ཀྲུང་ཧྭ་མི་རིགས་ཀྱི་ཡིག་གཟུགས་སྒྱུ་རྩལ་ལས་བོད་ཀྱི་ཡིག་གཟུགས་སྒྱུ་རྩལ་ལ་བཅངས་པའི་བརྩེ་སེམས། ——བོད་ཡིག་ཡིག་གཟུགས་མཁས་པ་རྣམ་རྒྱལ་དབང་གྲགས་ལགས་ལ་བཅར་འདྲི་ཞུས་པ།

རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 02-25


བཅར་འདྲི་བ། རྒན་ལགས་ཁྱེད་ཀྱི་བོད་ཡིག་ཡིག་གཟུགས་དེ་ཉིད་དུས་ཚོད་གང་ཙམ་ནས་སྦྱངས་གནང་བ་དང་དེར་ཆ་རྐྱེན་བཟང་པོ་གང་ཕྲད་བྱུང་ངམ།

        རྣམ་རྒྱལ་དབང་གྲགས། ཀྲུང་ཧྭ་མི་རིགས་ཀྱི་རིག་གནས་བང་མཛོད་ལས་ཡིག་གཟུགས་སྒྱུ་རྩལ་གྱི་ཡ་གྱལ་དུ་གྱུར་པའི་རང་རེ་བོད་ཀྱི་ཡིག་གཟུགས་སྒྱུ་རྩལ་དེ་ལ་མ་མཐར་ཡང་ལོ་ངོ་1300ལྷག་གི་ལོ་རྒྱུས་ཡུན་རིང་ལྡན་ཡོད། ང་རང་སློབ་དཔོན་ཐོན་མིའི་འཁྲུངས་ཡུལ་ཏེ་སྙེ་མོ་རྫོང་དུ་སྐྱེས་ནས་འཚར་ལོངས་བྱུང་བ་ཞིག་ཡིན།--ལོ་བདུན་ཙམ་ནས་ཕ་ཡུལ་གྱི་སློབ་ཆུང་དུ་སློབ་གཉེར་ལ་གཞོལ་སྐབས་དགེ་བའི་བཤེས་གཉེན་ནི་ཁོ་བོའི་ཞང་པོ་སྟེ་དུང་དཀར་བློ་བཟང་འཕྲིན་ལས་མཆོག་གི་དྲུང་ཡིག་ཆེ་མོ་བ་ལྷ་དར་ལགས་དང་དགེ་བའི་བཤེས་གཉེན་རྫོང་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་གི་སྙེ་བྲིས་རྒྱུན་འཛིན་པ་རྡོ་རྗེ་ཆོས་འཕེལ་ལགས་རྣམ་གཉིས་ཡིན། རྒན་ལགས་རྣམ་གཉིས་ཀྱི་བཀའ་དྲིན་འོག་ང་རང་ཡིག་གཟུགས་སྦྱངས་རྒྱུར་དགའ་སྣང་དང་སྤྲོ་སྣང་ཆེས་ཆེར་བསྐྱེད། སྔ་ཕྱིར་ཟློས་ཧྲལ་དང་ཚུགས་རིང་། ཚུགས་ཐུང་། ཚུགས་མ་འཁྱུག འཁྱུག་ཡིག འབྲུ་ཚ་བཅས་བགྲང་བྱ་དྲུག་ཙམ་སྦྱངས་མྱོང་། སློབ་ཆུང་ཐོན་ནས་ལྷ་ས་སློབ་འབྲིང་དུ་བསྐྱོད་རྗེས་རྒྱ་བོད་རིག་གནས་དང་དངོས་ཁམས་སོགས་སྦྱངས་བའི་སྐལ་པ་བཟང་པོ་ཐོབ་བྱུང་། སློབ་འབྲིང་ནང་བོད་རྒྱ་ཡིག་གཟུགས་ལ་སྔར་བཞིན་དོ་སྣང་དང་འབད་བརྩོན་བྱས་སྟབས་ཡིག་གཟུགས་ཀྱི་བརྩམ་བྱ་ཁག་ལ་དགེ་སློབ་ཕལ་མོ་ཆེའི་གདེང་འཇོག་དང་སྐུལ་ལྕག་ཐོབ་བྱུང་།

        1989ལོར་ང་རང་བོད་ལྗོངས་གསོ་རིག་སློབ་གྲྭར་ཚུད་ནས་སྨན་སྦྱོར་དང་། སྨན་པའི་ཆེད་ལས་སྦྱངས་ཞོར་དུ་ཡིག་གཟུགས་རྒྱུན་འཁྱོངས་སྦྱངས་ནས་གསོ་རིག་སློབ་གླིང་ནང་གཞུང་དོན་ཁང་སོགས་ཀྱི་སྒོ་བྱང་ཡང་བྲིས་པ་ཡིན། 1992ལོའི་ཟླ་བ་7པར་སློབ་གྲྭ་ཐོན་རྗེས་མངའ་རིས་རྩྭ་མདའ་རྫོང་སྨན་ཁང་དུ་ལས་བཀོད་བྱས་བྱུང་།--ང་རང་ལ་བོད་ཡིག་གི་རྨང་གཞི་དང་ཡིག་གཟུགས་ཀྱི་ཆ་རྐྱེན་བཟང་བས་རྫོང་ཆ་ཚང་སློབ་ཆུང་དུ་དགེ་རྒན་བྱེད་པར་བཏང་། དགེ་རྒན་བྱེད་པའི་བརྒྱུད་རིམ་ནང་སློབ་མའི་ཡིག་གཟུགས་ཐད་དོ་སྣང་དང་མཐོང་ཆེན་བྱས་པར་བརྟེན། སློབ་མས་ཀྱང་ཡིག་གཟུགས་སྒྱུ་རྩལ་ལ་སྦྱངས་འདོད་བྱེད་ཀྱི་འདུག མངའ་རིས་སུ་ལོ་བརྒྱད་ཙམ་ནང་ང་རང་གི་ཡིག་གཟུགས་ལ་སློབ་གྲྭའི་འགོ་ཁྲིད་དང་གོང་རིམ་ཚན་པ་ནས་གདེང་འཇོག་གང་ལེགས་ཐོབ་བྱུང་ལ་གང་སར་ཡིག་གཟུགས་འབྲི་བའི་གོ་སྐབས་ཀྱང་བསྩལ་བྱུང་།

        2000ལོར་ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་ཧའེ་ཁྲེང་སློབ་ཆུང་དུ་བོད་ཡིག་དགེ་རྒན་གྱི་ཁུར་པོ་ཕྲག་ཏུ་བླངས། བགྲང་བྱ་བཅུ་གཅིག་ཙམ་གྱི་ནང་རང་སྐྱོང་ལྗོངས་རིམ་པ་དང་། གྲོང་ཁྱེར་རིམ་པ། ཁྲེང་ཀོན་ཆུས་རིམ་པའི་རྐང་འཛིན་དགེ་རྒན་དང་ཕུལ་བྱུང་དགེ་རྒན་སོགས་ཀྱི་བྱ་དགའ་མང་དག་ཐོབ་བྱུང་།

        གཞན་ཡང་2007ལོ་ནས་2014ལོ་བར་བོད་ལྗོངས་བརྙན་འཕྲིན་ལས་ཁུངས་བོད་སྐད་འཕྲིན་ལམ་གྱི“སྒྲོན་མེ”ཡི་ལེ་ཚན་ནང་ཞེ་ཚིག་སློབ་ཚན་འཆད་ཁྲིད་བྱས་པ་ཡིན། ལས་ཀ་བྲེལ་ཚབས་ཇི་ལྟར་ཆེ་ཡང་བོད་ཀྱི་ཡིག་གཟུགས་སྒྱུ་རྩལ་ལ་སྔར་བཞིན་སྦྱངས་བརྩོན་བྱས་ཁར་བོད་རྒྱ་ཡིག་གཟུགས་ཀྱི་སྒྱུ་རྩལ་ཁྱད་ཆོས་དང་། མི་འདྲ་བའི་ཆ། ཡིག་གཟུགས་རིག་པའི་གཞུང་ལུགས་ལ་ཞིབ་འཇུག་ཀྱང་བྱེད་ཀྱི་ཡོད།

བཅར་འདྲི་བ། རྒན་ལག་ཁྱེད་ཀྱིས་བོད་ཡིག་ཡིག་གཟུགས་སྦྱོང་སྤྱོད་གནང་བའི་བརྒྱུད་རིམ་ནང་གྲུབ་འབྲས་གཙོ་བོ་གང་ཐོབ་བྱུང་ངམ།


        རྣམ་རྒྱལ་དབང་གྲགས། ངས་སློབ་ཞོར་དུ་ཡིག་གཟུགས་སྦྱངས་རྒྱུར་དེ་བས་དོ་སྣང་བྱས་ནས་2003ལོའི་ཟླ་བ་5པ་ནས་2005ལོའི་ཟླ་བ་5པ་བར་གྱི་ལོ་ངོ་གཉིས་ཙམ་ནང་བརྩོན་འགྲུས་བྱས་མཐར་རང་གི་ཕུལ་དུ་བྱུང་བའི་གྲུབ་འབྲས་དཔེ་ཚུགས་གསར་མའི་ཡིག་གཟུགས་བརྩམས་བྱ《ས་སྐྱ་ལེགས་བཤད》རིང་ཚད་སྤྱི་ཁྲེ་བརྒྱ་དང་ལྔ་བཅུ་ཡོད་པ་དེ་ལེགས་གྲུབ་བྱུང་ལ་བོད་ལྗོངས་སློབ་ཆེན་གྱི་མཁས་དབང་རྡོ་དགོན་གསང་བདག་རྡོ་རྗེ་མཆོག་དང་། མཁས་དབང་ཀརྨ་འཕྲིན་ལས་ལགས་སོགས་བོད་ཀྱི་མཁས་དབང་མང་པོ་དང་རིགས་གཅིག་མཁས་ཅན། དེ་བཞིན་སྤྱི་ཚོགས་ཐོག་གི་གདེང་འཇོག་ཆེན་པོ་ཐོབ་བྱུང་།

        ཏང་གི་སྲིད་ཇུས་བཟང་པོར་བརྟེན་ནས་རང་ཉིད་བོད་ཀྱི་ཡི་གེའི་གཟུགས་རིས་ལ་སྦྱངས་བརྩོན་བྱེད་རྒྱུ་བྱུང་གཤིས། ཡིག་གཟུགས་སྒྱུ་རྩལ་འདི་ལ་བརྟེན་ནས་ང་རང་མིག་སྔར་ཀྲུང་གོ་ཡིག་གཟུགས་མཁས་པའི་མཐུན་ཚོགས་ཀྱི་ཚོགས་མི་དང་རང་སྐྱོང་ལྗོངས་སྐབས་བཅུ་པ་དང་བཅུ་གཅིག་པའི་སྲིད་གྲོས་ཨུ་ཡོན་དང་། རང་སྐྱོང་ལྗོངས་གཞོན་སྐྱེས་ཡིག་གཟུགས་མཐུན་ཚོགས་ཀྱི་ཀྲུའུ་ཞི་གཞོན་པ། རང་སྐྱོང་ལྗོངས་ཡིག་གཟུགས་མཐུན་ཚོགས་ཀྱི་ཀྲུའུ་ཞི་གཞོན་པ། ལྷ་ས་གྲོང་ཁྱེར་སྲིད་གྲོས་སྐབས་བཅུ་པའི་སྲིད་གྲོས་ཨུ་ཡོན་དང་། གྲོང་ཁྱེར་སྲིད་གྲོས་སྐབས་བཅུ་གཅིག་པའི་རྒྱུན་ལས་ཨུ་ཡོན། ལྷ་ས་གྲོང་ཁྱེར་ཡིག་གཟུགས་མཐུན་ཚོགས་ཀྱི་ཀྲུའུ་ཞི་གཞོན་པ། ལྷ་ས་གྲོང་ཁྱེར་རྩོམ་རིག་མཐུན་ཚོགས་ཀྱི་དྲུང་ཡིག་ཆེ་མོ་བ། ལྷ་ས་གྲོང་ཁྱེར་རིག་རྩལ་ལྷན་ཚོགས་རྩོམ་སྒྲིག་པུའུ་ཡི་ཀྲུའུ་རེན། རང་སྐྱོང་ལྗོངས་སློབ་གསོ་ཐིང་གི་བོད་ཡིག་ཡིག་གཟུགས་གཟབ་སྦྱོང་ཚན་ཁག་གི་གདན་ཞུའི་དགེ་རྒན། བོད་ལྗོངས་བརྙན་འཕྲིན་ལས་ཁུངས་ཀྱི“སྒྲོན་མེའི”ལེ་ཚན་གྱི་གདན་ཞུའི་དགེ་རྒན། ཡིག་གཟུགས་སྒྱུ་རྩལ་གྱི་བརྩམས་བྱའི་ཐད་རྒྱལ་ཁབ་རིམ་པ་དང་ལྗོངས་ཕྱི་ནང་གི་གཟེངས་བསྟོད་ཐེངས་མང་ཐོབ་བྱུང་།

        2005ལོའི་ཟླ་10པའི་ནང་ལྷ་ས་གྲོང་ཨུད་དང་གྲོང་ཁྱེར་སྲིད་གཞུང་། གོང་རིམ་འབྲེལ་ཡོད་ཚན་པ་སོགས་ནས་སླར་ཡང་བོད་ཀྱི་ཡིག་གཟུགས་སྒྱུ་རྩལ་བྱ་གཞག་ལ་དེ་བས་མཐོང་ཆེན་གནང་བས་རིག་གནས་སྒྱུ་རྩལ་གྱི་ཁྲོམ་རྭའི་དཔལ་འབྱོར་དགོས་མཁོ་དང་བསྟུན་ནས་ཁོ་བོས་རིག་གནས་ཁྲོམ་རྭའི་དགོས་མཁོ་དང་མང་ཚོགས་ཀྱི་རིག་གནས་དགོས་མཁོར་རྟོག་ཞིབ་ཉམས་ལེན་བྱས་ཏེ་ལོ་མཇུག་ཏུ“བོད་ཀྱི་ལོ་གསར་ཤིས་ཚིག”གསར་གཏོད་ཐུབ་བྱུང་། ཉེ་བའི་ལོ་ཤས་ནང་བོད་ཀྱི་ཁྲོམ་རྭ་གང་སར“བོད་ཀྱི་ལོ་གསར་ཤིས་ཚིག”དེ་ཡང་དབུ་ཆེན་དང་། དབུ་མེད། འབྲུ་ཚ། དཔེ་ཚུགས། འཁྱུག་ཡིག་བཅས་ཀྱི་རྣམ་པའི་ཐོག་ནས་གསར་གཏོད་ཤིས་ཚིག་མི་ཉུང་བ་ཞིག་ཐོན་བཞིན་ཡོད་པ་མཐོང་སྐབས་སེམས་ནང་བརྗོད་ལས་འདས་པའི་སྤོབས་པ་ཞིག་འཆར་གྱི་འདུག

        2013ལོར་རང་སྐྱོང་ལྗོངས་སློབ་གསོ་ཐིང་དང་། བོད་རང་སྐྱོང་ལྗོངས་རིག་རྩལ་ལྷན་ཚོགས། ལྷ་ས་གྲོང་ཁྱེར་སློབ་གསོ་ཅུད། ལྷ་ས་གྲོང་ཁྱེར་རིག་རྩལ་ལྷན་ཚོགས། ཁྲེང་ཀོན་ཆུས་རིག་སློབ་ཅུད། ཧའེ་ཁྲེང་སློབ་ཆུང་སོགས་གོང་རིམ་ཚན་པའི་གཙིགས་ཆེན་ཐུགས་ཁུར་ལ་བརྟེན་ནས་བོད་རང་སྐྱོང་ལྗོངས་རྟེན་རྫས་བཤམས་མཛོད་ཁང་དུ་བོད་ཞི་བས་བཅིངས་འགྲོལ་བཏང་ནས་ལོ་ངོ་དྲུག་ཅུ་འཁོར་བའི་ལེགས་སྐྱེས་ཡིག་གཟུགས་བརྩམས་བྱ་ཆེད་འགྲེམས་ཨང་དང་པོ་དེ་ལེགས་གྲུབ་བྱུང་།

        རང་སྐྱོང་ལྗོངས་དྲིལ་བསྒྲགས་པུའུ་དང་། ལྷ་ས་གྲོང་ཨུད། གྲོང་ཁྱེར་སྲིད་གཞུང་སོགས་ཀྱི་རང་ཉིད་ལ་བོད་ཀྱི་ཡིག་གཟུགས་སྒྱུ་རྩལ“མི་ཉམས་གོང་འཕེལ་དང་། ཉམས་པ་སོར་ཆུད”ཡོང་བའི་ཤུགས་ཆེའི་སྐུལ་ལྕག་གནང་བ་མ་ཟད། 2014ལོའི་ཟླ་བ་9ནང་“ཀྲུང་གོའི་བོད་ལྗོངས་ཀྱི་ཆེས་ཐོག་མའི་རིག་གནས་ཐོན་རྫས་འགྲེམས་འཚོང་ཆེ་མོ”ལྷ་སར་འགོ་ཚུགས་པ་ནས་བཟུང་ལོ་ལྟར་གྱི“བོད་ཀྱི་རིག་གནས་ཐོན་རྫས་འགྲེམས་ཚོང་ཆེ་མོར”བཞུགས་པའི་གོ་སྐབས་སྤྲད་བྱུང་།

        དེ་བས་2015ལོའི་ཟླ་བ་4པའི་ནང་པེ་ཅིང་གྲོང་ཨུད་དང་། གྲོང་ཁྱེར་སྲིད་གཞུང་། པེ་ཅིང་གྲོང་ཁྱེར་རིག་རྩལ་ལྷན་ཚོགས། ལྷ་ས་གྲོང་ཨུད་དང་། གྲོང་ཁྱེར་སྲིད་གཞུང་། གྲོང་ཁྱེར་དྲིལ་བསྒྲགས་པུའུ། གྲོང་ཁྱེར་རིག་རྩལ་ལྷན་ཚོགས་བཅས་ཀྱི་རྒྱབ་སྐྱོར་འོག་ཀྲུང་གོའི་ཐའེ་དབན་ཞིང་ཆེན་དུ“ཀྲུང་ཧྭ་མི་རིགས་ཀྱི་རིག་གནས་སྒྱུ་རྩལ་ཉམས་མྱོང་སྤེལ་རེས”ཀྱི་ཉིན་བཅོ་ལྔའི་ཐོབ་དཀའ་བའི་རྒྱ་བོད་རིག་གནས་ཉམས་མྱོང་སྤེལ་རེས་ཀྱི་གོ་སྐབས་བཟང་པོ་གནང་བྱུང་།

བཅར་འདྲི་བ།--ཁྱེད་ཀྱིས་བོད་ཡིག་ཡིག་གཟུགས་སྦྱོང་བའི་ རིག་གཞུང་ཐོག་ལ་ཤེས་རྟོགས་དང་མྱོང་ཚོར་ཟབ་ཤོས་གང་བྱུང་ངམ།

        རྣམ་རྒྱལ་དབང་གྲགས། ཆུང་བྱིས་པའི་དུས་ནས་ད་ལྟའི་བར་བགྲང་བྱ་ཉི་ཤུ་ལྷག་ཙམ་ནང་བོད་ཀྱི་ཡིག་གཟུགས་སྒྱུ་རྩལ་ལ་ཞིབ་འཇུག་བྱེད་རིང་ངའི་མྱོང་ཚོར་ཟབ་ཤོས་ནི སློབ་དཔོན་ཐོན་མི་མཆོག་གི“སྦལ་ནག་བགྲད་འདྲའི”གཟུགས་དེ་གཙོ་བོར་འཛིན་པའི་རྨང་གཞིའི་ཐོག་དུས་རབས་ཀྱི་འཕོ་འགྱུར་དང་བསྟུན་ནས་བོད་ཡིག་ཡིག་གཟུགས་ལ་འཕེལ་འགྱུར་བྱུང་འདུག ལྷག་དོན་ཁྱུང་པོ་གཡུ་ཁྲི་མཆོག་གིས“ཤ་གཟུགས་དང་རུས་གཟུགས”གཉིས་སུ་དབྱེ་བ་ཕྱེ་གནང་འདུག་ལ་དབུ་ཅན་དང་བོད་ཡིག་ཡིག་གཟུགས་ཀྱི་ཐིག་ཚད་དེ་ཡང་སྐབས་དེ་ནས་དར་འདུག་སྙམ།

        དེ་ཡང་དཔང་ལོ་ཙཱ་བའི་བྲིས་རྒྱུན་དབུས་བྲིས་དང་བླ་བྲང་བཀྲ་ཤིས་འཁྱིལ་གྱི་ཤར་བྲིས་བྲིས་རྒྱུན་ལ“ཤ་གཟུགས་མ”ཞེས་གསུངས་སྲོལ་འདུག དེ་མིན་ཁམས་ཕྱོགས་སུ་དར་བའི་ལྡེབ་བྲིས་དང་། ཀརྨ་སྒར་བྲིས་གཉིས་ལ“རུས་བྲིས”ཞེས་གསུངས་སྲོལ་འདུག (དེང་གི་དབུ་ཅན་སྣ་ཚོགས་ཡོད་དེ་གཞུང་བྲིས་ལས། ཁྱུང་པོ་གཡུ་བྲིས་དང་སྙེ་བྲིས། ཨེ་བྲིས། ཁམས་བྲིས)དབུ་ཅན་ལའང་ལི་ལུགས་དང་། ལྡན་ལུགས་གཉིས་ཡོད་པའི་ནང་ནས་ལི་ལུགས་ནི་སྤྱིར་ཉམས་ཟིན་ནས་ལོ་ངོ་བརྒྱ་ཕྲག་སོང་ཞིང་ལྡན་ལུགས་ནི་རྒྱལ་པོ་ཁྲི་སྲོང་ལྡེའུ་བཙན་སྐབས་ཀྱི་ལོ་ཙཱ་བ་ལྡན་མ་རྩེ་མངས་ཀྱི་ཕྱག་རྒྱུན་ཡིན་ལ་དེ་ནི་དེང་དུས་ང་ཚོས་སྤྱོད་བཞིན་པའི་དབུ་ཅན་འདི་ཡིན། ཡིག་གཟུགས་སྣ་ཚོགས་ཡོད་རུང་ཁྱུང་པོ་གཡུ་ཁྲི་མཆོག་གིས་ཐིག་རིས་གཅིག་ཏུ་གཏན་འཁེལ་མཛད་པས་སྤྱིའི་ཆ་ནས་སྙེ་བྲིས་དང་། ཨེ་བྲིས། ཁྱུང་པོ་གཡུ་བྲིས། ཁམས་བྲིས་སོགས་འབྲི་གཟུགས་འདྲ་བའི་ཆ་རུ་སྣང་། དབུ་མེད་ཡིག་གཟུགས་ལའང་མཁས་དབང་དགེ་འདུན་ཆོས་འཕེལ་ལ་སོགས་བོད་ཀྱི་མཁས་པ་མང་པོའི་གསུང་སྒྲོས་ལྟར་ན་“དབུ་ཅན་མགྱོགས་པར་བྲིས་པའི་གཟུགས་ལས་དབུ་མེད་བྱུང་བ་བཞིན”དབུ་མེད་ཀྱི་གཟུགས་ལ་ཡང་ད་བར་འགྱུར་བ་ཆེན་པོ་བྱུང་ནས་ཚུགས་ཆེན་དང་། ཚུགས་རིང་། ཚུགས་ཐུང་། ཚུགས་ཆུང་བཅས་སྤྱིའི་ཆ་ནས་ནང་གསེས་ཆེ་བ་བཞི་རུ་དབྱེ། འཁྱུག་ཡིག་གི་ཡིག་གཟུགས་ཐད་ལའང་དབུ་མེད་མགྱོགས་བྲིས་ལ་བརྟེན་ནས། འཁྱུག་ཡིག་གསུངས་པ་ལྟར། ཚུགས་མ་འཁྱུག་དང་འཁྱུག་ཡིག འཁྱུག་ཆེན་ནམ་འདྲེན་ཡིག་བཅས་ཡོད་ལ་སྙེ་མོ་ཐོན་གྱི“ཐོག་ལྕགས་སྒྲོག་མ”ཞུ་བའི་དམིགས་བསལ་གྱི་འཁྱུག་ཡིག་གཅིག་ཀྱང་བྱུང་མྱོང་འདུག་སྟེ་དེང་གི་དུས་སྤྱིར་ནུབ་པར་གྲགས། འབྲུ་ཚ་ལའང་། འབྲུ་ཚ་ཞབས་རིང་། འབྲུ་ཚ་ཞབས་ཐུང་། འབྲུ་ཚ་སྒོང་ཞབས། འབྲུ་ཚ་ཚུགས་རིང་སོགས་མང་བར་བྱུང་འདུག དཔེ་ཚུགས་ལའང་། སེག་ཆེན་དང་། སེག་ཆུང་། སེག་ཡོད་དང་སེག་མེད་འབྲུ་ཚུགས། ཚུགས་ཐུང་། དབུ་མེད་གཟབ་མ། དཔེ་ཚུགས་འཁྱུག་བྲིས་བཅས་སྣེ་གྲངས་བརྒྱད་ཙམ་ཡོད་ལ་རང་ཉིད་ཀྱིས་ད་བར་ཡིག་གཟུགས་སྦྱོང་བའི་བརྒྱུད་རིམ་ལས་དཔེ་ཚུགས་ཡིག་གཟུགས་ལ་ཉམས་ཞིབ་དང་སྦྱོང་བྲིས་ཞིབ་འཇུག་བྱ་རྒྱུ་དེ་ཐུན་མོང་མ་ཡིན་པ་ཞིག་ཏུ་བརྩི་ཡི་ཡོད་ལ་ད་ལྟའི་བར་རང་ངོས་ནས་གཞུང་བྲིས་དཔེ་ཚུགས་གཙོ་བོར་འཛིན་པའི་རྨང་གཞིའི་ཐོག་རྒྱུད་འཛིན་ཁྲོད་ནས་འཕེལ་རྒྱས་དང་། འཕེལ་རྒྱས་ཁྲོད་ནས་གསར་གཏོད་བྱས་ནས“དཔེ་ཚུགས་གསར་མ”ཞིག་གཏོད་ཡོད་པས་དེས་བོད་ཀྱི་ཡིག་གཟུགས་སྒྱུ་རྩལ་རྣམ་གྲངས་ཀྱི་སྟོང་ཆ་གསར་པ་ཞིག་ཁ་སྐོང་བྱས་ཡོད་ལ་ད་བར་སློབ་མ་ཡང་མང་དག་ཞིག་གསོ་སྐྱོང་བྱས་ཡོད།

བཅར་འདྲི་བ།--རྒན་ལགས་ཁྱེད་ལ་སླད་ཕྱིན་གྱི་བསམ་ཕྱོགས་གང་འདྲ་ཞིག་ཡོད་དམ།

        རྣམ་རྒྱལ་དབང་གྲགས། “ཐོག་མའི་བསམ་འདུན་མ་བརྗེད་པར། འགན་འཁྲི་ཡིད་ལ་བརྟན་པོར་བཅངས”ནས་ལྗོངས་རིམ་པའི་སྲིད་གྲོས་རིག་གནས་སྒྱུ་རྩལ་ཨུ་ཡོན་དང་གྲོང་ཁྱེར་རིམ་པའི་རྒྱུན་ལས་སྲིད་གྲོས་ཨུ་ཡོན་གྱི་མིག་དཔེའི་ནུས་པ་བཏོན་གང་ཐུབ་བྱས་ཏེ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་བཀའ་སློབ་ཀྱི་དགོངས་དོན་ལྟར“སྒྱུ་རྩལ་མཁན་གྱིས་རིག་གནས་སྒྱུ་རྩལ་དེ་དུས་རབས་ཀྱི་འཕོ་འགྱུར་མཚོན་པའི་དུང་སྒྲ་དང་། དུས་རབས་ཀྱི་འཕོ་འགྱུར་མཚོན་པའི་རྣམ་པ། དུས་རབས་ཀྱི་འཕོ་འགྱུར་མཚོན་པའི་ཕོ་ཉ”ཞིག་ཏུ་ངོས་འཛིན་ནས་ལངས་ཕྱོགས་བརྟན་པོས་བརྩམས་བྱ་ཕུལ་བྱུང་ཞིག་གཏོད་རྒྱུར་འབད་ནས་མི་རིགས་ཀྱི་སྒྱུ་རྩལ་རིག་གནས་ལ་བྱང་ཆུབ་པ་བྱས་ནས་མི་དམངས་ལ་ཞབས་འདེགས་ཞུ་བའི་ནུས་པ་ཆེ་རུ་གཏོང་བ་དང་། རང་རེའི་ཀྲུང་ཧྭ་ཡི་སྙིང་སྟོབས་མཚོན་ཐུབ་པ། ཀྲུང་གོའི་སྟོབས་ཤུགས་གཅིག་སྒྲིལ་མཚོན་ཐུབ་པ། རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་རྣམས་ཀྱི་མ་འོངས་ཕུགས་འདུན་བཟང་པོ་མཚོན་ཐུབ་པའི་དམངས་སེམས་ཁོངས་ཀྱི་སྒྱུ་རྩལ་པ་ཕུལ་བྱུང་ཞིག་བྱེད་རྒྱུར་འབད་བརྩོན་བྱས་དང་བྱེད་བཞིན་ཡོད་ལ། ད་དུང་མ་འོངས་མི་རིགས་རིག་གནས་ཀྱི་རྗེས་ཤུལ་འཛིན་མཁན་ལ་གསར་བུ་མང་དག་ཞིག་ཀྱང་གསོ་སྐྱོང་བྱས་ཏེ་ཁོང་རྣམས་ཀྱང་བོད་ཀྱི་ཡིག་གཟུགས་སྒྱུ་རྩལ་པ་རྩེར་སོན་ཞིག་ཆགས་རྒྱུར་རང་ཉིད་ཀྱིས་ཡོད་ཚད་ལེགས་སྐྱེས་འབུལ་རྒྱུ་ཡིན།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1