དད་སེམས་དང་ཡིད་ཆེས་ཀྱིས་བརྗིད་ཆེ་བའི་སྟོབས་ཤུགས་སྐྱེད་པ།

རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 02-25


        སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་དྲུག་པའི་ཐོག“ས་མཐོར་ལས་དོན་སྤེལ་བར་དཀོན་ཤོས་ནི་གསོ་རླུང་ཡིན་པ་དང་རྩ་ཆེ་ཤོས་ནི་སྙིང་སྟོབས་རེད”ཅེས་གསུངས་ཡོད། སྙིང་སྟོབས་ནི་འདུ་ཤེས་འཛིན་སྟངས་ཀྱི་ཕྱི་ཚུལ་ཞིག་ཡིན་ལ། སྐྱེ་བོ་ཞིག་གིས་བྱ་གཞག་ལ་བརྩོན་འགྲུས་སྐྱེད་པའི་སེམས་གཏིང་གི་སྒུལ་ཤུགས་ཤིག་ཀྱང་ཡིན་པར་བརྟེན། དེས་སྙིང་སྟོབས་ཀྱི་ཡུལ་ཁམས་དང་། སྙིང་སྟོབས་ཀྱི་སྲོག་ཤིང་། སྙིང་སྟོབས་ཀྱི་སྟོབས་ཤུགས་བཅས་མངོན་བཞིན་ཡོད། བོད་སྐྱོར་ལས་བྱེད་པས་ངེས་པར་དུ་སྙིང་སྟོབས་ཀྱི་རྟེན་གཞི་དེ་ཉིད་བརྟན་པོར་སྲུང་ནས། ཏང་དང་མི་དམངས་ཀྱིས་ཡིད་ཆེད་པའི་ལས་བྱེད་པ་ལེགས་པོ་ཞིག་བྱེད་རྒྱུར་འབད་བརྩོན་བྱེད་དགོས།

        ས་གནོན་གནམ་ཐེག་དང་འགན་འཁུར་ཕོད་པའི་སྙིང་སྟོབས་བླ་ན་མེད་པ་ལྡན་དགོས། བོད་ཀྱི་དམིགས་བསལ་ས་བབ་གནས་ཚུལ་གྱིས་ལས་བྱེད་པར་རེ་བ་དེ་བས་ནན་པ་དང་ཚད་གཞི་དེ་བས་མཐོ་བ་བཏོན་ཡོད་དེ། བོད་སྐྱོར་ལས་བྱེད་པས་ངེས་པར་དུ“འདུ་ཤེས་བཞི”དམ་པོར་སྲུང་དགོས་པ་དང་། ས་གནོན་གནམ་ཐེག་གི་དཔའ་སྟོབས་དང་། ཞུམ་མེད་མདུན་སྐྱོད་ཀྱི་བློ་སྟོབས། སྤོབས་ཉམས་ཆེ་བའི་ཀུན་སྤྱོད། ལས་དོན་དངོས་གྲུབ་པ་བཅས་བྱས་ཐོག ཇུས་གཞི་བཀོད་དེ་བློ་བརྟན་འགྱུར་མེད་ཀྱིས་ཡར་རྒྱས་བརྩོན་ལེན་བྱེད་དགོས་པ་དང་། བོད་ཀྱི་འཕེལ་རྒྱས་དང་མཐུན་པའི་བྱེད་ཐབས་སྤྱད་དེ་ནུས་ལྡན་ངང“སྣེ་ཁྲིད”དང“སྲོག་ཤིང”གི་ནུས་པ་ཐོན་ཐུབ་པ་བྱེད་དགོས། དེ་དང་དུས་མཚུངས། སྡུག་བསྲན་ཁྱད་པར་ཐེག་པ་དང་། དམག་འཐབ་ཁྱད་པར་འཇོན་པ། བཟོད་བསྲན་ཁྱད་པར་ཐུབ་པ། མཐུན་སྒྲིལ་ཁྱད་པར་ཐུབ་པ། ལེགས་སྐྱེས་ཁྱད་པར་འབུལ་བའི“བོད་སྐྱོད་པ་རྒན་གྲས་ཀྱི་སྙིང་སྟོབས”དར་སྤེལ་ཤུགས་ཆེན་གཏོང་དགོས་པ་མ་ཟད། རྒྱུན་ཆད་མེད་པར་སྙིང་སྟོབས་དེ་ཉིད་ཀྱི་ཁྲོད་དུ་དུས་རབས་གསར་པའི་ནང་དོན་གང་མང་འཇུག་དགོས།

        སྒེར་སེམས་མེད་པའི་ལེགས་སྐྱེས་འབུལ་བ་དང་ལུས་སྲོག་བློས་གཏོང་གི་བློ་རྒྱ་ཡངས་ཤིང་ཆེ་བ་ཡོད་དགོས།--བོད་ལ“འཛམ་གླིང་གི་ཡང་རྩེ”ཞེས་གང་སར་གྲགས་ཤིང་།--ཆ་སྙོམས་ཀྱི་མཐོ་ཚད་ནི་རྒྱ་མཚོའི་ངོས་ལས་སྨི་4000ལྷག་ཙམ་ཡོད་པས། བོད་སྐྱོར་ལས་བྱེད་པ་རྣམས་བོད་དུ་གནམ་གཤིས་མི་འཕྲོས་པ་དང་། སྐད་བརྡ་མི་འཕྲོས་པ། གནས་ཚུལ་རྙོག་འཛིང་ཆེ་བ་སོགས་ཀྱི་བསམ་ཡུལ་ལས་འདས་པའི་དཀའ་ངལ་དང་ཚོད་བགམ་ཇི་སྙེད་ཅིག་འཕྲད་སྲིད།--ས་གནས་འདི་གར་ས་མཐོའི་ལ་དུག་ནི་གཟུགས་དང་གྲིབ་མ་བཞིན་དུ་འགྲོགས་ལ། ཆམ་པ་ཕྲན་ཙམ་ཕོག་ཀྱང་གློ་བར་ཆུ་བསགས་ཉེན་ཡོད་ཅིང་། ཐ་ན་སྲོག་ཉེན་ཡང་ཤིན་ཏུ་ཆེ། ལྷག་པར་དུ་གྲོང་གསེབ་ཏུ་ལས་དོན་སྒྲུབ་པར་བསྐྱོད་དུས། གློ་བུར་དུ་གངས་རྡིབ་དང་། ས་རུད་པ། རི་ཉིལ་བ་སོགས་ཀྱི་རང་བྱུང་གནོད་འཚེ་སྣ་ཚོགས་དང་འཕྲད་སྲིད། དཀའ་ངལ་མང་པོ་དེ་དག་འཕྲད་དུས་བོད་སྐྱོར་ལས་བྱེད་པས་ངེས་པར་དུ“གསོ་རླུང་དཀོན་ཡང་སྙིང་སྟོབས་མི་ཉམ་པ་དང་། དཀའ་ངལ་ཆེ་ཡང་དཀའ་སྡུག་ལ་མི་སྐྲག”པའི་སྙིང་སྟོབས་དེ་ཉིད་རྒྱུན་འཛིན་དང་གོང་འཕེལ་བཏང་ནས།--སྙིང་རུས་སྦྱོང་བརྡར་དང་ཉམས་སད་ཐེག་ཐུབ་པ་བྱེད་དགོས། དོན་དངོས་ཀྱིས་ར་སྤྲོད་བྱུང་བར། བོད་སྐྱོར་ལས་བྱེད་པ་ཚང་མས་ཀུན་ལ་དོ་ཁུར་དང་རང་དོན་བརྒྱབ་སྐྱུར་གྱིས་ནང་རྒྱལ་བརྩེ་སེམས་དང་ཀུན་སྤྱོད་བསམ་ཚུལ་ཁུར་ནས། བོད་ཀྱི་དཔལ་འབྱོར་སྤྱི་ཚོགས་ཀྱི་ཡུན་རིང་གོང་འཕེལ་དང་ཡུན་རིང་བདེ་འཁོད་ལ་ལེགས་སྐྱེས་འབུལ་དགོས།

        རྒྱུན་འཁྱོངས་ལྷོད་མེད་དང་སྙིང་རུས་བརྟན་འཁྱོངས་བྱེད་པའི་བཟོད་བསྲན་ཆེན་པོ་དགོས། བོད་སྐྱོར་ལས་དོན་ལེགས་པོ་གྲུབ་པར་རྒྱུན་འཁྱོངས་ལྷོད་མེད་དང་སྙིང་རུས་བརྟན་འཁྱོངས་ལ་བརྟེན་དགོས་ཏེ། འབད་འབུངས་ལྷོད་མེད་བྱེད་དགོས། དེ་ལྟར་བྱས་ཚེ་གཞི་ནས་བོད་སྐྱོར་ལས་དོན་ལ་གྲུབ་འབྲས་བཟང་པོ་ཐོབ་སྲིད། བོད་སྐྱོར་ལས་བྱེད་པ་ཞིག་ལ་ཆ་མཚོན་ན། ནན་ཏན་ངང“བོད་སྐྱོང་འཐབ་ཇུས”སྲུང་བ་དང་། སྔ་ཕྱི་བར་གསུམ་དུ་ལས་འགན་མཆོག་འགྱུར་སེམས་ནང་དམ་པོར་བཅངས་ནས། སྲ་བརྟན་གྱི་འདུ་ཤེས་དང་། དཔའ་ངར་ཞུམ་མེད་ཀྱི་བློ་སྟོབས། སྤྲོ་སེམས་འཁོལ་པོ། སྤྱོད་ཚུལ་ཏན་ཏིག་བཅས་ཀྱི་ཐོག་ནས་ལས་དོན་སྤེལ་ཏེ། བོད་ཀྱི་གོང་འཕེལ་དང་། བརྟན་ལྷིང་། གཞི་མཐུན་གྱི་སྤྱི་ཚོགས་འཛུགས་པའི་ཆེད་དུ་རང་གི་སྟོབས་ཤུགས་ལེགས་སྐྱེས་སུ་འབུལ་དགོས་ལ། བོད་སྐྱོར་བྱ་ཡུལ་གྱི་དཔལ་འབྱོར་གོང་འཕེལ་དང་སྤྱི་ཚོགས་བརྟན་ལྷིང་ལ་རྨང་གཞི་ལེགས་པོ་ཞིག་འདིང་དགོས་པ་དང་། མི་དམངས་ཀྱི་ཁེ་ཕན་གཙོ་བོར་འཛིན་རྒྱུ་མཐའ་འཁྱོངས་དང་། དམངས་འཚོར་ཚད་མཐོའི་མཐོང་ཆེན་བྱས་པ། མང་ཚོགས་ལ་གང་དགོས་མིན་དང་མང་ཚོགས་ཀྱིས་གང་བསམ་མིན་རྩད་གཅོད་བྱེད་པ། རང་ནུས་ཡོད་རྒུས་དམངས་ལ་ཕན་པ་སྐྲུན་པ་དང་། ཚད་མཐོ་ཤོས་ངང་བོད་ཀྱི་མི་རིགས་ཁག་གི་མི་དམངས་ཀྱི་བདེ་སྐྱིད་མྱོང་ཚོར་དང་འདོད་བློའི་མྱོང་ཚོར་ཤུགས་ཆེ་རུ་གཏོང་དགོས།

        གསར་འབྱེད་མདུན་སྐྱོད་ཀྱི་བློ་སྟོབས་ཡོད་པ་བྱེད་དགོས། བོད་སྐྱོར་ལས་བྱེད་པས་ཁོར་ཡུག་གསར་པ་དང་། ལས་གནས་གསར་པ། ལས་འགན་གསར་པའི་ཐོག་སློབ་སྦྱོང་ལ་དམ་འཛིན་བྱེད་རྒྱུ་ནི་གལ་འགངས་ཆེན་པོ་ཡིན།--བོད་སྐྱོར་ལས་བྱེད་པས་བོད་སྐྱོར་ཐད་ཀྱི་བྱེད་ཕྱོགས་དང་སྲིད་ཇུས་སློབ་སྦྱོང་ཡག་པོ་བྱེད་དགོས་ལ། མི་རིགས་ཆོས་ལུགས་ལས་དོན་ཐད་ཀྱི་སྲིད་ཇུས་ཁྲིམས་ལུགས་ཀྱང་སློབ་སྦྱོང་ཡག་པོ་བྱེད་དགོས་པ་དང་། དམངས་སྲོལ་དམངས་དོན་ཐད་ཀྱི་ཤེས་བྱ་སློབ་སྦྱོང་བྱེད་དགོས་ལ། འདི་གའི་མང་ཚོགས་ཀྱི་ཕུལ་བྱུང་གཤིས་སྤྱོད་ལའང་སློབ་སྦྱོང་བཅས་བྱས་ཏེ། ནུས་ཤུགས་ཡོད་རྒུས་མཐོང་རྒྱ་ཆེ་རུ་གཏོང་བ་དང་གནས་བབ་མཐོ་རུ་གཏོང་རྒྱུ་དེ་ནི་བོད་སྐྱོར་ལས་དོན་ཡག་པོ་སྤེལ་རྒྱུའི་སྔོན་འགྲོའི་ཆ་རྐྱེན་ཡིན། རང་འགུལ་ངང་ཟམ་པ་དང་སྒྲོག་ཐག་ལྟ་བུའི་ནུས་པ་འདོན་དགོས་ཤིང་། དུས་ཐོག་ཏུ་ཉམས་མྱོང་དང་བྱ་ཐབས་ཕྱོགས་བསྡོམས་བྱེད་པ་དང་། སྔོན་ཐོན་མིག་དཔེར་སློབ་སྦྱོང་བྱེད་རྒྱུ་དྲིལ་བསྒྲགས། བོད་སྐྱོར་ལས་དོན་གྱི་བསམ་ཕྱོགས་གསར་གཏོད། གལ་ཆེའི་ཁྱབ་ཁོངས་རྒྱ་ཆེ་རུ་གཏོང་བ་བཅས་བྱས་ཏེ། རང་ཉིད་ཀྱི་གཟུགས་བརྙན་བཟང་པོ་ཞིག་གཏོད་དགོས་ལ། དེ་བས་འབད་འཐབ་བྱེད་ཕོད་པ། གསར་གཏོད་བྱེད་ཕོད་པ། སྙིང་སྟོབས་ཆེར་སྐྱེད། ནམ་ཡང་ལྷོད་གཡེང་མེད་པ། བཟོད་བསྲན་བྱེད་མཁས་པ། དཀའ་གནད་ཐག་གཅོད་ཐུབ་པ་བཅས་བྱེད་དགོས།

        “བྱ་སྤྱོད་ནི་དུས་ནམ་ཡང་དཔང་རྟགས་ཡག་ཤོས་ཤིག་ཡིན” བོད་སྐྱོར་ལས་བྱེད་པས་རྩ་འཛུགས་ཀྱི་འབོད་སྐུལ་དང་ལེན་ཞུས་ཤིང་གངས་ལྗོངས་ས་མཐོར་རང་གི་ཕུགས་བསམ་མངོན་འགྱུར་བྱེད་བཞིན་པ་དང་། བྱ་སྤྱོད་དངོས་ཀྱི་ཐོག་ནས་ཏང་ལ་ལྷག་བསམ་རྣམ་དག་བྱེད་པའི་ཆབ་སྲིད་ཀྱི་གཤིས་རྒྱུད་མངོན་བཞིན་ཡོད། མིག་སྔར་ང་ཚོས་བོད་སྐྱོར་ལས་བྱེད་པའི་དད་གུས་དང་ཡིད་ཆེས་ཀྱི་བསམ་པ་ཇེ་བརྟན་དུ་གཏོང་དགོས་པ་སྟེ། དད་གུས་ཀྱི་རྨང་གཞི་བརྟན་པོ་འཛུགས་པ་དང་། ཡིད་ཆེས་ཀྱི་བླ་སྲོག་གཅིག་བསྡུས། བློ་རུས་རྒྱས་པ། བསམ་པའི་ཁ་ཕྱོགས་བརྟན་གཏོང་བཅས་བྱེད་དགོས། དེ་ནི་མཇུག་སྒྲིལ་རྒྱུ་མེད་པར་ནམ་ཡང་བྱེད་རྒྱུའི་དོན་ཞིག་ཡིན་སྟབས། རྒྱ་ཆེའི་བོད་སྐྱོར་ལས་བྱེད་པས་རང་ནུས་ཡོད་རྒུ་འདོན་པ་དང་། ཁ་ཞེ་གཉིས་མེད་ཀྱིས་རོགས་སྐྱོར་བྱས་ཚེ། མཐོན་པོར་བསྒྲེངས་པའི་དར་ཆའི་ཐོག་བོད་སྐྱོར་གྱི་ནུས་ཤུགས་ཆེན་པོ་ཐོན་ཐུབ་ལ། ཧུར་བརྩོན་ཆེན་པོས་དེང་རབས་ཅན་གྱི་བོད་ལྗོངས་འཛུགས་སྐྱོང་གི་ལག་ལེན་ཁྲོད་དུ་ཞུགས་པའི་སྟོབས་ཤུགས་ཆེན་པོ་ཞིག་འདུ་འཛོམས་ཐུབ་ངེས་ཡིན།

བདེ་སྐྱིད་གཡང་འཛོམས་ཀྱིས་བསྒྱུར།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1