་ཞུགས་ཐུབ་པ་དང་། ཐུན་མོངས་མཉམ་གྲོས་ཡོང་རྒྱུར་འགན་སྲུང་བྱེད་དགོས་པ། ཐམས་ཅད་དྲང་བདེན་དང་གཞུང་དྲང་། ཡོངས་གྲགས་བཅས་ཀྱི་རྩ་དོན་རྒྱུན་འཁྱོངས་བྱས་ནས་མི་དམངས་མང་ཚོགས་ལ་ཐོབ་སྣང་དང་། སྐྱིད་སྣང་། བདེ་འཇགས་ཀྱི་ཚོར་སྣང་བཅས་ཐོབ་པ་བྱེད་དགོས།

        ལྔ་ནི་གྲོང་གསེབ་ཀྱི་འཚོ་བ་ལྟོ་གོས་འཛོམས་པ་ཞིག་དགོས། སྔར་ཡིན་ན་འཚོ་བ་ལྟོ་གོས་འཛོམས་པ་དགོས་ཞེས་གླེང་བ་དེ་ནི་ཁ་ངོམས་གྲོད་འགྲངས་ཙམ་དང་། ལག་ཐོག་ཏུ་དངུལ་སིལ་མ་ཙམ་ཡོད་ན་བློ་ཁ་ཁེངས་པ་ཞིག་ཡིན་མོད། ཏང་གི་ཚོགས་ཆེན་བཅུ་དགུ་པར་བཏོན་པའི“འཚོ་བའི་ལྟོ་གོས་འཛོམས་པ”ཞེས་པ་དེ་ནི་འཚོ་བའི་སྤུས་ཚད་ཐོག་རེ་བ་སྔར་བས་ཆེ་བ་བཅངས་ཡོད། ཏང་གི་སྐབས་བཅུ་དྲུག་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པའི་ཐོག་བཏོན་པའི“འཚོ་བའི་ལྟོ་གོས་འཛོམས་པ”ཞེས་པའི་དུས་སུ། རང་རྒྱལ་དེ་ཉིད་ལྟོ་འགྲངས་གོས་དྲོས་ཀྱི་གནད་དོན་ཐག་གཅོད་ཐུབ་ནས་ལོ་ངོ་5ལས་མ་སོང་བས། རང་རྒྱལ་གྲོང་གསེབ་ཀྱི་མི་རེའི་ཆ་སྙོམས་ཡོང་འབབ་དངུལ་སྒོར་3000ལྷག་ཙམ་ལས་ཟིན་མེད་མོད། འོན་ཏེ་2017ལོར་རང་རྒྱལ་གྲོང་གསེབ་ཀྱི་མི་རེའི་ཆ་སྙོམས་ཡོང་འབབ་དངུལ་སྒོར་20000ཟིན་གྱི་ཡོད་སྟབས།--གྲོང་གསེབ་ཁུལ་གྱི་འགྲོ་འདུག་བཟའ་གོས་བཅས་ལ་སྣང་དག་མེད་ལ། བཀོལ་སྤྱོད་ཡོང་འབབ་དང་ཉོ་སྒྲུབ་ནུས་ཤུགས་ལོ་རེ་བཞིན་འཕར་སྣོན་འགྲོ་བཞིན་ཡོད་པ་མ་ཟད། མཛེས་སྡུག་ལྡན་པའི་འཚོ་བའི་དགོས་མཁོའི་འཕེལ་རྒྱས་ལ་ཁ་ཕྱོགས་བཞིན་ཡོད།

        དྲུག་ནི་གྲོང་གསེབ་ཏུ་མི་དམངས་ལ་འགན་ཁུར་བའི་ལས་བྱེད་པ་ཞིག་དགོས།--ཁ་རྒྱུན་ནང“དཔོན་པོ་བྱས་ཀྱང་དམངས་འགན་མ་ཁུར་ན། ནང་དུ་ལོག་ནས་ཞོག་མངར་བཙོང་ན་དགའ”ཞེས་པ་ལྟར། གཞི་རིམ་ལས་བྱེད་པ་ནི་ཏང་དང་རྒྱལ་ཁབ་ཀྱི་ལམ་ཕྱོགས་དང་མཛད་ཕྱོགས་སྲིད་ཇུས་དོན་འཁྱོལ་བྱེད་སའི་འཐབ་ས་དང་པོའི་བཀོད་འདོམས་པ་ཞིག་ཡིན་པའི་ངོས་ནས་བཤད་ན། ཐོག་མར་ཞིང་ལས་ཤེས་པ་དང་། གྲོང་གསེབ་དང་ཞིང་པར་དགའ་ཞེན་ཡོད་པ། ཁོག་པ་ཡངས་བ། དགེ་སེམས་ལྡན་པ། བྱམས་སྐྱོང་ཤེས་པ་བཅས་ཀྱི་དཔུང་ཁག་ཅིག་ཡིན་དགོས་པ་དང་། དེ་ནས་མང་ཚོགས་དང་ཐད་ཀར་གདོང་ཐུག་བྱེད་ཕོད་པའི་འབྲེལ་གཏུག་མི་སྣ་ཞིག་ཡིན་དགོས། ཏང་དང་རྒྱལ་ཁབ་ཀྱི་གཟུགས་བརྙན་མཚོན་མི་དང་མགྲིན་ཚབ་པ་ཞིག་གི་ངོས་ནས་བརྗོད་ན།--ཐམས་ཅད་མི་དམངས་མང་ཚོགས་ཀྱི་ཆེད་དུ་ཡིན་པའི་བསམ་བློ་འཛུགས་དགོས་པས། མི་དམངས་ཀྱིས་བརྩི་བཀུར་ཞུ་མིན་དང་། མོས་མཐུན་ཡོད་མེད། ཡི་རངས་བྱེད་མིན། ཁས་ལེན་བྱེད་མིན་བཅས་ནི་གཞི་རིམ་གྱི་ལས་བྱེད་པ་ཡག་པོ་ཞིག་ཡིན་མིན་གྱི་ཚད་གཞི་འཛིན་ས་ཞིག་ཏུ་བརྩི་དགོས་ཤིང་། མི་དམངས་མང་ཚོགས་ཀྱི་རེ་འབོད་དེ་འཕྲིན་བརྡ་དང་པོ་ཞིག་ལ་བརྩི་བ། མི་དམངས་མང་ཚོགས་ཀྱི་བདེ་སྡུག་ཞུ་བ་དེ་རེ་བ་ཨང་དང་པོར་བཞག་པ་བཅས་བྱས་ནས། ལས་ཀ་འཕྲལ་དུ་སྒྲུབ་པའི་སྤྱོད་ཚུལ་ནམ་ཡང་བརྟན་པོར་ངེས་དགོས་པའི་འོས་འགན་ཞིག་ཏུ་བརྩིས་ཏེ་མི་དམངས་མང་ཚོགས་ཀྱི་སེམས་ཁུར་དང་། ཐད་ཀར། བདེ་རྩར་ཐུག་པའི་གནད་དོན་ཁག་ཐག་གཅོད་ལེགས་པོ་བྱས་ནས་མི་དམངས་མང་ཚོགས་ཀྱི་ཡིད་ཆེས་དང་གུས་བཀུར་ཐོབ་པ་བྱེད་དགོས། ཆབས་ཅིག་ཏུ་མི་དམངས་མང་ཚོགས་རྣམས་ཀྱི་འགོ་ཁྲིད་ནས་དཀའ་ངལ་མཐའ་དག་ཁྱད་བསད་དང་། འགན་ཁུར་བྱེད་ཕོད་པའི་སྙིང་སྟོབས་ཀྱི་གོ་ཆ་བཙན་པོས་དཔལ་འབྱོར་གོང་འཕེལ་དང་། མང་ཚོགས་འབབ་འཕར་ཡོང་བའི་ལམ་བུ་གསར་པ་འཚོལ་བསྙེགས་བྱེད་དགོས། དེ་བཞིན་གཞི་རིམ་གྱི་ལས་བྱེད་པས་མིག་མཐོང་ལག་འཛིན་དང་དོན་དམ་མྱོང་བརྒྱུད། གཤིབ་བདེ་གཞན་བསྟུན། སྤྱོད་ངན་ལ་རྡུང་རྡེག སྤྱོད་བཟང་འཛུགས་སྐྱོང་། དྲང་བདེན་གཞུང་དྲང་། རྒྱུ་རྔན་ཟས་ལེན་གྱི་གནས་ཚུལ་མེད་པ་བཅས་བྱེད་ཐུབ་ན། གཞི་ནས་དམངས་སེམས་འགུག་པ་དང་། ལས་བྱེད་མང་ཚོགས་དབར་གྱི་འབྲེལ་བ་འོ་ཆུ་ལྟར་འདྲེས་ཤིང་། ཕན་ཚུན་རྡོག་རྩ་གཅིག་སྒྲིལ་དང་། སྤུན་ཟླ་ལྟར་མཛའ་བརྩེ་ཆེ་བ་བཅས་ཡོང་ཐུབ་ལ། མི་སེམས་གཅིག་སྒྲིལ་དང་། ཡུལ་དེ་ཉིད་གོང་འཕེལ་དང་དུས་བདེ། སྤྱི་ཚོགས་དུས་བབ་ལྷིང་ཞིང་འཇགས་པ་བཅས་ཡོང་ཐུབ་པ་ཡིན། (རྩོམ་པ་པོ་ནི་རང་སྐྱོང་ལྗོངས་དམངས་སྲིད་ཐིང་གཞི་རིམ་སྲིད་དབང་དང་སྡེ་ཁུལ་འཛུགས་སྐྲུན་ཁྲུའུ་ཡི་ཁྲུའུ་ཀྲང་ཡིན)

གུང་ཐང་བསྟན་འཛིན་ནོར་བུས་བསྒྱུར།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1