མང་ཚོགས་ཀྱི་བློ་མགུ་བ་བྱེད་རྒྱུ་ནི་ལས་ཀའི་རྩ་བར་འཛིན་དགོས།

ཀོའོ་ཧྥེང་། རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 02-25


        སྲིད་དབང་འཛིན་ཞིང་ལས་དོན་བསྒྲུབ་པའི་“སྦྱངས་འབྲས་རེའུ་མིག”ལྟ་བུར་འགྱུར་བའི་སྲིད་སྐྱོང་བྱས་རྗེས་ནི། ལས་བྱེད་པ་གོ་གནས་སྤར་ནས་བློ་འགེལ་བྱེད་པའི“སྲ་ཆས”བཞིན་དུ་གྱུར་ཡོད་ལ། ཡང་དག་པའི་བྱས་རྗེས་ཀྱི་ལྟ་བ་འཛུགས་རྒྱུ་དེར་ལས་བྱེད་པས་སྲིད་གཉེར་དང་སྲིད་སྐྱོང་ཇི་ལྟར་བྱེད་དགོས་མིན་གྱི་ཕྱོགས་སྟོན་གྱི་ནུས་པ་ཆེན་པོ་ལྡན་པ་དང་ཆབས་ཅིག དེ་ནི་འགོ་ཁྲིད་ལས་བྱེད་པས་སྲིད་སྐྱོང་བྱེད་སྐབས་མི་ཚེའི་ལྟ་བ་དང་། རིན་ཐང་གི་ལྟ་བ། འཇིན་རྟེན་གྱི་ལྟ་བ་བཅས་པའི་ཞིབ་ཕྲའི་མངོན་ཚུལ་ཞིག་རེད།

        “མི་དམངས་ཀྱི་བདེ་སྐྱིད་འཚོ་བའི་རེ་འདུན་ནི་ང་ཚོས་འབད་བརྩོན་བྱེད་པའི་དམིགས་ཡུལ་ཡིན”-སྟབས། -“སེམས་ལ་མི་དམངས་བཅངས”པའི་སྲིད་སྐྱོང་བྱས་རྗེས་ཀྱི་ལྟ་བ་དེ་ནི་མི་དམངས་ཚོའི་རེ་སྒུག་དང་མཐུན་གྱི་ཡོད་ལ། ཏང་གི་ལས་དོན་ལ་ལྷག་བསམ་རྣམ་དག་བྱས་པ་ཞིག་ཀྱང་ཡིན། མི་དམངས་མང་ཚོགས་ཀྱིས་ཁས་ལེན་པ་ཡིན་ན་ད་གཟོད་ལས་དོན་བསྒྲུབ་པ་དང་གསར་གཏོད་བྱས་པ་དེ་ཉིད“མང་ཚོགས་དང་འབྲེལ་བ”ཞིག་ཡིན་པ་མ་ཟད། དེ་བས་ཏང་དང་དམངས་དབར་ལ་མཛའ་མཐུན་ཡོང་ངེས་ཡིན། “འཕེལ་རྒྱས་ཀྱི་དོན་ཆེན་ཐོག་དམ་འཛིན་བྱེད་ལ། དམངས་འཚོ་ཡི་ལེགས་བཅོས་ལའང་མཐོང་ཆེན་བྱེད་པ་དང་། མཐོ་བའི་ཐོག་ཁང་དགོས་ལ། ལམ་ངོགས་སྲང་ལམ་ཡང་དགོས་པ། གོང་རིམ་གྱི་གདེང་འཇོག་ཐོབ་ལ། མང་ཚོགས་ཀྱི་མོས་གུས་ཀྱང་ཡོད”པའི་སྲིད་སྐྱོང་གི་བྱས་རྗེས་དེ་ཉིད་ཡོད་ཚེ། ད་གཟོད་མི་དམངས་ཀྱིས་དངོས་གནས་དྲང་གནས་ཁེ་ཕན་བྱུང་ཚོར་མྱོང་ཐུབ་ཁར། སྙིང་ཁོང་ནས་བསྟོད་བསྔགས་གཏོང་ངེས་ལགས།

        ཡིན་ལུགས་ཚུལ་ལྡན་ནི་ཆེས་སླ་བའི་དོན་ཞིག་རེད་ལ་ཆེས་དཀའ་བའི་ལས་ཀྱང་རེད། མང་ཚོགས་ཀྱི“སྒོ་ཁའི་དོན་དག་ཙག་ཙིག”དེ་དག་ཆུང་དྲགས་ནས་འགོ་ཁྲིད་ཀྱིས་མི་མཐོང་ལ། ད་དུང་བརྙན་འཕྲིན་དང་ཚགས་པར་སྟེང་དུ་འགོད་རིན་མེད། འོན་ཀྱང་དེ་ཚོས་མང་ཚོགས་ལ་ཕན་པ་དངོས་སུ་ཐོབ་ནས། སྙིང་ཁོང་ནས་ཁྱེད་ཀྱིས་དོན་དངོས་དང་ལས་བཟང་བྱས་པའི་ཚོར་སྣང་ཡོང་ངེས།

        འགོ་ཁྲིད་དཔུང་ཁག་གིས“མང་ཚོགས་ཀྱི་སྒོ་ཁའི་དོན་ཆེས་སླ་པོ་དེ་རྣམས་ལེགས་པར་བསྒྲུབ་རྒྱུ”ཉིན་མོར་ཟླ་བ་མཐུད་པ་དང་། ཟླ་བར་ལོ་མཐུད་དེ་བྱེད་ཐུབ་ན་དེ་ནི་ཧ་ལས་དགོས་པའི་གྲུབ་འབྲས་ཞིག་རེད། བྱ་བ་གང་ཞིག་ཡིན་རུང་ཆུང་ས་ནས་འགོ་བཙུགས་ཏེ་རེ་རེ་བཞིན་ནན་ཏན་ངང་ལེགས་པར་བསྒྲུབས་ན། ཐིགས་པ་བསག་པའི་རྒྱ་མཚོ་བཞིན་ད་གཟོད་བྱ་གཞག་རླབས་པོ་ཆེ་འགྱུར་ངེས། ལེ་ཉིན་གྱིས“བྱ་གཞག་རླབས་ཆེན་ཞིག་བསྒྲུབ་པར་ངེས་པར་དུ་དོན་ཆུང་ནས་འགོ་འཛུགས་དགོས”ཞེས་གསུངས། ང་ཚོས་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་འཛུགས་སྐྱོང་བྱེད་པའི་དམིགས་ཡུལ་ནི་རླབས་ཆེན་ཞིག་ཡིན་པས། རླབས་ཆེན་གྱི་དམིགས་ཡུལ་དེ་ཉིད་མངོན་འགྱུར་ཐུབ་པ་བྱས་ཏེ། མི་དམངས་མང་ཚོགས་ལ“ཐོབ་ཚོར”གང་མང་སྤྲོད་པར“ལས་སླ་ས”ནས་འགོ་བཙུགས་ཏེ། མང་ཚོགས་ཀྱི་སྒོ་འགྲམ་གྱི་ལས་ཀ་རྣམས་ལེགས་པར་བསྒྲུབ་དགོས།

        “མཐོ་ཆེ་ལེགས་གསུམ”ལྟར་སྣང་བའི་སྲིད་སྐྱོང་གི་བྱས་རྗེས་ཀྱིས་མི་རྣམས་ལ་རྟག་ཏུ་ཁྲ་ཆིལ་རྒུ་ཆིལ་དང་ཕྱི་མཛེས་ནང་སྟོང་གི་ཚོར་སྣང་སྦྱིན་སྟབས། “ཕྱི་མཛེས་ནང་རུལ”ཕན་མེད་དེ་དག་ལ་མང་ཚོགས་རྣམས་ཞེ་འགྲས་ཀྱི་ཡོད། གང་ཡིན་ཞེ་ན་དཔོན་རིགས་དེ་ཚོའི་ཐོག་མའི་དམིགས་ཡུལ་དེ་མང་ཚོགས་ལ་ཁེ་ཕན་སྐྲུན་ཆེད་དུ་མ་ཡིན་པར། ཉིན་ལྟར་རང་ཉིད་ཀྱི་ལོ་རྒྱུས་ལ་ཡང་རྩེའི་ཐོག་ལ་ཡ་སྒྲོན་ཇི་ལྟར་རྒྱག་རྒྱུ་ཁོ་ན་བསམ་གྱི་ཡོད། ཁོ་ཚོའི་མིག་ནི་གོང་རིམ་ལ་ཅེར་བལྟ་བྱེད་པ་ལས་གཞི་རིམ་བརྗེད་དེ། ཐོན་ཁུངས་འབོར་ཆེན་འཕྲོ་བརླག་ཏུ་གཏོང་བའི་ངོ་སྲུང་ལས་གྲྭ་ཇི་སྙེད་ཅིག་འགོ་བཙུགས་ཀྱང་། དོན་དངོས་དམངས་འཚོ་ལེགས་བཅོས་ཐད་ཀྱི་རྨང་གཞིའི་རྣམ་གྲངས་དག་ནི་ཕན་འབྲས་ཐོན་འགོར་བར་ཁ་གཡར་ཏེ་མཚམས་འཇོག་བྱས་ཡོད་པ་རེད།

        མང་ཚོགས་ཀྱིས་ཤན་འབྱེད་དྲང་པོ་དྲང་གཞག་ཅིག་བྱེད་དེ། “ཆེ་འདོད་གྲགས་འདོད”ཅན་རྣམས་ཀྱིས་དཔོན་གནས་ཁོར་ཡུག་གི་ཆོས་ཉིད་ཤེས་རློམ་བྱེད་པ་དེ་ཉིད་གནས་སྐབས་གོ་གནས་འཕར་ཐུབ་ཀྱང་ཕྱི་ཐག་མི་རིང་ཞིང་། ལས་འགན་ཁུར་ཡུན་རྫོགས་འཕྲལ་རྐུབ་བརྡབ་སྟེ་འགྲོ་དགོས་བསམ་གྱི་ཡོད། འོན་ཀྱང་སྐབས་དེར་ལུས་པའི་རྒྱ་འུབས་མི་འདུས་པ་དེ་དག་ནི་ལས་ཀ་དངོས་སུ་མ་བྱས་པའི་དཔང་རྟགས་ཁུངས་བཙན་ཞིག་ཡིན་པས་མང་ཚོགས་ཀྱིས་ཤན་འབྱེད་ཐུབ་ནས་གནས་དབྱུང་གཏོང་ངེས། མི་དམངས་མང་ཚོགས་ཀྱི་ཁེ་ཕན་དང་སྦྲེལ་བའི་ལས་ཀ་དྲང་པོ་དྲང་གཞག་ངང་བྱེད་པ་དེ་མ་གཞི་སྐྱེས་དངོས་སྦྲང་ཆར་ཟིལ་མས་རླན་པ་ལྟར་མངོན་གསལ་མེད་ཀྱང་། དུས་ཚོད་དང་ལག་ལེན་གྱི་ཚོད་བགམ་ཐེགས་ཐུབ་པ་མ་ཟད། ནམ་ཡང་མང་ཚོགས་ཀྱི་ཁྲོད་རྩ་བ་བརྟན་པོར་ཚུགས་ཐུབ་ངེས་རེད།

        མང་ཚོགས་ཀྱི་བློ་མགུ་བ་བྱེད་རྒྱུ་ནི་ལས་དོན་ཚང་མའི་ཚད་གཞི་མཐོ་ཤོས་ཡིན་ཏེ། མང་ཚོགས་ཀྱིས་རེ་སྒུག་བྱེད་པའི་སྲིད་སྐྱོང་གི་བྱས་རྗེས་ནི་ལས་དོན་མཐའ་དག་མང་ཚོགས་ཀྱི་ཁྲོད་དུ་གནས་ཐུབ་ཅིང་། ཚང་མ་མང་ཚོགས་དང་འབྲེལ་འདྲིས་ཆེ་བ་དེ་ཡིན། གསེར་དང་དངུལ་གྱི་དཔེ་བཟང་བྱ་དགའ་གང་གིས་ཀྱང་མང་ཚོགས་ཀྱི་བསྟོད་བསྔགས་ལ་འགྲན་མི་ཐུབ་ལ། ཏང་ཡོན་འགོ་ཁྲིད་ལས་བྱེད་པ་རྣམས་ཀྱི་དབང་ཆ་ཡང་མི་དམངས་ཀྱིས་སྤྲད་པ་ཞིག་ཡིན་སྟབས། དེ་ཉིད་བློ་གཅིག་སེམས་གཅིག་གིས་མི་དམངས་ལ་ཞབས་འདེགས་ཞུ་བའི་བྱ་གཞག་ཐོག་སྤྱོད་དགོས་པ་ཨ་ཅང་བརྗོད་མེད་ཡིན་ཞིང་། ཏང་ཡོན་ལས་བྱེད་པས་བཞག་པའི་བྱས་རྗེས་ལ་མང་ཚོགས་ཀྱིས་ཁས་ལེན་པ་ལས་ལྷག་པའི་གོ་སྐོན་བློ་འགུག་གི་ནུས་པ་གཞན་ཅང་མ་མཆིས་སོ།

        (རྩོམ་པ་པོའི་འབྲེལ་གནས། པེ་ཅིང་གྲོང་ཁྱེར་ཁྲོའོ་ཡང་ཁུལ་གྱི100102ཡིག་སྒམ་དང་ཨང་རྟགས87པའི་ཀྲུང་གོའི་གྲོང་ཁྱེར་དཔལ་འབྱོར་རིག་གནས་ཞིབ་འཇུག་ལྟེ་གནས)

བཀྲ་ཕུན་གྱིས་བསྒྱུར།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1